བོད་དང་ཡ་ཧུ་དཱའི་མི་ཆོས་ཁྲིམས་ལུགས་

ཡོང་ཁུངས་Wikipedia

ཡ་ཧུ་དཱ་པ་ཚོས་མིག་ལྟར་སྲུང་ཞིང་ཆེས་གལ་ཆེ་བའི༼མོ་སིའི་སྡོམ་ཁྲིམས་བཅུ༽དང་བོད་བཙན་པོའི་དུས་ཀྱི་མི་ཆོས་གཙང་མ་བཅུ་དྲུག

གཅིག༽ ཡ་ཧུ་དཱའི་སྲུང་བྱའི་སྡོམ་ཁྲིམས་བཅུ། ༡ འཇིག་རྟེན་བྱེད་པོ་ནི་ཡེ་ཧུ་ཧྭ་གཅིག་པུ་ཁོ་ན་སྟེ་དེ་ལས་གཞན་དུ་འཇིག་རྟེན་བྱེད་པོ་ཞིག་མེད་པ། ༢ འཇིག་རྟེན་བྱེད་པོ་ཡེ་ཧུ་ཧྭ་མ་གཏོགས་ལྷ་གཞན་གཅིག་ལའང་དད་གུས་མི་ཆོག་པ། ༣ འཇིག་རྟེན་བྱེད་པོ་ཡེ་ཧུ་ཧྭའི་མཚན་གང་འདོད་དུ་འབོད་མི་ཆོག་པ། ༤ གཟའ་འཁོར་རེ་རེའི་ངལ་གསོའི་ཉིན་མོ་མ་གཏོགས་ལས་ཀར་ཧུར་བརྩོན་བྱེད་དགོས། ༥ རང་གི་ཕ་མར་སྲི་ཞུ་རྣམ་དག་བསྒྲུབ་དགོས། ༦ མི་སུ་དང་གང་གི་སྲོག་གཅོད་མི་རུང་། ༧ ནམ་ཡང་ལོག་གཡེམ་བྱེད་མི་རུང་བ། ༨ གཞན་ནོར་རྐུ་འཕྲོག་བྱ་མི་རུང་བ། ༩ དཔང་རྟགས་རྫུན་མ་བཟོས་ནས་མི་གཞན་ལ་མ་ཉེས་ཁ་གཡོགས་བྱ་མི་རུང་བ། ༡༠ གཞན་རྒྱུ་ལ་འདོད་ཧམ་སྐྱེ་མི་རུང་བ་བཅས་ཡིན།

འདི་དག་ནི་ཡ་ཧུ་དཱའི་མི་ཆོས་ཀྱི་ཚད་གཞི་འཛིན་ས་ལྷ་བུ་དང་ཀུན་སྤྱོད་ཀྱི་མེ་ལོང་གཅིག་པུ་དེ་ཡིན་པར་མ་ཟད་བློ་གྲོས་ཀྱི་སྒོ་མོ་དང་རིག་གནས་ཀྱི་བང་མཛོད་ཅིག་ཏུ་ངོས་འཛིན་གནང་གིན་ཡོད།

གཉིས༽ བོད་རྒྱལ་སྲོང་བཙན་སྒམ་པོས་གཏན་འབེབས་མཛད་པའི་ཁྲིམས་སྲོལ་དོན་ཚན་བཅུ་དྲུག་གམ་མི་ཆོས་གཙང་མ་བཅུ་དྲུག་ནི། ༡ ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ། ༢ དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ། ༣ ཕ་མ་ལ་དྲིན་ལན་འཇལ་བ། ༤ ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ། ༥ རིགས་མཐོ་བ་དང་རྒན་རབས་ལ་བཀུར་སྟི་ཆེ་བ། ༦ ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་པ། ༧ བཀའ་དྲང་ཞིང་སེམས་ཆུང་བ། ༨ ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ། ༩ ཡ་རབས་ཀྱི་རྗེས་བསྙེག་ཅིང་ཕྱི་ཐག་རིང་བ། ༡༠ ཟས་ནོར་ལ་ཚོད་འཛིན་པ། ༡༡ སྔར་དྲིན་ཅན་གྱི་མི་རྩད་གཅད་པ། ༡༢ བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་སྒྱུ་མེད་པ། ༡༣ ཀུན་ལ་ཕྲག་དོག་ཆུང་བ། ༡༤ ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། ༡༥ ངག་འཇམ་ཞིང་སྨྲ་བ་ཉུང་བ། ༡༦ ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་བཅས་སོ། ། འདི་དག་ནི་བོད་བཙན་པོའི་དུས་སུ་རྒྱལ་འབངས་ཀྱི་ཚད་གཞི་འཛིན་བྱེད་དང་བོད་མི་སྤྱིའི་ཀུན་སྤྱོད་ཀྱི་ལམ་སྟོན་ཁོ་ནར་ངོས་འཛིན་གྱིན་ཡོད།