བོད་གཞུང་ཟློས་གར་ཚོགས་པའི་ལོ་རྒྱུས་དོན་བསྡུས་དང་མཇུག་རྩོམ།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད་དབང་རྒྱལ།

དེ་ལྟར་རྒྱས་པའི་ལུགས་སུ་བྱས་པའི་བཙན་བྱོལ་བོད་ཀྱི་ཤེས་རིག་ཟློས་གར་ཚོགས་པ་ཇི་ལྟར་བྱུང་བའི་རིམ་པ་བརྗོད་ནས། ད་ནི་གོང་དུ་བརྗོད་པའི་གཏམ་གྱི་སྦྱོར་བ་དག་གི་སྙིང་པོ་མདོར་བསྡུས་ནས་བརྗོད་པར་བྱ་སྟེ། དེ་ཡང་བཙན་བྱོལ་བོད་གཞུང་ཤེས་རིག་ཟློས་གར་ཚོགས་པ་འདི་ནི། ས་ཕག་དུས་འགྱུར་བྱུང་སྟེ་ཟླ་ཤས་ལས་མ་སོང་བར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་ཆོས་རིག་གོམས་སྲོལ་དང་ཡུལ་གོམ་གཤིས་ལུགས། འབྱུང་འགྱུར་བསྟན་སྲིད་གཉིས་སྨོན་གྱི་ཆ་ལག་གལ་ཆེ་ཞིག་ཏུ་ངེས་འཛིན་གྱིས་སྐབས་དེའི་རང་གཞུང་བཀའ་ཤག་ལ་བཀའ་ལུང་ཇི་ལྟར་ཕེབས་པ་གཞིར་བཟུང་གིས་བཀའ་ཤག་སྐབས་དང་པོ་ལྷན་རྒྱས་ཀྱིས། བཀའ་ཤོད་བར་མཚོ་རྡོ་རྗེ་དོན་གྲུབ་དང༌། རྩེ་དྲུང་སྐལ་བཟང་ཀུན་དགའ། ཤོད་དྲུང་སྤྱི་ལྕགས་རྡོ་རྗེ། ཕྱག་ནང་རྡོ་རྗེ་རིག་འཛིན། ཕྱག་ནང་ལྷ་དབང་ཚེ་རིང་དགེ་སློང་བློ་བཟང་བསྟན་འཛིན། བཅས་མི་ལྔར་བཀའ་བསྒྱུར་ཕེབས་དོན་བཞིན། ཐོག་མར་ཀ་སྦུག་ཁུལ་དུ་གསང་བའི་སྒོ་ནས་ཟློས་གར་སྒྲིག་འཛུགས་ཚུགས་ཐབས་ཀྱི་འབད་འབུངས་མུ་མཐུད་བྱས་ཏེ། སྤྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་ཟློས་གར་ཚོགས་པ་འདི་བཞིན་གསར་འཛུགས་ཐུབ་པ་བྱུང༌། འདི་ནི་བཙན་བྱོལ་མི་ཡུལ་ལུང་པར་རང་རེའི་བོད་ཀྱི་ཆོས་དང་རིག་པའི་གཞུང་གི་རྣམ་གྲངས་བཅུའི་ནང་ནས་གཅིག་གི་མ་ལག་གསར་སྐྲུན་བྱས་པའི་ལོ་རྒྱུས་ཀྱི་ས་ཚུགས་དང་མཛད་རྗེས་ཀྱི་དབུ་ཁྱུད་ཐོག་མར་འབྲི་ས་དེ་ཡིན། སྒྲིག་འཛུགས་འདི་ཉིད་ཐོག་མར་གསར་འཛུགས་སྐབས་ཚོགས་མི་ ༢༦ བསྡུ་སྐོར་གནང་ཞིང༌། སྐབས་དེའི་རང་རེའི་སྤྱི་ཚོགས་ནང་ཟློས་གར་འཁྲབ་སྟོན་པ་ནི་སྤྱི་ཚོགས་ཁྲོད་ཀྱི་གནས་བབ་དང་གྲལ་རིམ་དམའ་ཤས་ལྟ་བུར་ངོས་འཛིན་གྱི་བག་ཆགས་བརྟན་པོ་ལྡན་པས། ཐོག་མའི་ཚོགས་མིར་བསྡུ་སྐོང་སྐབས་དཀའ་ངལ་ཅི་ཆེར་འཕྲད་ཀྱང༌། ཆེད་འཛུགས་མི་སྣ་དེ་དག་གི་ཐབས་བརྒྱ་ཇུས་སྟོང་གིས་འབད་པ་ལྷུར་ལེན་བྱས་པའི་མཇུག་འབྲས་སུ། གོང་གསལ་ཚོགས་མི་དེ་དག་བསྡུ་རུག་ཐུབ་པར་མ་ཟད། བསྡུ་རུག་བྱས་པའི་ཚོགས་མི་དེ་དག་ཀྱང་ཕལ་ཆེ་བ་སྡེ་དཔོན་མི་དྲག་གི་སྲས་སྲིང་དང༌། རིགས་རུས་ཆོ་འབྲངས་ལྡན་པའི་མི་སྣ་ཡིན་པས། སྐབས་དེའི་མང་ཚོགས་ཀྱི་བསམ་བློའི་ནང་སྲོལ་རྒྱུན་གྱི་བག་ཆགས་རྙིང་པའི་གད་སྙིགས་དེ་དག་ཀྱང་རང་གཞིན་གྱིས་གཙང་ཕྱགས་ཐུབ་པ་བྱུང༌། སྒྲིག་འཛུགས་འདི་གསར་དུ་བཙུགས་ནས་ཆེས་ཐོག་མའི་འཁྲབ་སྟོན་ནི། དགའ་གཞས་སྐྱ་རེངས་དང་པོ། བསྟོད་པའི་གླུ་དབྱངས། བཟོ་ཞིང་འབྲོག་གསུམ་གྱི་ངལ་རྩོལ་གཞས་སྣ། ཆོལ་གསུམ་ཆིག་སྒྲིལ་གྱི་མཉམ་གཞས་སོགས་གླུ་གཞས་ལེའུ་ ༢༢ གསར་རྩོམ་བྱས་པ་ཁག་ཡིན་ལ༌། འཁྲབ་སྟོན་གནང་ས་ནི། ཀ་ལོན་སྦུག་ཀྲ་འོན་ཧོལ་དུ་ཡིན། འཁྲབ་སྟོན་བྱས་པའི་དུས་ཚིགས་ནི། ྋགོང་ས་མཆོག་གི་སྐུའི་སྲོག་གཟའ་ས་ཕག་སྤྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་ཡིན། སྐབས་དེར་གཟིགས་མོ་ལ་ཕེབས་མཁན་གྱི་གྲངས་ཚད་ཡིག་ཐོག་ལ་མི་འདུག་ཀྱང༌། འཁྲབ་སྟོན་ཀྲི་ཀ་སི་ཡོང་འབབ་ཧིན་སྒོར་ ༡༧༡༠་༣༧ བྱུང་ཚུལ་འཁོད་པར་ཚོད་དཔག་བྱས་ན་གཟིགས་མོ་བ་སྟོང་ཕྲག་དུ་མ་ཚོགས་འཛོམས་ཐུབ་བྱུང་ཡོད་སྙམ། གཟིགས་མོ་བ་རྒྱ་ཆེ་མང་ཚོགས་ཀྱི་རྒྱབ་སྐྱོར་དང་དགའ་བསུ་ཤུགས་ཆེར་ཐོབ་པས། གསོན་ཤུགས་འཕར་བའི་དབུ་ཁྱུད་ལ་འབྱུང་འགྱུར་འཆར་འགོད་ཐད། ལྷག་བཅས་ཚིག་སྦྱོར་མུ་འགོད་ཀྱིས་ཀ་སྦུག་ས་ཁུལ་རང་དུ་གནས་སྐབས་ཟློས་གར་ཚོགས་པའི་བརྟེན་གཞི་བྱས། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང༌། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་སོགས་མཁས་གྲུབ་གཉིས་ལྡན་ཀྱི་སྐྱེས་ཆེན་དུ་མའི་ཞལ་གདམས་དང་བཀའ་སློབ་ཐོག གཞས་ཚིག་དང་གཏམ་བརྗོད་འཁྲབ་གཞུང་གི་ལྗགས་རྩོམ་ཡང་རིམ་པར་གནང་བ་རྣམས་འཁྲབ་ཚན་གྱི་སྲོག་རྩར་བྱས་ནས། འཁྲབ་སྟོན་ཐེངས་གཉིས་པ་དེ་སྐབས་དེའི་བཞུགས་སྒར་ས་ཁུལ་མ་སུ་རིར་ྋགོང་ས་སྐྱབས་མགོན་ཆེན་པོའི་སྤྱན་སྔར་གཟིགས་འབུལ་ཞུས་འདུག འཁྲབ་སྟོན་ནི་ཆོས་རྒྱལ་ཁྲི་སྲོང་དང་ཁྲི་རལ་པ་ཅན་གྱི་རྣམ་ཐར། ཡུལ་ལུང་ཁག་གི་གཞས་དང་ཞབས་བྲོ་བཅས་ཡིན། སྐབས་དེར་ྋགོང་ས་མཆོག་གི་ཐུགས་དགྱེས་པ་ཆེན་པོས་ཟློས་གར་གལ་ཆེན་ཡིན་པ་དང༌། མུ་མཐུད་རྒྱུ་མ་ཟད། རིང་མིན་བཞུགས་སྒར་རྡ་སར་སྤོ་དགོས་ཀྱི་བཀའ་སློབ་གནང༌། སྤྱི་ལོ་ ༡༩༦༠ ཟླ་ ༤ ཚེས་ ༡༡ ནས་ཉིན་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨེ་ཤི་ཡི་རྒྱལ་ཁབ་བཅུ་དགུ་ཚོགས་པའི་མདུན་སར་འཁྲབ་སྟོན་གྱི་གོ་སྐབས་ཐོབ། འདི་ནི་ལོ་རྒྱུས་ཐོག་བཙན་བྱོལ་བོད་ཀྱི་ཟློས་གར་ཚོགས་པས་ཤར་གླིང་རྒྱལ་ཁབ་མང་པོ་མཉམ་འཛོམས་བྱས་པའི་སྟེང་དུ་སྤེལ་བའི་འཁྲབ་སྟོན་ཐེངས་དང་པོ་དེ་ཡིན་ལ། ཕྱི་རྒྱལ་ཁག་ཏུ་བོད་ཀྱི་ཟློས་གར་རིག་པའི་སྒྱུ་རྩལ་གྱི་མཚན་སྙན་འབར་ས་ཐེངས་དང་པོ་དེ་ཡང་ཡིན། འཁྲབ་སྟོན་དེའི་ཐོག་གོ་སྒྲིག་ཨང་གསར་བྱས་པའི་འཁྲབ་ཚན་ ༢༢ སྤེལ་ཞིང༌། འཁྲབ་ཚན་དེ་དག་གི་ལེའུ་རེ་རེ་བཞིན་ལོ་རྒྱུས་ཀྱི་སྲོག་རྩ་བརྟན་ཅིང༌། མི་རིགས་ཀྱི་ཁྱད་ཆོས་ལྡན་པ། ཚོར་བའི་དམིགས་རྐྱེན་རྣོ་ལ་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པས། སྐབས་དེར་ཤར་གླིང་རྒྱལ་ཁབ་དུ་མ་ནས་ཡོང་པའི་འཁྲབ་སྟོན་པ་ཡོངས་ཀྱི་ཁྲོད་ནས་འབུར་དུ་ཐོན་པ་བྱུང་འདུག སྤྱི་ལོ་ ༡༩༦༡ ཟླ་ ༤ པའི་ནང་ྋགོང་ས་མཆོག་གི་དགོངས་གཞི་དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་བསྒྱུར་བཞིན། ཟློས་གར་ཚོགས་པ་ཀ་སྦུག་ནས་བཞུགས་སྒར་རྡ་སར་སྤོས་ནས་ད་ལྟའི་རྟེན་གཞིར་བྱེད་སའི་ཀོ་ནན་དུ་གཏན་གཞི་ཆགས། ྋགོང་ས་མཆོག་གིས་ཤེས་རིག་ཟློས་གར་ཚོགས་པ་ཞེས་པའི་མིང་གནང༌། དེ་ནས་བཟུང་ད་ལྟའི་བར་གསུམ་བཅུའི་དུས་དྲན་དང༌། སྐུའི་འཁྲུངས་སྐར་སོགས་རྒྱུན་ལྡན་གྱི་མཛད་སྒོ་ཁག་དང༌། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་དགོན་སྡེ་ཁག རྒྱ་གར་ཡུལ་མི་དང་གྲོང་སྡེ་སོགས་གང་སར་རྒྱ་མཚོའི་རྦ་རླབས་དང་དུས་ཐོག་ཆར་པའི་དཔེ་ལྟར། རྣ་བར་སྙན་ཞིང་ཡིད་ལ་འཇེབས་པ་དང༌། སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པའི་གཞས་དང་ཞབས་བྲོ། གཏམ་བརྗོད་དང་རྣམ་ཐར་གྱིས་མཚོན་པའི་འཁྲབ་སྟོན་སྐབས་དང་དུས་ལ་འཚམས་པའི་རྣམ་གྲངས་མང་པོས་བསྟན་སྲིད་ལ་ཞབས་འདེབས་དང་མང་ཚོགས་ཀྱི་བསམ་བློར་དྲན་གསོ་ཐེབས་པའི་ཞབས་ཞུ་ཞུས་པ་ཉུང་ཉུང་མིན། ད་དུང་ཤེས་རིག་ཟློས་གར་ཚོགས་པ་གསར་འཛུགས་བྱས་པའི་རྒྱུད་རིམ་ཁྲོད། གནའ་བོའི་བོད་ཀྱི་འཁྲབ་སྲོལ་ལས་ཁྱད་དུ་ཞུགས་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ནི། ཡུལ་དུས་གནས་སྐབས་དང་སྤྱི་ཚོགས་ཁོར་ཡུག་གི་གནས་བབ་འགྱུར་འགྲོས་དང་བསྟུན་ནས། མང་ཚོགས་ཀྱི་བསམ་བློ་དང་ཆོས་རིག་གི་རིན་ཐང༌། བོད་རིགས་ཀྱི་རྩ་དོན། དགྲ་བོའི་གནར་གཅོད། བོད་པའི་ལས་དབང་བཅས་མཚོན་པའི་བཟོ་ཞིང་འབྲོག་གསུམ་དང༌། དགྲ་བོའི་གནར་གཅོད་འོག་གི་བོད་པའི་དཀའ་སྡུག་མཚོན་པའི་འཁྲབ་གཞུང་དུ་མ་གསར་གཏོད་མཛད་དེ། འཁྲབ་ཚན་དེ་དག་གང་སར་འཁྲབ་སྟོན་གྱིས་ཁྱབ་བསྒྲགས་བྱས་པས་བོད་རིགས་སྤྱི་དང༌། རྒྱ་གར་ཡུལ་མི། ཕྱི་རྒྱལ་བ་སོགས་ལ་སེམས་འགུལ་ཤུགས་ཆེར་ཐེབས་པའི་བག་ཆགས་གཏིང་ཟབ་བཞག་འདུག སྤྱི་ལོ་ ༡༩༦༥ ཡན་མན་ནས་བཙན་བྱོལ་བོད་གཞུང་ཉིན་སློབ་དང་གཏན་སློབ་ཁག་ཏུ་བོད་ཀྱི་གླུ་གཞས་ཞབས་བྲོའི་སྲོལ་རྒྱུན་སྤེལ་སླད། ཟློས་གར་ཚོགས་པས་ཟློས་དགེ་གཏོང་སྲོལ་གསར་གཏོད་མཛད་པ་ནས་ཟློས་གར་འགན་འཛིན་དང༌། སློབ་གྲྭའི་ལས་ཁུངས་ཁག ཤེས་རིག་ལས་ཁུངས་བཅས་ནས་སྐབས་དང་བསྟུན་ནས་ལེགས་བཅོས་དང་ཡར་རྒྱས་ཀྱི་འཕེལ་རིམ་ལས། ད་ལྟར་མཐོང་ཆོས་སུ་ཡོད་པའི་གཏན་སློབ་ཁག་གི་ཟློས་གར་ཁྲབ་སྟོན་ཡིད་དུ་འོངས་པ་འདི་དག་ཡིན་ལ། གཏན་སློབ་ཁག་ནས་སློབ་ཐོན་སྐབས། བོད་ཀྱི་སྐད་ཡིག་ཙམ་དུ་མ་ཟད་བོད་ཀྱི་གླུ་གཞས་ཞབས་བྲོ་སོགས་ཀྱང་ཙན་དན་དང་དྲི་བསུང་བཞིན་ལྷན་སྐྱེས་ལྟ་བུ་ཆ་རྐྱེན་ལྡན་པ་དང༌། དེ་ལ་བརྟེན་ནས་བོད་ཀྱི་ན་གཞོན་ཚོ་གཏན་སློབ་ཐོན་ནས། རྒྱ་གར་དང་ཕྱི་གླིང་གི་མཐོ་སློབ་ཁག་ཏུ་ཞུགས་རྗེས་སྤྲོ་སྐྱིད་དང་འདུ་འཛོམས་ཀྱི་ཡོ་ལངས་གང་དུ་སྤེལ་ནའང༌། བོད་པའི་གླུ་གཞས་གཏོང་རྒྱུ་དང་ཞབས་བྲོ་འཁྲབ་རྒྱུར་སྐད་ཤུགས་ཆེན་པོས་རེ་སྐུལ་བྱེད་སྲོལ་ཤུགས་མ་ཐུབ་ཀྱིས་ཡོང་གི་ཡོད་ལ། རང་རེའི་ན་གཞོན་ཚོས་ཀྱང་སྤོབས་པ་ཆེན་པོས་རང་གི་ཆས་གོས་གོན་ཏེ་གདེང་ཆའི་སྟེང་ནས་བོད་ཀྱི་གཞས་དང་ཞབས་བྲོས་སྤྲོ་སྐྱིད་དང་འདུ་འཛོམས་ཀྱི་མི་ཚོགས་ཀུན་ལ་སྤྲོ་བ་སྐྱེད་པའི་ཆ་རྐྱེན་སྐྲུན་པ་དང༌། བོད་མི་རིགས་དང་དེའི་ཆོས་ལུགས་གོམས་སྲོལ་རིག་གཞུང་དང་བཅས་པར་རང་བཞིན་གྱིས་དོ་སྣང་སླེབས་པ་མ་ཟད། ད་ལྟའི་བར་བཟང་ཕྱོགས་ཀྱི་འབྲེལ་བ་བྱུང་བའང་ཉུང་ཉུང་མིན་ལ། འདི་དག་ཀྱང་ཆུ་ཆེན་ཆུ་རླབས་ཀྱི་དཔེ་ལྟར་ཚོགས་པ་འདི་ལས་ཆད་པའི་ལག་རྗེས་ཡིན་པར་སུས་ཀྱང་བསྙོན་དུ་མེད། སྤྱི་ལོ་ ༡༩༦༧ ལོར་ཟློས་གར་བཟོ་རིག་སྡེ་ཚན་གསར་འཛུགས་བྱས་པ་ནས། ད་ལྟའི་བར་ཡར་རྒྱས་རང་བཞིན་ལྡན་པའི་རྒྱུན་གནས་བཞིན་པ་ཡིན་ལ། བཟོ་རིག་སྡེ་ཚན་འདིའི་ནང་ནས་ཟློས་གར་འཁྲབ་ཆས་ཞྭ་གོས་ལྷམ་འགྲིགས་ཕལ་ཆེ་བ་བཟོ་སྐྲུན་ཐུབ་པས་ཟློས་གར་བའི་འཁྲབ་ཆས་འགྲོ་འགྲེམས་ཐོག་བསུ་ཚགས་དང༌། ལྷག་དོན་བོད་རང་གིས་བཟོས་པའི་ཚེམས་བཟོ་ཡིན་སྟབས་སྒྲིག་བཀོད་དང༌། བཟོ་སྟབས་གང་ཐད་ནས་སྤུས་ཚད་ལྡན་པ་ཤས་གཅིག་ཆགས་ཀྱི་ཡོད་བའང་བཤད་མ་དགོས་པ་རེད། སྤྱི་ལོ་ ༡༩༧༡ ལོ་ནས་ཀོ་ནན་སྔར་ཡོད་ཟློས་གར་ཚོགས་པའི་ཁོར་ལག་ཡར་རྒྱས་ཀྱིས་འཁྲབ་སྟོན་ཁང་གསར་འཛུགས་ཨར་ལས་འགོ་འཛུགས་བྱས་ནས་རིམ་པར་བཞིན། འཁྲབ་སྟོན་ཁང་དང༌། ཉལ་ཁང༌། ཐབ་ཚང་སོགས་འཚོ་བའི་རྟེན་གཞི་མ་ལག་བཅས་པ་ལེགས་བཅོས་དང་ཡར་རྒྱས་རིམ་པར་བཏང་སྟེ། ད་ལྟའི་མཐོང་ཆོས་སུ་ཡོད་པའི་བོད་གཞུང་ཟློས་གར་ཚོགས་པ་ཞེས་མི་སྨོན་རང་སྐྱིད་ཀྱི་རང་བཞིན་ལྡན་པའི་ཚོགས་སྡེ་འདི་ཉིད་གྲ་རྒྱས་ཚགས་ཚུད་ཀྱི་ངོ་བོ་ཉིད་དུ་གྲུབ་པ་འདི་བཞིན་ལགས་སོ།། སྤྱི་ལོ་ ༡༩༧༥ ལོ་ནས་རང་གཞུང་ཟློས་གར་ཚོགས་པ་ཕྱི་རྒྱལ་ཡུལ་དུ་འཁྲབ་སྟོན་འགྲོ་རྒྱུའི་འགོ་འཛུགས་བྱས། འཁྲབ་སྟོན་ཐེངས་དང་པོ་དེ་ཨོ་སི་ཀྲོ་ལི་ཡར་སྤེལ། བོད་ཀྱི་སྲོལ་རྒྱུན་འཁྲབ་གཞུང་གིས་ནུབ་ཕྱོགས་པ་སོགས་ཕྱི་གླིང་རྒྱལ་ཁམས་རྣམས་སུ་མིག་ཡིད་རྣ་བའི་དགའ་སྟོན་ཐེངས་དང་པོ་བསྐྲུན་ས་ཡང་དེ་ཉིད་ཡིན། དེ་ནས་རིམ་པར་བཞིན་ཨོ་སི་ཏྲིརི་ཡ་དང༌། བྷེལ་ཇམ། འབྲུག་པ། ཁེ་ན་ཌ། ཅེག་སྤྱི་མཐུན་རྒྱལ་ཁབ། ཌན་མག ཕི་ལེན་ཌི། ཕ་རན་སི། འཇར་མི་ནཇི། ཧོ་ལེན་ཌི། ཨི་ཏ་ལི། ཉི་ཧོང༌། ལུ་ཡན་སྦག མེག་སི་ཀོ། མོ་རོ་ཀོ། ཨུ་རུ་སུ། ནེ་པ་ལ། ནིའུ་ཛི་ལནཌ། ནོར་ཝེ། རི་ཡུ་ནན། སོ་ཝོ་ཀི་ཡ། ཨ་ཕི་རི་ཧྤི་རི་ཀ། སིང་ག་པུར། སི་པན། སུ་ཝི་ཌན། སིན་སུ། ཐེ་ཝན། ཐན་ལེན་ཌི། དབྱིན་ལེནཌ། ཨ་རི་བཅས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཆེ་ཕྲ་ཕལ་པོ་ཆེར་སྔ་ཕྱིར་བསྡོམས་པས་འཁྲབ་སྟོན་ ༩༢ ཙམ་སྤེལ་ཞིང༌། འཁྲབ་སྟོན་དེ་དག་གི་སྐབས་མི་ཚོགས་མང་མཐར་ཁྲི་ཕྲག་དང་ཉུང་མཐའ་བརྒྱ་ཕྲག་འཛོམས་ཤིང༌། ཀུན་གྱིས་བོད་ཀྱི་རིག་གཞུང་ཁྲབ་སྲོལ་ལ་དགའ་བསུ་ཐོབ་པར་མ་ཟད། བོད་གི་སྲོལ་རྒྱུན་རིག་གཞུང་འཁྲབ་སྟོན་ལ་དོ་སྣང་ཤུགས་ཆེར་སླེབས་ཏེ། ལོ་བསྟར་ཆགས་སམ་ཡང་ན་དུས་ནས་དུས་སུ་འཁྲབ་སྟོན་ལ་ཡོང་དགོས་ཀྱི་འབྲེལ་བ་དམ་འཛིན་བྱེད་པ་དང༌། གོ་སྐབས་དེ་དག་དང་བསྟུན་ནས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་སར། རླུང་འཕྲིན་དང༌། བརྙན་འཕྲིན། ཚགས་པར། དུས་དེབ། གསར་ཤོག་སོགས་ཀྱི་ཐོག་ནས། བོད་རྒྱའི་གནས་བབ་དང༌། བོད་ཀྱི་རྩ་དོན། བོད་ཀྱི་ལོ་རྒྱུས། བོད་ཀྱི་ཆོས་རིག་སོགས་ཀྱི་ངོ་སྤྲོད་ཁྱབ་བསྒྲགསཤུགས་ཆེར་བྱུང་བ་མ་ཟད། བོད་དོན་ཁྱབ་བསྒྲག་ཞུ་སའི་གདེང་ས་ཡག་ཤས་དེ་ཆགས་ཏེ། འཛམ་གླིང་གང་སར་བོད་དོན་རྒྱབ་སྐྱོར་དང་སེམས་ཁུར་གནང་མཁན་ཇེ་མང་དུ་སོང་བ་མ་ཟད། སྐྱོབ་གསོ་དང་རོགས་ཚོགས་ཀྱི་ཚོགས་སྡེ་ཡང་ཇེ་མང་དུ་འཕེལ། ཤུགས་རྐྱེན་དེའི་ཆུ་ཆེན་ཆུ་རླབས་ཀྱི་དཔེ་ལྟར་འཛམ་གླིང་གང་སར་གཡོ་འགུལ་ཐེབས་པར་རྒྱ་ཕྱོགས་ནས་བཟོད་གསན་མ་ཐུབ་པར། གཟིགས་པགས་གོན་པའི་བོང་བུ་དང༌། ར་མགོ་བསྟན་ནས་ཁྱི་ཤ་བཙོངས་པའི་དཔེ་ལྟར། རྒྱ་དམར་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་རྒྱ་རིགས་ན་གཞོན་ཕོ་མོ་མང་པོར་བོད་ཆས་གཡོགས་ནས་རྒྱལ་ཁབ་གང་སར་འཁྲབ་སྟོན་ལ་བསྐྱོད་ཀྱང༌། ཤོག་བུའི་མེ་ཏོག་ལ་ཟེའུ་འབྲུའི་དྲི་བསུང་མི་ལྡན་པས། ལྟད་མོ་བ་ཚོའི་དགའ་བསུ་དེ་ཙམ་མ་ཐོབ་པས། སླར་ཡང་རྒྱ་གཞུང་གི་བཀོད་བསྒྲིགས་ལྟར་བོད་རིགས་ན་གཞོན་མང་པོར་རྒྱ་རྒན་སྤྲེལ་ཁྲིད་ཀྱི་དཔེ་ལྟར། ཕྱི་རྒྱལ་ཡུལ་གྲུ་ཁག་དུ་མར་བོད་ཀྱི་འཁྲབ་སྟོན་དང་བོད་དོན་འགྲེལ་བརྗོད་ལོག་པ་བྱེད་པར་ཡོང་ནའང༌། བདེན་པའི་གནས་ལུགས་རྫུན་པས་སྒྲིབ་པ་མ་ནུས་པར་ད་ལྟའི་བར་བྱེས་འབྱོར་བོད་ཀྱི་ཟློས་གར་འཁྲབ་སྟོན་ལ་ཕྱི་རྒྱལ་ཡུལ་མི་ཚོས་དགའ་བསུ་རྒྱ་ཆེར་ཐོབ་སྟེ་ལོ་ལྟར་འཁྲབ་སྟོན་ལ་བསྐྱོད་དང་བསྐྱོད་པ་འདི་བཞིན་ལགས་སོ།། སྤྱི་ལོ་ ༡༩༨༢ ནས་ཤེས་རིག་ཟློས་གར་ཚོགས་པས་བོད་ཀྱི་ཟློས་གར་ཟབ་སྦྱོང་གི་གོ་སྒྲིག་གསར་གཏོད་གནང་བ་དེ་ནས་བཟུང་སྤྱི་ལོ་ ༢༠༠༨ བར་སྔ་ཕྱིར་ཟབ་སྦྱོང་ཐེངས་བརྒྱད་སྤེལ་ནས་བོད་ཀྱི་སྲོལ་རྒྱུན་ཟློས་གར་དང་འབྲེལ་བའི་འབུད་བཀྲོལ་རྡུང་གསུམ། རྟ་འདུར་དབྱངས་གསུམ། ལུས་ཀྱི་ཉམས། སེམས་ཀྱི་སྒྱུ། ངག་གི་ཁུག་སོགས་ཀྱིས་ལྟད་མོ་བའི་ཡིད་སེམས་འགུགས་པའི་སྒྱུ་རྩལ་ཉམས་འགྱུར་གྱི་་འདོན་ཚུལ་གང་ལེགས་བསླབས། ཟབ་སྦྱོང་དེ་དག་ལ་ཞུགས་པའི་ཟློས་སློབ་སྔ་ཕྱི་བསྡོམས་པས་ ༡༤༨ ཙམ་བྱུང༌། དེ་དག་གི་ནང་ནས་འགའ་ཞིག་ནི་ད་ལྟའི་ཆར་སྤྱི་ཚོགས་ནང་གྲགས་ཅན་གཞས་པ་དང་གཞས་མ་ཡང་ཆགས་ཡོད། སྤྱི་ལོ་ ༡༩༨༥ ནས་རང་གཞུང་ཤེས་རིག་ལྷན་ཁང་དང་རྡ་ས་བུ་ཁྱིམ་སྤྱི་ཁྱབ་རྒྱུན་ལས་ཁང་གི་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་ཤེས་རིག་ཟློས་གར་ཚོགས་པའི་གོ་སྒྲིག་འོག ཟློས་དགེ་འོས་སྦྱོང་ཐེངས་དྲུག་ཚོགས་ཤིང༌། ཚོགས་ཐེངས་རེར་ལོ་གསུམ་རེ་འགོར་བ་དང་སྔ་ཕྱིར་ཚོགས་ཐེངས་དྲུག་ཚོགས་ནང་ཟློས་གར་དགེ་ཐོན་ ༡༠༠ ཐམ་པ་ཏག་ཏག་བྱུང་ཡོད་ལ། དེ་དག་ཟློས་དགེ་ཐོན་རྗེས་གཞི་རིམ་སློབ་གྲྭ་ཏུ་ཟློས་དགེར་མངགས་ནས་བོད་ཀྱི་སྲོལ་རྒྱུན་ཟློས་གར་མི་ཉམས་རྒྱུན་འཛིན་གྱི་བྱ་བཞག་རྒྱ་ཆེར་བསྐྲུན། སྤྱི་ལོ་ ༡༩༩༠ ལོར་ཟློས་གར་ཚོགས་པ་འདི་ཉིད་རང་གཞུང་ཤེས་རིག་ལས་ཁུངས་ནས་ཆོས་རིག་ལས་ཁུངས་ཀྱི་ཁོངས་སུ་འཕོས་པ་ནས་ད་ལྟའི་བར་ཆོས་རིག་གི་ཁྱབ་ཁོངས་སུ་གྱུར། སྤྱི་ལོ་ ༡༩༩༥ ནས་སྔར་ཡོད་ཞོ་སྟོན་གྲ་རྒྱས་ཡོད་མུས་དང་ཕྱོགས་མཐའི་ལྷ་མོ་བ་རྣམས་མཉམ་འཛོམས་ཀྱིས་ཞོ་སྟོན་གཏོང་སྲོལ་ཐོག ཕྱིས་ནས་ལམ་སྲོལ་བཟང་པོ་དེ་ཉིད་བརྟན་ལྷིངས་ཆེད་ཕྱོགས་མཐའི་བྱེས་འབྱོར་བོད་ཀྱི་ལྷ་མོ་ཚོགས་པ་ཁག་གིས་ལོ་ལྟར་ཞོ་སྟོན་མཉམ་ཚོགས་གནང་རྒྱུའི་གྲོས་ཆོད་བཞག་པ་དེ་ནས་བཟུང༌། གཞུང་འབྲེལ་ཞོ་སྟོན་གྱི་འཁྲབ་སྟོན་སྐབས། བོད་ཀྱི་ལྷ་མོ་ཚོགས་པ་ཁག་ཡོངས་རྫོགས་མཉམ་འཛོམས་ཀྱིས་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཁག་ཆ་བགོས་ཀྱི་འཁྲབ་སྲོལ་གསར་གཏོད་བྱས། འདི་ལ་བརྟེན་ནས་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་བོད་རིགས་ན་གཞོན་ཚོའི་སེམས་ཁམས་སུ་བོད་ཀྱི་ལྷ་མོའི་འཁྲབ་སྲོལ་གྱི་བག་ཆགས་གཏིང་ཟབ་འཇོག་ཐུབ་པ་བྱུང༌། སྤྱི་ལོ་ ༡༩༩༣ བོད་ཀྱི་ནང་མ་སྟོད་གཞས་པར་སྐྲུན་ཞུས་ཤིང༌། དེ་ནས་ ༢༠༠༧ བར་ཟློས་གར་དང་འབྲེལ་བའི་དཔེ་དེབ་ ༣༠ ཙམ་དཔར་སྐྲུན་ཞུས་པ་དེ་དག་ཚིག་ཉུང་བ་དང་དོན་བསྡུས་པ། པར་རིས་འདྲ་མིན་ཡོད་པ་བཅས། དུས་རབས་མིའི་བསམ་བློ་དང་འཚམས་པའི་ཁྱད་ཆོས་ལྡན་ལ། འགའ་ཞིག་ནི་དབྱིན་ཡིག་ཐོག་ཏུ་བསྒྱུར་ཡོད་པ་དང༌། ད་དུང་སྤྱི་ལོ་༡༩༨༠ནས་༼༽ཞེས་བའི་དབྱིན་ཡིག་གི་དུས་དེབ་གཅིག་ཀྱང་བཏོན་པའི་རྒྱུན་མུ་མཐུད་པས་ཕྱི་རྒྱལ་བ་ཚོས་ཀྱང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། སྤྱི་ལོ་ ནས་འོད་སྡེར་འཁྲབ་སྟོན་བརྙན་ཕབ་བཟོས་སྟེ་༢༠༠༨ བར་བོད་ཀྱི་སྲོལ་རྒྱུན་འཁྲབ་སྟོན་འདྲ་མིན་གྱི་འོད་སྡེར་གྲངས་ ཙམ་བྱས་པ་དེ་དག་འཛམ་གླིང་ཤར་ནུབ་གང་སར་ཁྱབ་བརྡལ་འགྲོ་དང་འགྲོ་བཞིན་པར་མ་ཟད། ས་ཁུལ་དང་སློབ་གྲྭ་ཁག་འགའ་ཞིག་ཏུ་འོད་སྡེར་དེ་དག་དགེ་རྒན་གྱི་ཚབ་ཏུ་བྱས་ཏེ། བོདཀྱི་སྲོལ་རྒྱུན་ཟློས་གར་སློབ་མཁན་ཡང་ཉུང་ཉུང་མིན། མདོར་ན་སྤྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་བོད་གཞུང་ཤེས་རིག་ཟློས་གར་ཚོགས་པ་འདི་བཞིན་གསར་འཛུགས་བྱས་པ་ནས་ད་ལྟའི་བར་ཟློས་གར་འགན་འཛིན་བཅུ་བདུན་དང༌། ཟློས་དགེ་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་དྲུག དྲུང་ཆེ་བཅུ་གཉིས། ཟློས་དགེ་བཞི་བཅུ་ཞེ་གཅིག ལས་བྱེད་བཞི་བཅུ་ཞེ་བརྒྱད། འཁྲབ་སྟོན་ཁོངས་ཚོགས་མི་སྔ་ཕྱི་བསྡོམས་ ༣༢༣ བཟོ་ལས་སྡེ་ཚན་གྱི་ཁོངས་ཚོགས་མི་ ༣༦ བཅས་འཕྱ་གྲུ་མཉམ་འདེགས་ཀྱིས་ ༢༠༠༨ བར་རྒྱ་གར་གང་སར་འཁྲབ་སྟོན་སྟོང་ཕྲག་ཙམ་སྤེལ་བ་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ ༣༡ ཙམ་ལ་འཁྲབ་སྟོན་༡༠༠་ལྷག་སྤེལ། དེ་དག་གི་པར་རིས་དང༌། བརྙན་ཕབ། སྒྲ་ཕབ་ཁྲི་ཕྲག་མང་པོ་འཛམ་གླིང་གང་སར་ཁྱབ་སྤེལ་བྱས་ཏེ། བོད་ཀྱི་ཆོས་རིག་གོམས་སྲོལ་དང༌། བོད་རྒྱའི་གནས་བབ། བོད་ཀྱི་རྩ་དོན་བཅས་གསལ་པོར་བྱས་པའི་མཛད་རྗེས་དང་ལོ་རྒྱུས་མི་ཉུང་ཞིང༌། ད་དུང་ཡང་མུ་མཐུད་ྋགོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞི་བཟུང་འོག བྱས་པ་ཅན་གྱི་འགན་ཁུར་བ་སྔོན་མ་ཚོའི་རྗེས་སུ་ཤར་བསྐྱོད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གོམས་སྲོལ་བཅས་པ་མི་མཉམ་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆོད་སེམས་བརྟན་པོས་མདུན་མཆོང་བྱས་དང་བྱེད་བཞིན་པ་འདི་བཞིན་ལགས་སོ།། ལུགས་ཟུང་དཔལ་གྱིས་མངོན་པར་རབ་མཐོ་གངས་རིའི་འཕྱངས་འཕྲུལ་རྒོད་པའི་ཞིང༌།། རྒྱ་མཚོའི་འཇིམ་རྡུལ་སྲོག་ལྡན་གྱུར་ཏེ་གོག་འགྲོས་ནུར་འཆོང་འཕེལ་བ་ལས།། སྤྲ་དང་སྤྲེ་འུའི་ཚ་རྒྱུད་འཕེལ་བ་གདུང་དྲུག་མེས་པོའི་ཁྲག་རྒྱུན་གྱིས།། མངའ་མཛད་བཙན་པོའི་རྒྱུད་རིམ་ཕྲེང་བ་བསྟར་ཆགས་བསྒྲིགས་པའི་ལོ་རྒྱུས་རིང༌།། གདོད་མའི་འགྲོ་བ་མི་ཡི་སེམས་ཁམས་ཁྲོ་ཆགས་སྡང་བའི་འགྱུར་འགྲོས་ལས།། བྱུང་བའི་གར་དགུའི་ཉམས་དང་སྒྱུ་རྩལ་གཅིག་ཏུ་མ་ངེས་རྣམས་གྲངས་འབུམ།། སྔོན་བྱོན་མཁས་པས་བསྡུས་དང་བསྒྱུར་བའི་ཕུལ་བྱུང་རིག་པའི་ཁྱད་ནོར་མཆོག། ཟློས་གར་ཞེས་གྲགས་བཅུ་ཕྲག་ཤེས་བྱའི་ཡལ་ག་འདི་ཀོ་རིག་པའི་སྐྱེད་ཚལ་མཛེས་པའི་རྒྱན།། ལེགས་པར་བསམ་ན་སྔོན་བྱོན་མཁས་པ་ཚོས།། གཡུ་ལོའི་མདངས་མཛེས་རིག་པའི་ཡལ་འདབས་ཀྱི།། ཁྱད་ནོར་འདི་ཙམ་ལྗོངས་འདིར་སྤེལ་བྱས་པའི།། བཀའ་དྲིན་ཙམ་ཡང་ཇི་ལྟར་གཞལ་བ་ནུས།། འཕེལ་འགྲིབ་གནམ་གྱི་རྒྱལ་མོའི་བཞིན་རས་ལས།། ངེས་མེད་ཁྲོ་འཛུམ་གཡོ་བའི་འདུ་ལོངས་ཁྲོད།། ས་ཕག་ས་ཆེ་གཡོ་བའི་དུས་འགྱུར་སྣེར།། རིག་པའི་ཁྱད་ནོར་འདི་ཀོ་ལྷོ་ལ་གཏོད།། ཞི་བདེ་ཉི་མས་ས་ཆེན་གསལ་མཛད་པའི།། ཕྱག་ན་པདྨོའི་ཐུགས་རྗེའི་སྤྱན་ཞགས་ཀྱིས།། ཡོངས་སུ་བཅིངས་པའི་བཙན་བྱོལ་མང་གཙོའི་གཞུང༌།། གང་དུ་འཛུགསཔའི་གནས་འདིར་སླར་ཡང་འཕེལ།། ཤེས་འཇོན་ལྷག་བསམ་གསུམ་ལྡན་དམ་པ་འགས།། གསར་དུ་འཛུགས་ཤིང་འཕེལ་བའི་ཁྱད་ནོར་འདིས།། ད་ནི་འཛམ་གླིང་ཤར་ནུབ་ཕལ་བོ་ཆེར།། གྲགས་དཀར་སྙན་པའི་བ་དན་ལྷབ་ལྷུབ་གཡོ།། གང་ཞིག་མཐོང་དང་ཐོས་པ་ཙམ་གྱིས་ཀྱང༌།། སེམས་ཀྱི་ཚོར་འདུ་གཡོ་བའི་གཙུག་ལག་འདི།། ཕྱོགས་འདིར་བྱུང་དང་འཕེལ་ཞིང་རྒྱས་པའི་རབས།། ཅུང་ཟད་སྤེལ་བའི་ངལ་བ་འདི་བྱས་དགེས།། ལྷར་བཅས་འགྲོ་བའི་གཙུག་གི་རྒྱན་གྱུར་ཕྱག་ན་པདྨོའི་སྐུ་ཚེ་བརྟན།། གངས་ཅན་རང་དབང་རྫོགས་ལྡན་དར་ཆེན་མི་ནུབ་སུམ་རྩེན་དབྱིངས་ལ་སྒྲེངས།། གཞིས་བྱེས་མཉམ་འཛོམས་བཀྲ་ཤིས་དགའ་སྟོན་གངས་ཅན་དབྱིག་འཛིན་ཕང་བར་འཁྱིལ།། གཙུག་ལག་རྒྱ་མཚོའི་ཕན་བདེའི་རླབས་ལྡན་ཞི་བདེས་འགྲོ་འདི་འཚོ་གྱུར་ཅིག། ཅེས་བོད་གཞུང་ཤེས་རིག་ཟློས་གར་ཚོགས་པའི་ལོ་རྒྱུས་ཀུན་བཟང་ཞིང་གི་མཆོད་སྤྲིན་མིག་ཡིད་སྣ་བའི་དགའ་སྟོན་ཞེས་པ་འདི་ནི། བཙན་བྱོལ་བོད་གཞུང་བཙུགས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་ཀྱི་ཆེད། རབ་རྒྱལ་ས་བྱི་ལོར་རང་གཞུང་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་བརྒྱུད་ནས་ཤེས་རིག་ཟློས་གར་ཚོགས་པས་ཇི་ལྟར་སྐུལ་མ་གནང་དོན་བཞིན། ཟློས་གར་ཚོགས་པའི་ལས་ཁུངས་ནས་གནང་བའི་དཔྱད་གཞིའི་ཡིག་ཆ་ཁག་གི་ཐོག སྤྱི་ལྷན་དཔེ་མཛོད་ནས་ལོ་འཁོར་ལས་བསྡོམས་ཁག་དང༌། རྡོར་གླིང་རང་དབང་གསར་ཤོག་སོགས་ཚགས་པར་དང་དུས་དེབ།མི་སྒེར་གྱི་ལོ་རྒྱུས། སྒྲ་ཐག་དང་བརྙན་འཁོར་སོགས་འབྲེལ་ཡོད་དཔྱད་གཞི་གང་རྙེད་འཚོལ་སྒྲུག་བྱས་ཏེ། དུས་ཡུན་མི་ཐུང་བ་ཞིག་གི་རིང་ལ་རྟོག་ཞིབ་ནན་པོའི་ལུགས་སུ་བྱས་པའི་ཐོག ཟློས་གར་འགན་འཛིན་དང༌། ཟློས་དགེ། གཞན་ཡང་མཁས་དབང་བཀྲ་ཤིས་ཚེ་རིང་སོགས་འབྲེལ་ཡོད་མི་སྣ་གལ་ཆེ་མང་པོར་བློ་འདྲི་རྒྱུས་སྟོན་གང་ནུས་ཞུས་ཏེ། བཤེས་གཉེན་མཁས་པ་དུ་མའི་བཀའ་དྲིན་ལ་བརྟེན་ནས་བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་འཕགས་བོད་ཀྱི་གཙུག་ལག་ཤེས་བྱ་རིག་པའི་གནས་ཕལ་བོ་ཆེ་ལ་རིང་ནས་འདྲེས་ཤིང་། སྐྱེས་སྦྱངས་གོམས་པའི་བག་ཆགས་ཀྱི་མཐུས་འཆད་རྩོད་རྩོམ་པའི་བློ་གྲོས་ཀྱི་སྤོབས་པ་དགེ་ཡང་། ཐོས་དོན་ཉམས་སུ་བསྟར་བའི་སྒྲུབ་པས་དབེན་པ། མདོ་ཁམས་བེ་རི་རྒྱལ་པོའི་བཀའ་འབངས་བློ་བཟང་ཐུབ་བསྟན་འཇིགས་མེད་དབང་རྒྱལ་ལམ། བརྡ་སྤྲོད་ཀུན་སྤྱོད་ཀྱི་མིང་དུ་ངག་དབང་དབྱངས་ཅན་དགྱེས་པའི་བློ་ལྡན་དུ་འབོད་པས། རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉག་མ་ཉེར་གསུམ་པ་སྟོད་འབྲེལ་ལུགས་ཀྱི་སྒྱུར་བྱེད་ཅེས་པ་ས་གླང་ལོ། ཉན་ཐོས་སྡེ་བའི་ལུགས་ཀྱི་བསྟན་པ་བདེ་བར་གཤེགས་ནས་བགྲང་བྱ་ཉག་མ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ང་གཉིས་པའི་ས་ག་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པ། སྟོན་པ་ཐུགས་རྗེ་ཅན་སྐུ་འཁྲུངས་པ་དང་མངོན་པར་རྫོགས་པར་སངས་རྒྱས་པ། ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཆེན་གསུམ་ཚོགས་པ། དུས་ཀྱི་འཁོར་ལོའི་ལུགས་ཀྱི་དབྱངས་ཨཱལ། གསལ་བྱེད་སཱལ། འབྱུང་བ་ས། འདོད་ཡོན་དྲི། ཕུགས་ལུག་རེས་གཟའ་ཟླ་བ། རྒྱུ་སྐར་རྒྱལ། ཞིབ་པ་སྐག འབྱུང་འཕྲོད་མེ་ཆུ། ཏཏྐཱལ་བུམ་པ། འཕྲོད་ཆེན་སྐྱེ་རྒུ། སྦྱོར་བ་ཚངས་པ། རྟེན་འབྲེལ་འདུ་བྱེད། ཉི་མ་འབྲུག སྤར་ཁ་ཟིན། སྨེ་བ་དགུ་དམར་ཐོག་(སྤྱི་ལོ་ ༢༠༠༩ ཟླ་བ་ ༡༢ ཚེས་ ༧ ཆུ་ཚོད་༡༢)འཛམ་གླིང་ཤར་ཕྱོགས་རྒྱལ་ཁབ་ཀུན་གྱི་དབུས་ན་ཆོས་ལུགས་ལྟ་གྲུབ་དང་རིག་པའི་གཞུང་རྒྱ་མཚོ་ལྟར་འཁྱིལ་བའི་ཧིནྡྷི་སི་ཐན་ཞེས་གནམ་ལེབ་མོའི་མཐའ་དང་མཉམ་པའི་རྒྱལ་ཁབ་ཆེན་མོ་འདིའི་མངའ་སྡེ་ཉེར་ལྔའི་ནང་ཚན། སྔོན་གྱི་དུས་སུ་འཕགས་པའི་ཡུལ་དུ་གསང་བ་སྔགས་ཀྱི་ཆོས་སྐོར་ཐོག་མ་གང་དུ་དར་བའི་གནས་མཆོག་ཛ་ལནྡྷ་ར་ཞེས་ཡོངས་སུ་གྲགས་པ། བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁོངས། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། འཕགས་མཆོག་འཇིག་རྟེན་མགོན་པོ་གང་ན་བཞུགས་པའི་གནས་མཆོག་བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་གངས་ཅན་སྐྱིད་གཤོངས་དགའ་ལྡན་ཁང་གསར་གྱི་རང་ཤག་ལྔ་རིག་ནོར་བུའི་ལྡིང་ཁང་དུ་མཇུག་རྫོགས་པ་བྱས་པ་དགེ་ལེགས་འཕེལ།། །།ཛ་ཡནྟུ།། །།