བོད་ཁུལ་ཨེ་འགོག་གི་ལས་ཀའི་འཆར་གཞི་

ཡོང་ཁུངས་Wikipedia

དེར་གྲ་སྒྲིག་དང་འཆར་གཞི་མང་པོ་ཞིག་ཡོད་དགོས་པས། དེ་རིང་ངས་རྣམ་གྲངས་ཁ་ཤས་ཀྱི་ལན་འདེབས་ལ། སང་ཉིན་ནས་རེ་རེ་བཞིན་མུ་མཐུད་དེ་བཤད་རྒྱུ་བྱ། དང་པོ། མདོ་དབུས་ཁམས་གསུམ་གྱི་ཨེ་ཛིའི་ཆེད་མཁས་དང་ཨེ་འགོག་མི་སྣའི་འཐུས་ཚབ་དག་མཉམ་འཛོམས་ཀྱིས་བོད་ཁུལ་ནས་ཚན་རིག་དང་མཐུན་པ་དང་། ཁྲིམས་ལུགས་དང་མཐུན་པ། མི་རིགས་རང་གི་རིག་གནས་དང་མཐུན་པའི་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་བྱ་ཐབས་སྐོར་གྱི་བགྲོ་གླེང་བྱ་དགོས། དཔེར་ན། ༢༠༡༢ལོའི་ཟླ༡༢པའི་ཚེས༡ཉིན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་མཁན་ཆེན་བསོད་ནམས་དར་རྒྱས་རྣམ་པ་གཉིས་ཀྱིས་འགྲོ་སོང་བཏང་ནས་འཛམ་གླིང་ཨེ་ཛིའི་ཉིན་མོར་འབྲེལ་ཡོད་ཀྱི་ཚོགས་འདུ་སྐོང་ཚོགས་མཛད་ཡོད་པ་ལྟར་རོ། ། གཉིས་པ། མདོ་དབུས་ཀྱི་ཡུལ་ལུང་སོ་སོ་ནས་ཨེ་འགོག་ཆེད་ལས་མི་སྣ་གསོ་སྐྱོང་དང་ཨེ་འགོག་རང་འདུན་པ་གསོ་སྐྱོང་བྱ་བའི་གསོ་སྦྱོང་འཛིན་གྲྭ་འཛུགས་པ་དང་རང་རང་གི་ཕ་ཡུལ་སོགས་ས་ཆ་སོ་སོ་ནས་འབྲེལ་ཡོད་ཀྱི་ཤེས་བྱ་དྲིལ་སྒྲོག་བྱ་དགོས། དཔེར་ན། མཁན་ཆེན་རྣམ་པ་གཉིས་ཀྱིས་སྔ་གཞུག་ཐེངས་གཉིས་ལ་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་ཆོག་མཆན་ཐོབ་པ་བཞིན་འབྲེལ་ཡོད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་ལྟར་རོ། ། གསུམ་པ། ཁུངས་དག་དང་ཚད་ལྡན། ཡོངས་ཁྱབ་སོགས་མ་ཡིན་པའི་ཡིག་ཆ་སྣ་ཚོགས་བརྒྱུད་འགོད་བྱས་ཏེ་ས་གནས་མང་ཚོགས་ཀྱི་མགོ་འཁྲུག་བཞིན་པ་སྔོན་འགོག་བྱ་བའི་ཆེད་དུ། ཚད་ལྡན་དང་ཁུངས་དག་གི་སློབ་དེབ་གཏན་འབེབས་བྱ་བ་དང་གཅིག་གྱུར་གྱི་དྲྭ་ཚིགས་ཆེན་པོ་གཅིག་ཡོད་དགོས། དྲྭ་ཚིགས་དེའི་སྟེང་དུ་ཆེས་ཚད་ལྡན་ཏེ། ཆེས་ཚན་རིག་དང་མཐུན་པ་དང་གསར་བྱུང་སྟེ་ཆེས་གསར་ཏུ་བྱུང་བའི་གནས་ཚུལ་ཡིན་པ། གཅིག་གྱུར་ཏེ་འཛམ་གླིང་སྤྱི་མཐུན་ནམ་ཚན་རིག་པ་མང་ཤོས་ཀྱིས་ཁས་ལེན་པ། ཨེ་ཛིའི་ནད་པ་མང་ཤས་ལ་བྱུང་བའི་ནད་རྟགས་ཡིན་པ། ཁྲིམས་མཐུན་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་བཅའ་ཁྲིམས། ཨེ་ཛི་འགོག་བཅོས་ཁྲིམས་སྲོལ་དང་། རྒྱལ་ཁབ་ཀྱི་བཅུ་གཉིས་ལྔའི་འགུལ་སྐྱོད་འཆར་གཞི་སོགས་དང་མཐུན་པའི་ཨེ་ཛི་དང་འབྲེལ་བའི་གནས་ཚུལ་འགོད་དགོས་ཏེ། དཔེར་ན། ཨེ་ཛིའི་བྱུང་བ་དང་། ཨེ་ཛིའི་གསར་འགྱུར། ཨེ་ཛིའི་རྒྱུན་ཤེས། ཨེ་འགོག་རྒྱུ་ཆ། ཨེ་ཛིའི་འདྲ་བརྙན། ཨེ་ཛིའི་ཐ་སྙད། ཨེ་འགོག་མི་སྣ། ཨེ་འགོག་སྐུད་འབྲེལ་སོགས་ཡོད་དགོས་པར་འདོད། ༡ དེ་ལས་ཨེ་ཛིའི་བྱུང་བ་བརྗོད་པའི་སྐབས་སུ་ཨེ་ཛི་དེ་ཐོག་མར་གང་ནས་ངོས་ཟིན་པ་དང་། དེ་ནས་གང་དག་ཏུ་ནད་དུག་གི་མགོ་ཁུངས་རྙེད་པ། དེ་དང་འབྲེལ་བའི་བཤད་རྒྱུན་ག་ཚོད་ཡོད་པ། མཐའ་གཞུག་ཚན་རིག་པ་དག་དང་འཛམ་གླིང་གཅིག་གྱུར་གྱིས་སྡོམ་ཚིག་ག་འདྲ་བཀོད་ཡོད་པའི་སྐོར་འགོད་ཆོག་ལ། ཀྲུང་གོ་རྒྱལ་ཁབ་ལ་ནམ་ཙམ་ལ་དར་བ་དང་ས་གནས་སོ་སོར་དུས་ག་ཚོད་ནས་ནད་པ་ཐོག་མ་བྱུང་བའི་སྐོར་ཀྱང་འགོག་ཆོག གཞན་ཨེ་ཛིའི་མཚོན་རྟགས་དང་རྟགས་མའི་ངོ་སྤྲོད་སོགས་ཀྱང་འགོད་ཆོག ༢ ཨེ་ཛིའི་གསར་འགྱུར་ལེ་ཚན་དུ་རྒྱལ་ཕྱི་ནང་དང་། བོད་ཡུལ་གྱི་ཨེ་ཛི་འགོག་བཅོས་ཀྱི་ཐབས་ལམ་གསར་པ་དང་། སྲིད་གཞུང་གི་ས་གནས་སོ་སོའི་རིམས་འགོག་ལྟེ་གནས་ཀྱིས་ཕྱིར་བསྒྲགས་བྱས་པའི་ཆེས་གསར་གྱི་ནད་པའི་གྲངས་ཀ་དང་། དམིགས་བསལ་གྱི་ཨེ་འགོག་ཆེད་ལས་མི་སྣའི་གྲུབ་འབྲས་གསར་པ་ངོ་སྤྲོད་སོགས་བྱ་ཆོག ༣ ཨེ་ཛིའི་རྒྱུན་ཤེས་ལེ་ཚན་གྱི་ནང་དུ་མང་པོ་ཞིག་འདུ་ཆོག་ཏེ། ཨེ་ཛིའི་འཕེལ་རིམ་དང་ཨེ་ཛིའི་འགོ་ལམ། ཨེ་ཛིའི་འགོག་བཅོས། ལས་ཐོག་འཐུས་ཤོར། མ་བུ་བདེ་ཕྲལ་དང་ནད་པའི་བདག་སྐྱོང་བྱེད་ཐབས་སོགས་འགོད་ཆོག དེ་དག་ཡིག་རིས་ཟུང་འབྲེལ་དང་ཁ་གསལ་དོན་འདུས་ཀྱིས་འགོད་དགོས། ༤ རྒྱུ་ཆ་མཉམ་སྤྱོད་ཀྱི་ནང་དུ་ཨེ་ཛི་འགོག་བཅོས་སྐོར་གྱི་སློབ་ཁྲིད་དང་དྲིལ་སྒྲོག་རྒྱུ་ཆ་མཉམ་སྤྱོད་བྱ་ཆོག་སྟེ། དཔེར་ན། སློབ་ཁྲིད་སྒྲོན་བརྙན་དང་སློབ་ཁྲིད་སྒྲ་བརྙན། སློབ་དེབ་སོགས་མཉམ་སྤྱོད་བྱ་ཆོག་ལ། དྲིལ་སྒྲོག་སྦྱོར་ཤོག་དང་དྲིལ་སྒྲོག་འགྲེམ་ཤོག དྲིལ་སྒྲོག་སྒྲ་བརྙན་སོགས་བཞག་ནས་གཞན་ལ་རིན་མེད་ཕབ་ལེན་བྱེད་དུ་འཇུག་ཆོག ༥ ཨེ་ཛིའི་འདྲ་བརྙན་ནང་དུ་མི་སྒེར་རམ་ཚོགས་པའི་ཆོག་མཆན་ཡོད་པའི་སྒོས་ཆེས་ཡོངས་ཁྱབ་རང་བཞིན་གྱི་ཨེ་ཛིའི་ནད་པའི་ནད་རྟགས་ཕྱིར་མངོན་གྱི་འདྲ་པར་དང་བརྙན་རིས་སོགས་བཞག་སྟེ། གཞན་ལ་སློབ་ཁྲིད་ཀྱི་དཔྱད་གཞི་བྱ་བར་མཁོ་འདོད་བྱ་ཆོག ༦ ཨེ་ཛིའི་ཐ་སྙད་ནང་དུ་ཨེ་ཛི་དང་འབྲེལ་ཡོད་ཀྱི་ཐ་སྙད་གཅིག་སྡུད་དང་གཅིག་གྱུར་བྱས་ཏེ་མ་འོངས་པར་རྒྱལ་ཕྱི་ནང་གི་བོད་མི་ཡོངས་ཀྱིས་ཐུན་མོང་དུ་སྤྱོད་ཆོག་པའི་ཚད་ལྡན་གྱི་ཐ་སྙད་བང་མཛོད་ཅིག་ཏུ་ཆགས་ཐུབ་པ་བྱ་དགོས། ༧ ཨེ་འགོག་མི་སྣའི་ལེ་ཚན་ནང་དུ་ཕྱོགས་སོ་སོར་ཡོད་པའི་ཨེ་འགོག་ཆེད་ལས་མི་སྣའི་ངོ་སྤྲོད་དང་འབྲེལ་གཏུག་ཨང་གྲངས་འགོད་ཆོག་ལ། ཨེ་འགོག་དྲིལ་སྒྲོག་རྒྱུ་ཆ་རིན་མེད་གཟིགས་འབུལ་བྱ་ཡུལ་གྱི་ས་གནས་དང་འབྲེལ་གཏུགས་ཨང་གྲངས་ཀྱང་འགོད་ཆོག ༨ ཨེ་འགོག་སྐུད་འབྲེལ་དུ་མདོ་དབུས་གང་རུང་གི་མིས་ཐད་ཀར་འབྲེལ་བ་བྱ་ཆོག་པའི་ཨེ་བཅོས་ཆེད་ལས་སྨན་པ་དང་ཨེ་འགོག་ཆེད་ལས་མི་སྣའི་ཁ་པར་ཨང་གྲངས་ཡོད་ཆོག་ལ། ཀྲུང་གོའི་ས་ཁུལ་སོ་སོའི་རིམས་འགོག་ལྟེ་གནས་ཀྱི་འབྲེལ་ཡོད་ཁ་པར་ཨང་གྲངས་དང་སྡོད་གནས་ཀྱང་ཡོད་ཆོག ད་རུང་ཨེ་ཛི་འགོག་བཅོས་མི་སྣའི་འཕྲིན་ཕྲན་སྤྱི་སྟེགས་དང་ཁྱེའུ་འཕྲིན་ཚོགས་པ། དྲྭ་ཚིགས་གཙོ་གཉེར་བའི་འབྲེལ་གཏུགས་ཨང་གྲངས་སོགས་ཀྱང་ཡོད་ཆོག