བོད་ཀྱི་སྙན་ངག

ཡོང་ཁུངས་Wikipedia
བོད་ཀྱི་སྙན་ངག་གསར་པ། ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།
   ནང་དོན་འདིའི་རེ་བ།གཙང་མ་བཟོས་པ། .
ཁྱེད་ཀྱིས་ཐུབ་ན་ནང་དོན་འདིར་བཟོ་བཅོས་ལེགས་པར་གྱིས།

བོད་ཀྱི་སྙན་ངག་ལ་གཙོ་བོ་རིམ་པ་གསུམ་དུ་ཕྱེ་ཆོག་ལ། དེ་ཡང་དུས་སྐབས་སོ་སོར་རང་རྐྱ་འཕེར་བའི་ཁྱད་ཆོས་རེ་མངའ་བའང་སྨོས་མ་དགོས། དེ་ལས་ཐོག་མ་ནི་བོད་ལ་ནང་པའི་ཆོས་མ་དར་བའམ་ཡང་ན་རྒྱ་གར་གྱི་སྙན་ངག་གི་གཞུང་མེ་ལོང་མ་མ་དར་བའི་སྔོན་ལ། བོད་རང་གི་གདོད་མའི་སྐད་ཆའི་འགྲོས་དང་འཚམས་པའི་མགུར་གླུ་དང་། དམངས་ཁྲོད་ཀྱི་གླུ་གཞས་དེ་དག་བོད་ཀྱི་གནའ་བོའི་སྙན་ངག་ཏུ་འདོད་ཆོག །དེའི་རྗེས་འགྲོན་མགོན་ཆོས་རྒྱལ་འཕགས་པའི་སྐབས་སུ། ཤོང་དཔང་གཉིས་ཀྱིས་རྒྱ་གར་གྱི་སྙན་ངག་མེ་ལོང་མ་འདི་ཉིད་བོད་བསྒྱུར་གནང་བ་ནས་བཟུང་བོད་ཀྱི་བླ་ཆེན་དང་མི་ཆེན་གྲངས་ལས་འདས་པ་ཞིག་གིས། མེ་ལོང་མའི་གཞུང་འདིར་བསྐྱར་འགྲེལ་ཡང་འགྲེལ་དང་བཅས། བོད་ཀྱི་སྙན་གཞུང་མང་དག་ཅིག་བརྩམས་གནང་ཡོད་ཅིང་། ལྷག་དོན་བོད་ཀྱི་མཁས་དབང་ནམ་མཁའི་སྐར་ཚོགས་ལྟ་བུ་རྣམས་ཀྱིས་སྙན་ངག་མེ་ལོང་མའི་རྩོམ་འགྲོས་ལྟར། རྩོམ་ཡིག་བགྲང་ལས་འདས་པ་གསར་རྩོམ་གནང་ཡོད། སྐབས་དེ་ནས་བོད་ཀྱི་སྙན་ངག་ལ་སྔ་ན་མེད་པའི་གསར་གཏོད་རང་བཞིན་དང་། འཕེལ་རྒྱས་བྱུང་ཡོད་མོད་རྗེས་སོར་དེ་ཉིད་རྒྱུད་འཛིན་ཙམ་ལས་གསར་གཏོད་རང་བཞིན་གྱིས་འཕེལ་འགྱུར་དང་བརྩམས་ཆོས་བྱུང་མེད།

དེ་རྗེས་ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་ཀྱི་སྙན་ངག་གི་ཞིང་སར་སྔ་ན་མེད་པའི་འཕེལ་རྒྱས་རླབས་ཆེན་ཞིག་བྱུང་ཡོད། དེ་ནི་དཔལ་དོན་གྲུབ་རྒྱལ་གྱིས་གསར་རྩོམ་གནང་བའི་(ལངས་ཚོའི་རླབས་ཆུ)སྦྲང་ཆར་དུས་དེབ་གཉིས་པ་བརྒྱུད་བོད་ཀྱི་རྩོམ་རིག་གི་གར་སྟེགས་སུ་ཐོག་མར་བུད་པ་རེད། ཕྱིས་སུ་སྙན་ངག་གསར་མ་དེར་རང་མོས་སྙན་ངག་དང་། རྐང་ཆག་མ། གྲོལ་རྩོམ་ཞེས་ཀྱང་འབོད་པར་སྣང་། དེ་ལ་གཙོ་བོ་བོད་རང་གི་སྲོལ་རྒྱུན་སྙན་ངག་གི་ཤུགས་རྐྱེན་ཞུགས་པའི་ཐོག །རྒྱའི་སྙན་ངག་དང་ནུབ་ཕྱོགས་སྙན་ངག་གི་ཁྱད་ཆོས་ཀྱང་ཞོར་ལ་ཐེབས་ཡོད།།