བོད་ཀྱི་སེར་མོ་བ་ཚོ་ཨེ་འགོག་བྱེད་སྒོ་རུ་ཞུགས་འོས་སམ་

ཡོང་ཁུངས་Wikipedia
བོད་ནི་ཆོས་ལྡན་གྱི་ཡུལ་ཡིན་པས།བོད་གོང་བ་ཅན་དང་ཕྲེང་བ་ཅན་ཞེས་བཤད་ལ། བླ་མས་ཅི་གསུངས་དེ་ཆོས། མཛུབ་བུའི་གར་བཙུགས་དེ་ཤར་ཟེར་ནས་བོད་ཀྱི་མི་ཆོས་ལུགས་ལ་དད་པ་ཡོད་ལ།བོད་ཀྱི་མི་ཆོས་པ་ཚོར་ཡིད་ཆེས་ཡོད་ཕྱིན། སེར་མོ་བ་ཚོས་ཨེ་ཛིའི་ཤེས་བྱ་དྲིལ་བསྒྲགས་བྱས་ན།གཅིག་ནས། མང་ཚོགས་ཀྱིས་མཐོང་ཆེན་དང་དང་ལེན་བྱ་བའི་དགེ་མཚན་ཡོད་ལ། གཉིས་ནས།  མང་ཚོགས་རྩ་འཛུགས་དང་ཆིག་བསྒྲིལ་བྱ་བ་བཅས་ལ་སྟབས་བདེ་ཡོད་ཅིང་།གསུམ་ནས། འདི་ནི་མང་ཚོགས་ཀྱི་བདེ་ཐང་དང་སྐྱིད་སྡུག་དངོས་དང་འབྲེལ་བའི་བྱ་གཞག་ཅིག་ཡིན་པས།སངས་རྒྱས་ཀྱི་དགོངས་པ་དངོས་སུ་ལག་ལེན་དུ་བསྟར་བའི་གོ་སྐབས་བཟང་པོ་ཞིག་ཡིན་ལ།བཞི་ནས། བོད་ཁུལ་ན་སྲིད་གཞུང་དང་ཁེ་ལས་བ་མ་ཡིན་པའི་སྡེ་ཁག་གསུམ་པ་ཞིག་ལ་དགོན་པ་དག་ལས་དམངས་གཉེར་ཚོགས་པ་ཞེས་པ་ཤིན་ཏུ་དཀོན་པོ་ཡིན་ཕྱིན།ངེས་པར་ཏུ་སེར་མོ་བའི་ནུས་པར་མ་བསྟེན་ན་ཨེ་འགོག་བྱ་འགུལ་དག་ཕུན་སུམ་ཚོགས་པ་ཞིག་འོངས་མི་ཐུབ་པ་ལྟ་བུར་གྱུར་ཡོད་ལ།ལྔ་ནས། འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་༼ཨེ་ཛི་འགོག་བཅོས་ཁྲིམས་སྲོལ་༽དང་༼བཅུ་གཉིས་ལྔའི་འགུལ་སྐྱོད་འཆར་གཞི་༽ལག་བསྟར་དང་དོན་འཁྱོལ་ཡོང་བར་ཆོས་ལུགས་མི་སྣའི་དྲིལ་སྒྲོག་ནུས་པ་ཐོན་དགོས་ཞེས་པ་མངོན་འགྱུར་ཡོང་བ་ཞིག་ཀྱང་ཡིན་ཕྱིན།མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་མཁན་ཆེན་བསོད་ནམས་དར་རྒྱས་སོགས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་བླ་ན་མེད་པ་མཛད་བཞིན་ཡོད་མོད།ད་རུང་། མདོ་དབུས་ཁམས་གསུམ་གྱི་གྲུབ་མཐའ་དང་ཡུལ་གྲུ་རེས་མེད་ཀྱི་སེར་མོ་བ་མང་པོ་ཞིག་གིས་སེམས་ཅན་གྱི་བདེ་སྡུག་ཕྲག་ཏུ་བླངས་ཏེ་མང་ཚོགས་ལ་ཕན་ངེས་ཀྱི་བྱ་གཞག་འདིར་ཞུགས་རོགས་ཞེས་པ་འདི་དེ་རིང་གི་ངའི་འབོད་སྐུལ་ཞིག་ཡིན།
    ཡིན་ནའང་།སྐྱེས་བོ་ལ་ལ་ཤིག་གིས་འདི་ནི་ན་གཞོན་ཕོ་མོ་ཁ་ཤས་ཀྱི་ཚུལ་མིན་གྱི་སྤྱོད་པར་དག་ཐེར་བྱེད་པའི་བྱེད་སྒོ་ཞིན་ཡིན་པས་ཆོས་པ་དག་དེའི་ནང་དུ་ཞུགས་མི་འོས་པར་འདོད་མཁན་ཡོད་ལ།ཆོས་པ་ཞིག་གིས་ཕོ་མོའི་ལུས་འབྲེལ་གྱི་སྐོར་དང་། སྲུང་ཤུབས་བེད་སྤྱོད་ཀྱི་སྐོར་སོགས་དྲིལ་སྒྲོག་བྱ་བཞིན་ཡོད་ན།དེ་ནི་ངོ་ཚ་བ་ཞིག་དང་རྣམ་རྟོག་ལངས་པ་ཞིག་ཡིན་པའི་སྣང་བའང་ཤར་བཞིན་ཡོད། དེ་ནི་ཁོང་ཚོས་ཨེ་ཛིའི་ནད་འདིའི་ཚབས་ཆེན་རང་བཞིན་མ་ཤེས་པ་དང་།འདིའི་གལ་ཆེའི་རང་བཞིན་མ་རྟོགས་པ་ཡིན་ལ། འཇིག་རྟེན་པ་དང་འབྲེལ་བའི་སྐད་ཆ་འདི་དག་བཤད་ན་ཆོས་མ་ཡིན་པར་འདོད་མཁན་ཚོས་ནི་ཆོས་ཡང་དག་ཅིག་ཀྱང་མ་ཤེས་པ་རེད་སྙམ་བཞིན་ཡོད།ད་ཆ་འཛམ་བུ་གླིང་དུ་སྐར་ཆ་བརྒྱད་རེའི་ནང་དུ་ཨེ་ཛིའི་ནད་པ་རེ་རེ་བྱུང་བཞིན་ཡོད་ལ། ཀྲུང་གོ་རྒྱལ་ཁབ་ལ་མཚོན་ན་ཉིན་རེར་ཆ་སྙོམ་གྱིས་ཨེ་ཛིའི་ནད་དུག་ཅན༡༩༢རེ་གསར་ཏུ་འཕེལ་བཞིན་ཡོད་ཅིང་།ང་ཚོ་བོད་ཀྱི་ཡུལ་ལའང་ལོ་རེ་ལས་ལོ་རེས་ཨེ་ཛིའི་ནད་པ་ཇེ་མང་ནས་ཇེ་མང་དུ་གྱུར་བཞིན་ཡོད་ཅིང་།འདི་ལ་བཅོས་ཐབས་ཤིག་རྩ་བ་ནས་མེད་པར་མ་ཟད། ཧྥེ་གླིང་ས་ཁུལ་གྱི་རྒྱལ་ཁབ་རེའང་ཨེ་ཛི་ཡིས་རྩ་མེད་དུ་འགྲོ་བའི་ཉེན་ཁ་ཡོད་བཞིན་ཡོད་ལ།  ཀྲུང་གོའི་ཅེན་པོ་མི་རིགས་སོགས་མི་རིགས་རེ་ཨེ་ཛིའི་ནད་འདིས་རྩ་མེད་དུ་གཏོང་གྲབ་བྱེད་བཞིན་པའི་སྐབས་སུ།ང་ཚོས་ད་དུང་ངོ་ཚ་དང་རྣམ་རྟོག་ཙམ་ལ་ཁ་གཡར་ཏེ་བསྡད་ན། དེས་ཆོས་མ་དགོས་མི་ལུགས་ཀྱང་ལེགས་པོ་ཞིག་མ་ཤེས་པ་རེད་སྙམ་བཞིན་ཡོད།

ད་དུང་ང་ཚོས་བསམ་བློ་ཞིབ་མོར་བཏང་ན།ཨེ་ཛི་དེ་སེར་མོ་བ་དང་ཡང་ཁ་ཐག་རིང་པོ་མིན། ཅི་རེད་ཅེ་ན། འཕྲོད་བསྟེན་དང་སྨན་བཅོས་ཀྱི་ཆ་རྐྱེན་ཞན་སའི་བོད་ཡུལ་ནས་དོགས་ཟོན་མ་བྱས་ན་སྨན་པར་བསྟེན་ནའང་ཨེ་ཛི་འགོ་བའི་ཉེན་ཁ་ཡོད་ལ།སྐྲ་དང་ཁ་སྤུ་བཞར་ནའང་ཨེ་ཛི་འགོ་བའི་ཉེན་ཁ་ཡོད་ཅིང་། མི་རོ་དང་རྨས་མའི་ཁྲག་གཤེར་དང་ཕྲད་ནའང་ཨེ་ཛི་འགོ་བའི་ཉེན་ཁ་ཡོད་ཕྱིན།ཨེ་ཛི་དེ་ང་ཚོ་སུ་དང་ཡང་རྒྱང་རིང་མིན། དེས་ན། སེར་མོ་བ་ཚོས་ནན་ཏན་གྱིས་ཨེ་ཛིའི་སྐོར་སློབ་སྦྱོང་བྱ་འོས་ལ།ནན་ཏན་གྱིས་ཨེ་ཛིའི་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་བྱ་འོས། དེས་མ་ཚད། བོད་ཀྱི་གྲྭ་བཙུན་རྣམ་པས།ཆོས་ལུགས་ཀྱི་ཁར་གསོ་རིག་དང་སེམས་ཁམས་རིག་པ་སོགས་སྦྱངས་ནས་མ་འོངས་པར་ཨེ་ཛིའི་ནད་པའི་སེམས་ཁམས་སྙོམ་བསྒྲིགས་མཛད་པ་དང་ཁོང་ཚོའི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པ།ཕྱི་མའི་ལམ་སྟོན་སོགས་མཛད་ན། དེ་ནི་རང་བཞིན་གྱི་ཆོས་ཙམ་གྱིས་མ་ཚད་པར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་ལག་ཏུ་བླངས་བ་ཞིག་རེད་འདོད་བཞིན་ཡོད་དོ།།