བོད་ཀྱི་རུས་མིང་རིག་གནས་སྐོར་ལ་རགས་ཙམ་དཔྱད་པ་
༄༅། །བོད་ཀྱི་རུས་མིང་རིག་གནས་སྐོར་ལ་རགས་ཙམ་དཔྱད་པ། དམག་སར་བཟོད་པ། ཨ་མཆོག་མཚན་ཉིད། ༼བརྗོད་སྙིང་གཙོ་བོ༽
འཛམ་གླིང་གི་མི་རིགས་མང་ཆེ་བ་ཞིག་ལ་རུས་མིང་བེད་སྤྱད་བྱེད་པའི་གོམས་སྲོལ་ཡོད། དེ་ནི་མི་རིགས་དེའི་རིག་གནས་ཀྱི་གྲུབ་ཆ་ཙམ་དུ་མ་ཟད་པར་མི་རིགས་དེའི་དུས་ཡུན་རིང་བོའི་འཚོ་གནས་ལོ་རྒྱུས་ཀྱི་བདེན་དབང་ཞིག་ཀྱང་ཡིན། རུས་མིང་རིག་གནས་ཀྱི་ཡ་ཐོག་དེ་རྡོ་ཆས་རྙིང་བའི་མ་རྒྱུད་རུས་རྒྱུད་སྤྱི་ཚོགས་ནས་ཡོད་པའི་དབང་དུ་བྱས་ན་མེ་ཤེས་རྟོགས་དང་ལོ་རྒྱུས་མཉམ་པ་རེད། རུས་མིང་གི་ནུས་པ་དེ་གདོན་མའི་རུས་རྒྱུད་ཚོ་བའི་ཐོན་སྐྱེད་དགོས་མཁོ་ཙམ་དང་མཉམ་ལྡེབས་འཚོ་གནས་ཀྱི་འགན་སྲུང་ཙམ་མིན་པར། དུས་རབས་ཀྱི་དུས་སྐབས་མི་འདྲ་བའི་ནང་རིགས་རྒྱུད་འདུ་ཤེས་དང་གྲལ་རིམ་འདུ་ཤེས་ཁྱིམ་རྒྱུད་ཤུལ་འཛིན་དར་སྤེལ་གྱི་འདུ་ཤེས་ནས་མི་སྒེར་གྱི་འདུ་ཤེས་བར་གཞོག་འདེགས་དང་བརྟན་སྲུང་ཡར་སྐུལ་སོགས་ཀྱི་ནུས་པ་མངོན་གསལ་ཐོན་ཡོད། དེ་བཞིན་བོད་ཀྱི་རུས་མཛོད་ཁག་ལ་བལྟས་ནའང་རུས་མིང་གི་བྱུང་རིམ་དེ་ཡ་ཐོག་ལྷ་སྒྲུང་གི་དུས་རབས་ལ་སླེབས་འདུག་པས་དེའི་དར་རྒུད་ལ་དཔྱད་པར་དོན་སྙིང་གལ་ཆེན་ལྡན་པར་བསམ་ནས་རུས་མིང་བསྡུ་སྒྲིག་དང་དཔེ་སྙིང་འཚོལ་ཀློག་གིས་འབད་པ་ཅུང་ཙམ་བྱས་ཀྱང་ཉེ་རབས་ཀྱི་རྒྱལ་ཕྱི་ནང་གི་མཁས་པས་བརྩམས་པའི་དེའི་སྐོར་གྱི་རྩོམ་ཡིག་ཅི་ཡང་ལག་ཏུ་སོན་པས་འདིར་རགས་ཙམ་གྱིས་ཆོག་པར་བྱས་ཡོད།
༼ཐ་སྙད་གཙོ་བོ།༽ ༼རུས་མིང་རིག་གནས།༽ ༼ རྒྱུན་འཛིན་ཁྱད་ཆོས།༽
དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་དང་། མི་དང་མིའི་བར་གྱི་འབྲེལ་འདྲིས་དང་རིག་གནས་དང་རིག་གནས་བར་གྱི་བརྗེ་རེས་སོགས་རྒྱལ་ཁོངས་མེད་པ་ལྟར་གྱུར་བའི་དུས་འདིར། སྟབས་བདེ་མོས་རིག་གནས་ཤིག་འཕེལ་རྒྱས་སུ་གཏོང་ཐུབ་པ་བཞིན། རིག་གནས་ག་གེ་མོ་ཞིག་རྩ་མེད་དུ་འགྲོ་བའང་མི་ཞིག་གིས་འདང་རྒྱག་ལོངས་མེད་པ་ལྟ་བུར་གྱུར་ཡོད། དེའི་རྐྱེན་གྱི་བོད་ཀྱི་རུས་མིང་དང་འབྲེལ་ཡོད་ཀྱི་རིག་གནས་འགའ་ཤེས་ཀྱང་འུ་ཚོའི་བག་ཆགས་དངོས་སུ་གསལ་ལ་མི་གསལ་ཙམ་དུ་གྱུར་ཡོད།
༼༡༽རུས་མིང་ལ་ཚེག་པར་གཅིག་ཅན་དང་གཉིས་ཅན། བཞི་ཅན་སོགས་ཡོད་ལ། ད་ལྟ་མདོ་ཁམས་ཀྱི་ས་ཁུལ་མང་ཆེ་བར་རྒྱུན་མ་ཆད་ཙམ་དུ་ལུས་ཡོད། ༼༢༽ཁྱིམ་མིང་ནི་རུས་མིང་ལ་རིགས་བསྒྲེ་ནས་བཏགས་པ་ཞིག་ཡིན་ལ། རུས་མིང་གི་ཚབ་བྱེད་ནུས་པའང་ལྡན། ༼༣༽འབོད་མིང་ནི་སྔོན་གྱི་དུས་སུ་རྒྱ་ཆེ་བ་དང་གཏུམ་པོ་སོགས་མཚོན་པའི་ཐ་སྙད་ཀྱིས་བཏགས་པ་མང་ལ། ད་ལྟ་ཆོས་ལུགས་དང་འབྲེལ་བའི་བོད་ཀྱི་མིང་འདོགས་ཚུལ་དེ་ཕར་ཆེར་གཅིག་གྱུར་ལྟ་བུར་གྱུར་ཡོད། ༼༤༽མཚང་མིང་ནི་གཙོ་ཆེར་ཟུར་ཟ་མཚོན་པའི་ཐ་སྙད་ཅིག་ཡིན་ལ་རུས་དང་མིང་གཉིས་ཀའི་མཇུག་ཏུ་སྤྱོད་པ་ཡིན། ༼༥༽ཡོན་ཏན་མཚོན་པའི་མིང་དང་ཐོབ་ཐང་མཚོན་པའི་མིང་སོགས་རུས་ཀྱི་མཇུག་དང་མིང་གི་སྔོན་དུ་སྤྱོད་པ་དཔེར་ན། འགོས་ལོ་ཙྭ་བ་དང་དབལ་ཤུལ་དཔོན་པོ་ལྟ་བུ་དང་། ལོ་ཙྭ་བ་བློ་ལྡན་ཤེས་རབ་དང་དཔོན་པོ་བློ་ལྡན་ཞེས་འབོད་པ་ལྟ་བུ་ཡིན། མི་འགའ་རེས་འདི་དག་རུས་ཀྱི་སྔོན་དུ་སྦྱར་ནས་བེད་སྤྱོད་པ་ནི་བོད་ཀྱི་གོམས་སྲོལ་དང་མི་མཐུན། དེ་བཞིན་དུ་ཡུལ་ཕྱོགས་མཚོན་པའི་མིང་སོགས་ཡོད་ཅིང་། བེད་སྤྱོད་ཀྱི་ཐད་ལའང་ཚིག་སྡུད་སྐབས་དང་། གཞན་བུད་མེད་མཚོན་པའི་ཐ་སྙད་བཟའ་ལྟ་བུ་དང་ཚ་དབོན་བུ་ཕྲུག་སོགས་ལ་ཁུ་ཞིང་མཚོན་པའི་ནུས་པ་ཡོད་པ་སོགས་དམིགས་བསལ་གྱི་ཁྱད་པར་འགའ་རེའང་ཡོད་དོ།
རུས་མིང་རིག་གནས་ཀྱི་འཕེལ་རིམ།
བཙན་པོའི་དུས་སྐབས་ནི་བོད་ཀྱི་རུས་མིང་རིག་གནས་ཀྱི་ཆེས་དར་རྒྱས་ཆེ་བའི་དུས་སྐབས་ཡིན་ཏེ། ལོ་རྒྱས་སུ་འཁོད་པའི་སྐབས་དེའི་བློན་ཆེ་ཆུང་སོགས་ཀྱི་མིང་གི་མགོར་རུས་བཀོལ་ཡོད་པར་མ་ཟད་བོད་ཀྱི་བར་བྱུང་གི་སྡེའི་ཐོག་མ་སད་མི་བདུན་དང་ལོ་ཙཱ་བ་གྲགས་ཅན་སྐ་ཅོག་ཞིང་གསུམ་སོགས་ཀྱིས་ཀྱང་རིག་གནས་འདི་ལ་གཙིགས་ཆེན་མཛད་ཡོད་པ་རེད། འདི་ནི་སྐབས་དེའི་གོམས་སྲོལ་རིག་གནས་ཀྱི་དགོས་མཁོའི་དབང་གིས་ཡིན་སྲིད་ལ། རིག་གནས་ཤིག་གིས་རིག་གནས་ཤིག་གི་ཚབ་བྱས་ནས་མི་རིགས་ཤིག་གི་ཁྲོད་དུ་དར་བ་ལ་མི་རིགས་དེའི་གོམས་སྲོལ་རིག་གནས་ལ་བརྩི་འཇོག་བྱེད་པ་ནི་རྣམ་དཔྱོད་དར་བའི་བྱ་ཐབས་ཤིག་ཀྱང་ཡིན་ཏེ། ཆོས་ལུགས་རིག་གནས་ཁྲོད་རུས་བཀོལ་བའི་སྲོལ་རྒྱུན་མེད་པའི་རྐྱེན་གྱིས་མི་རིགས་ལ་ལར་ནང་བསྟན་དར་བའི་གོ་རིམ་ཁྲོད་དཀའ་ཁེགས་འཕྲད་ཀྱང་བོད་ལ་གཅིག་གྲོགས་གཅིག་ཏུ་གྱུར་ནས་རུས་མིང་རིག་གནས་ལའང་སྣ་མང་འཕེལ་རྒྱས་བྱུང་། དཔེར་ན་སྐ་བ་ལོ་ཙཱ་བ་དང་ར་ལོ་ཙཱ་ཞེས་པ་ལྟ་བུ་དང་། ཞང་རིན་པོ་ཆེ་འབྲོམ་དགེ་བཤེས་ཞེས་པ་ལྟ་བུ་རུས་དང་འབྲེལ་བའི་ཞེ་ཚིག་དང་དབལ་ཤུལ་བནལ་མ་ཞེས་པ་ལྟ་བུ་ཡང་སྲིད་ཐ་སྙད། ཉ་ཊཱིཀ་ཞེས་པ་ལྟ་བུ་གཞུང་མིང་དང་རྔོག་ལུག་ཞེས་པ་ལྟ་བུ་ལྟ་བ་མཚོན་པའི་ཐ་སྙད་དང་། གཞན་རུས་དང་སྦྱར་བའི་གསར་གཏོད་ཅ་ལག་གི་མིང་ཡང་བྱུང་ཡོད།
༼རྒྱུན་འཛིན་དང་རིན་ཐང་སྐོར་གྱི་ལྟ་ཚུལ་ཉུང་བསྡུས།༽
རྒྱུ་རྐྱེན་སྣ་ཚོགས་ཤིག་གིས་རྐྱེན་གྱིས་ཕལ་ཆེར་དུས་རབས་བཅུ་གསུམ་པའི་དུས་སྐབས་ནས་བོད་ཀྱི་མཁས་པ་དག་གི་བརྩམས་ཆོས་ཁྲོད་རུས་བཀོལ་བ་ཉུང་དུ་ཕྱིན་པ་དང་། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ཚུན་ལ་གནས་ཚུལ་དེ་ཚབས་ཅེ་ཆེར་གྱུར་ནས་རུས་ཀྱི་འདུ་ཤེས་ཤུགས་ཆེ་བའི་ས་ཁུལ་དུའང་ཕལ་ཆེར་རྗེས་ཤུལ་ཙམ་དུ་གྱུར་ཡོད། སྐབས་འདི་ལྟ་བུར་རིག་གནས་ཀྱི་མེད་སྟག་འཚོལ་བ་ལ་སྙིང་བོ་ཡོད་དམ་ཞེ་ན། རུས་མིང་རིག་གནས་ནི་ཁྱིམ་རྒྱུད་རིག་གནས་ཀྱི་རྨང་གཞིའི་མ་ལག་གཙོ་བོ་ཞིག་ཡིན་པས་ཁྱིམ་རྒྱུད་གོང་སྒྲིལ་དང་སྲ་བརྟན་དུ་གཏོང་བ་དང་། ཁྱིམ་རྒྱུད་ཁེ་ལས་དང་ཁྱིམ་རྒྱུད་ཚོགས་པ་སོགས་དར་སྤེལ་དང་མི་སྒེར་གྱི་རིན་ཐང་། གཞན་དུ་ཚོགས་པ་དང་མི་རིགས། རྒྱལ་ཁབ་སོགས་འཕེལ་རྒྱས་སུ་གཏོང་བ་ལ་ནུས་པ་གལ་ཆེན་ཐོན་སྲིད། དགོད་གཏམ་ཞིག་བཤད་ན་འཕེལ་རྒྱས་དང་དགོས་མཁོའི་དབང་གིས་ཁྱེད་ཀྱི་སྐད་ཆ་འགྱུར་ཞིང་འབོད་མིང་བརྗེས་ནའང་རུས་མིང་དེ་རྟགས་མ་ཞིག་དང་འདྲ་བར་ཁྱོད་ཀྱི་མིང་བྱང་ལས་མངོན་སྲིད།