བོད་ཀྱི་རུས་མིང

ཡོང་ཁུངས་Wikipedia

ད་ལྟ་མི་གང་མང་ཞིག་གི་བོད་ལ་མིང་རྐྱང་ལས་རུས་མིང་མེད་པར་འདོད་ན་ཡང་། འདི་ནི་གནས་ཚུལ་དངོས་དང་རྩ་བ་ནས་འགལ་འདུག་པ་མཐོང། བོད་མི་ལ་རུས་ཡོད་པ་མ་ཟད།

བོད་ཀྱི་རུས་མིང་གི་ལོ་རྒྱུས།[རྩོམ་སྒྲིག]

རུས་མིང་བྱུང་བ་ལ་ལོ་རྒྱུས་ཀྱང་ཤིན་ཏུ་རིང་པོ་ཞིག་ཡོད་པ་ནི། བོད་ཀྱི་ཚད་ལྡན་ཡིག་ཚང་དག་ལས། མ་རྨོས་ལོ་ཏོག་ཟས་སུ་ཟ་བ་དང་གོས་སུ་ཤིང་ལོ་གྱོན་པ་ནས་། ཕྱིས་མང་དུ་འཕེལ་བ་དུམ་བུ་བཞིར་ཆད་དེ་རྩོད་དེ་མི་བུ་རིགས་བཞི་ཞེས་སེ་དང་དམུ། ལྡོང་དང་སྟོང་གི་རུས་ཚན་བཞི་བྱུང་བར་གྲགས་ཤིང་། ཡང་དབྲ་དང་འདྲུ་བསྣན་ནས་མི་བུ་རིགས་དྲུག་ཏུའང་གྲགས་སོ། ཞེས་འབྱུང་བ་ལས་ཤིན་ཏུ་ཧ་གོ་སླ།

རྩ་བའི་རུས་ཚན་དྲུག།[རྩོམ་སྒྲིག]

རྩ་བའི་རུས་ཚན་དྲུག་དེ་ལས་རིམ་པར་གྱེས་པ་དཔེར་ན་། ལྡོང་ལས་ཟི་ན་དང་རྔོག། དབྲ་དང་འདྲུ་ལས་གྭ་ཟི་དང་སྐྱུ་ར་གྱེས་པ། གྭ་ཟི་ལས་ཀྱང་ཀླུ་དགེ་སོགས་དང་། དེ་བཞིན་ཟི་ན་ལས་ཀྱང་འབེ་སོགས་བྱུང་བ་ལྟ་བུས་མཚོན་ཏེ་རིམ་བཞིན་རུས་མིང་དུ་འཕེལ་བ་ལས་དཔེ་མཚོན་འགའ་རིམ་པར་བཀོད་ན། སྐ་བ། འཁོན། མགར། འགོས། དགྱེར། རྔོག། རྔེགས། ཅོག་རོ། མཆིམས། གཉགས། གཉོས། ཉང་། འདན། གནུབས། རྨེའུ། མི་ལ། རོམ། མཚུར། རླངས། དམེ་ཤུལ། ཐར་ཤུལ། བན་ཤུལ། མགོན་ཤུལ། ཕན་ཤུལ། བདུད་ཤུལ་སོགས་ཤུལ་ཆེན་བཅོ་བརྒྱད། གཡི་ཚ། ཟངས་ཚ། དཔལ་ཚ། རེབ་ཚ་སོགས་ཚ་ཆེན་བཅོ་བརྒྱད། མདོར་ན་གྱེས་པའི་རུས་མིང་ལ་ད་ལྟ་མི་འདྲ་བ་ཉིས་བརྒྱ་ལ་ཉེ་བ་ཙམ་ཞིག་ཡོད་པར་མངོན་། བོད་ཀྱི་རུས་མིང་མང་པོར་དོན་འགྲེལ་བྱ་རྒྱུ་ཡོད་པ་མ་ཟད། ཁག་གཅིག་ལ་ད་དུང་རུས་བཤད་ཆ་ཚང་བ་རེ་ཡོད་པ་དེ་ནི་

བོད་མིའི་རུས་མིང་གི་དམིགས་གསལ་ཁྱད་ཆོས་།[རྩོམ་སྒྲིག]

དཔེར་ན་ས་སྐྱའི་འཁོན་ཞེས་པའི་རུས་མིང་འདི་ནི་ལྷའི་གདུང་རྒྱུད་གཡའ་སྤང་སྐྱེས་དང་སྲིན་པོ་སྐྱ་རེངས་ཁྲག་མེད་འཁོན་པའི་བར་དུ་སྲས་ཤིག་བྱུང་བར་འཁོན་བར་སྐྱེས་སུ་བཏགས། དེའི་རྒྱུད་ལས་ས་སྐྱའི་འཁོན་གྱི་གདུང་རྒྱུད་འཕེལ་ཚུལ་(ས་སྐྱའི་གདུང་རབས་)སུ་གསལ་བར་འབྱུང་ལ། དེ་བཞིན་ལྷ་གཟིགས་རླངས་ཞེས་པའི་རུས་བཤད་ཀྱང་(རླངས་ཀྱི་པོ་ཏི་བསེ་རུ་)ལས་། མང་སྡོམ་སྟག་བཙན་གྱི་རིགས་ཀྱི་མྱུ་གུ་མས་རི་རྩེ་ར་བསྐྱལ་བ་མང་སྡོམ་གྱིས་མཁྱེན་ནས་གཟིགས་པར་བྱོན་པས་ཁྱེའུ་དེ་ཉིད་གཅན་གཟན་པས་དེ་ནས་བཟུང་རིགས་རུས་ལ་རླངས་ཐོགས་ཚུལ་རྒྱས་པར་འབྱུང་། དེ་བཞིན་(མི་ལའི་རྣམ་མགུར་)ལས་ཀྱང་ཁོག་གི་རུས་མིང་མི་ལ་ཞེས་པ་དེ་ཡབ་མེས་ཇོ་སྲས་སུ་འབོད་པ་དེ་མཐུ་ཆེ་བ་ལ་བརྟེན་ནས་ཐོགས་ཚུལ་གསལ་བར་འབྱུང་བ་དག་གིས་མཚོན་ནོ། དེ་ལྟར་བོད་ལ་གདོན་མའི་དུས་ནས་རུས་མིང་ཡོད་ཅིང་། སངས་རྒྱས་ཆོས་བོད་དུ་དར་རྗེས་ཀྱི་བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་བཅས་ལོ་རྒྱུས་ཀྱི་དུས་སྐབས་དེ་དང་དེ་དག་ཚང་མར་རུས་མིང་སྤྱོད་སྲོལ་ཡོད་པ་མ་ཟད། རུས་མིང་སྤྱོད་སྲོལ་ཉམས་ནས་མི་ལོ་བརྒྱ་ཕྲག་འགའ་ཞིག་འདས་ཟིན་པའི་ད་ལྟའི་དུས་སུའང་བོད་བྱང་རྒྱུད་ཀྱི་ས་ཆ་ལ་ལ་དང་ཨ་མདོ་དང་ཁམས་ཀྱི་འབྲོག་ཕྱོགས་སུ་ད་དུང་རུས་མིང་སྤྱོད་པའི་སྲོལ་རྒྱུན་མ་ཉམས་པར་ཡོད།