བེ་རིའི་དཔེ་མཛོད་ལས། ཁང་སར་སྐྱབས་མགོན་རྣམ་ཐར།

ཡོང་ཁུངས་Wikipedia

ཁང་སར་སྐྱབས་མགོན་རྣམ་ཐར།

མཆོད་བརྗོད་དང་གླེང་གཞི།

རབ་གསལ་དྲི་མེད་བློ་གྲོས་བཟང་པོས་དུས་གསུམ་ཤེས་བྱ་སྒྲིབ་མེད་གཟིགས། ། རྨད་བྱུང་ཚུལ་ཁྲིམས་ཡོངས་སུ་དག་པས་ཕྲ་རགས་ཉེས་ཚོགས་རྒྱུ་བ་བཅས།། བསྟན་པའི་སྙིང་པོ་འཇམ་མགོན་རིང་ལུགས་རྣམ་དག་རྒྱལ་མཚན་སྲིད་རྩེའི་བར། ། སྒྲེང་ལ་ཟླ་བྲལ་རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མར་ཕྱག་འཚལ་ལོ།། རིན་ཆེན་སེམས་མཆོག་གསེར་གྱི་ས་གཞིར་ཚོགས་གཉིས་རྩ་བ་རབ་ཏུ་བརྟན། ། རྒྱ་ཆེན་སྤྱོད་པའི་སྡོང་པོ་རབ་རྒྱས་ཕྱིན་དྲུག་བསྡུ་བཞིའི་ཡལ་འདབ་གཡོ།། སྐུ་གསུམ་འབྲས་བུའི་ཁུར་གྱིས་དུད་པའི་སྔོན་མེད་དཔག་བསམ་དབང་པོ་མཆོག ། མཉམ་མེད་ཤཱཀྱ་སེངྒེའི་ཞབས་སེན་བྱང་ཆུབ་བར་དུ་གཙུག་ན་བསྟེན།། གཏིང་མཐའ་དཔག་ཡས་ཚོགས་གཉིས་ཆུ་གཏེར་ལས།། ཉེར་འཁྲུངས་སྤངས་རྟོགས་ཆ་ཤས་ཀུན་ནས་རྫོགས།། སྦས་དོན་ལེགས་བཤད་འོད་ཀྱི་དྲ་བ་ཅན།། མི་ཕམ་ཟླ་བ་དད་བའི་མཁའ་ལ་རོལ།། དབྱིངས་རིགས་རོ་མཉམ་རྒྱལ་བའི་ཡེ་ཤེས་སྐུ།། མཚན་དཔེའི་ཚོམ་བུ་གཅིག་ཏུ་སྤུངས་པའི་ལྷ།། འཇམ་པའི་དབྱངས་ཞེས་གྲགས་པས་ཕྱོགས་ཀྱི་ཁྱོན།། དོག་པོར་བགྱིས་པ་དེ་ལ་མགོས་ཕྱག་མཚལ།། དམིགས་མེད་ཐུགས་རྗེའི་བདུད་རྩི་འཁྱིལ་པའི་མཚོར།། སྤྱན་རས་གཟིགས་སུ་སྒྲོ་བཏགས་བཅོས་མའི་དབྱངས།། རབ་འབྱམས་ཞིང་དུ་འཚེར་བ་གངས་རིའི་མགོན།། ཕྱག་ན་པདྨོའི་ཞབས་སེན་སྤྱི་བོར་འཛིན།། བདེ་གཤེགས་གསུང་རབ་རིན་ཆེན་སྒྲོམ་ཕྱེ་བས།། འཛམ་གླིང་བློ་གསལ་ཡོངས་ཀྱི་འདོད་འཇོའི་དཔལ།། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་སོགས།། འཕགས་ཡུལ་པཎ་གྲུབ་རྣམས་ལ་གུས་ཕྱག་འཚལ།།

བློ་གཏེར་གསང་དབང་གྲུབ་འཛིན་བདག་པོ་ཡིད་འཕྲོག་ སྒྱུ་འཕྲུལ་དྲ་བའི་གར། །བཟང་པོའི་སྨོན་ལམ་རླབས་ ཆེན་གྲུབ་པས་ཀཻ་ལ་ཤ་རིའི་སྨན་ལྗོངས་འདིར། ། འཆད་རྩོད་རྩོམ་པའི་གྲགས་པ་རབ་འབར་སྨྲ་བའི་སེངྒེ་ གཅིག་པུ་བ། །འཇམ་མགོན་བླ་མའི་ཞབས་ཀྱི་རྡུལ་ ཕྲན་འདབ་བརྒྱད་སྙིང་གི་ཟེའུ་འབྲུར་བསྟེན། །

གང་གི་ལུགས་བཟང་བསམ་འཕེལ་ནོར་གྱི་བུ། ། ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེར་མཆོད་ནས། ། ཕན་དང་བདེ་བའི་འདོད་རྒུའི་ཆར་འབེབས་པ། ། དགེ་ལྡན་བསྟན་འཛིན་རིམ་བྱོན་ཕྱག་གི་ཡུལ། །

རྣམ་དག་བདེ་ལྡན་ཞིང་གི་མགོན་དང་བརྩེ་ཆེན་འཁྲི་ ཤིང་མིག་མི་འཛུམ། །གསེར་ཞུན་ཅོད་པཎ་འཆང་ བའི་རིང་ལུགས་རྒྱ་མཚོའི་གོས་ཅན་ཁྱོན་ཡངས་པོར།། སྤེལ་མཛད་ངུར་སྨྲིག་གར་དུ་ཟློས་ཤིང་འཛམ་གླིང་ས་ གཞི་སྐྱོང་བ་ཀུན། །དབང་སྡུད་བཀའ་ཡི་འཁོར་ལོས་ བསྒྱུར་བ་རྒྱལ་དབང་ཡབ་སྲས་གུས་པས་མཆོད། །

སྟོན་མཆོག་གངས་ཀྱི་རི་བོ་ལས་འོངས་པའི། ། ཟབ་རྒྱས་ཡན་ལག་བརྒྱད་ལྡན་བདུད་རྩིའི་རྒྱུན། ། བདག་བློ་དད་པའི་གཤོང་བུར་འགྲེམ་མཁས་པ། ། དྲིན་ཅན་བླ་མའི་ཚོགས་ལ་ཕྱག་བགྱིའོ། །

མཚན་དཔེའི་དཔལ་རྫོགས་བླ་མའི་སྐུ་ནི་མི་ཤིགས་ཐིག་ ལེའི་རྣམ་འཕྲུལ་རྡོ་རྗེའི་སྐུ། །བརྒྱད་ཁྲིའི་ཆོས་མཛོད་ བླ་མའི་གསུང་ནི་གཞོམ་མེད་ནཱ་དའི་རང་གདངས་རྡོ་རྗེའི་ གསུང༌། །ཤེས་བྱ་ཀུན་ཁྱབ་བླ་མའི་ཐུགས་ནི་མི་རྟོག་བདེ་ ཆེན་ཡེ་ཤེས་རྡོ་རྗེའི་ཐུགས། །དཔག་ཡས་ངོ་མཚར་བླ་ མའི་ཡོན་ཏན་གངྒཱའི་རྡུལ་ཞིང་སྨྲ་བསམ་བརྗོད་ལས་འདས།།

ཐུགས་གསང་མཁྱེན་བརྩེ་ནུས་པ་སྟོབས་སུ་སྨིན། ། གསུང་གསང་འཆད་རྩོད་རྩོམ་པས་ཐུབ་བསྟན་སྤེལ། ། སྐུ་གསང་མཐོང་ཐོས་དྲན་རེག་དོན་དང་ལྡན། ། འདི་དག་རྟོགས་བརྗོད་གཏམ་གྱི་གླེང་གཞི་ཡིན། །

འོན་ཀྱང་དེང་དུས་བླ་མའི་གཟུགས་བརྙན་མངོན་ དང་ལྐོག་ན་སྤྱོད་པའི་ཚུལ། །འགལ་བར་བསྡེབས་ པས་ཡིད་སྲུབས་དགའ་སྐྱེད་སྲས་བཅས་རྒྱལ་རྣམས་ ཁྲེལ་བའི་གནས། །བསྔགས་པའི་ཚིག་གི་པི་ཝང་སྙན་ ཀྱང་དོན་གྱི་ཁོག་པ་སྟོང་པ་ཅན། །དེ་འདྲ་དེ་ལ་ལྕེ་ རྩེ་བཏང་སྙོམས་བསྟན་པའི་རྒྱན་དུ་མི་མཛེས་སམ།།

དེ་ཕྱིར་དམ་པའི་སྐྱེས་མཆོག་ནོར་བུའི་སྒྲོན། ། མཁས་བཙུན་བཟང་པོར་འོད་ཟེར་སྟོང་འབར་བ། ། རྣམ་གྲོལ་དོན་གཉེར་འདོད་པ་འཇོ་བའི་ཚུལ། ། དྲང་པོའི་ཚིག་གིས་མཚོན་རྣམས་སྐལ་པ་བཟང༌། ། ཡང་དག་མ་ཡིན་སྒྱུ་མའི་འཁྲུལ་འཁོར་ལ། ། སྒྲོ་སྐུར་མཐའ་ཡི་སྨྲ་བ་ལྷུར་བླངས་ཏེ། ། རྨོངས་པ་ངོ་མཚར་སྐྱེད་པའི་ཟློས་གར་གྱིས། ། སོ་སྐྱེའི་རང་མཚན་སྟོན་དང་འདི་མི་མཚུངས༌། ། རྟག་བརྟན་ཞི་བའི་དབྱིངས་ལ་གདོང་ཕྱོགས་ནས། ། དམ་པ་རྣམས་ཀྱི་རྗེས་སུ་འཇུག་འདོད་པ། ། གཟུར་གནས་བློ་གྲོས་ནོར་གྱིས་ཕྱུག་པ་དག ། འཕགས་པའི་རྟོགས་བརྗོད་མགུལ་བའི་རྒྱན་དུ་བྱོས། དེ་ལ་འདི་སྐད་དུ། མངོན་པར་འདོད་པ་དང༌། ཡིད་ཆེས་པ་དང༌། དང་བའི་དད་པ་ནི། ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བདེ་བར་གཤེགས་པའི་བཀའ་དང་ཚད་མར་གྱུར་པའི་བསྟན་བཅོས་མང་པོ་ལས་ཐོས་ཏེ། དཀོན་མཆོག་སྒྲོན་མེ་ལས། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། ། ཡོན་ཏན་ཐམས་ཅད་སྲུང་ཞིང་སྤེལ་བར་བྱེད། ། དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། ། དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། ། དད་པ་རྙོག་པ་མེད་ཅིང་སེམས་དྭངས་ཕྱེདབྱེད།། ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། ། དད་པ་ནོར་དང་གཏེར་དང་རྐང་པའི་མཆོག ། ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། ། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བ་ལས་སོ། །གང་གི་དྲུང་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཆོས་བདུད་རྩིའི་བགོ་སྐལ་ལེགས་པར་ནོད་པའི་དགེ་བའི་བཤེས་གཉེན་ལ་རྟག་ཏུ་དད་པ་དང་གུས་པས་བལྟ་ཞིང་ཆེ་བ་བརྗོད་པ་ནི། སྤྱིར་ལས་ཁྱད་པར་གྱི་བསྔགས་འོས་དུ་མ་དང་བཅས་པ་ལགས་ཏེ། སམྦི་ཊ་ལས། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང༌། ། བྱང་ཆུབ་སེམས་དཔའི་བསོད་ནམས་པས། ། སློབ་དཔོན་བ་སྤུའི་ཁུང་གཅིག་མཆོག ། དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། ། སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། ཞེས་དང༌། རྒྱུད་དུ་མར། བླ་མ་སངས་རྒྱས་ཀུན་དང་མཉམ། ཞེས་དང༌། འཕགས་པའི་ཏིང་ངེ་འཛིན་དམ་པའི་མདོ་ལས། ཕྱི་མའི་དུས་སུ་ང་ཉིད་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་ཏིང་ངེ་འཛིན་འདི་སྟོན་པར་འགྱུར་གྱི། དེའི་ཕྱིར་དགེ་བའི་བཤེས་གཉེན་ནི། ཁྱོད་ཀྱི་སྟོན་པ་ཡིན་པས་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་མཆོད་པ་དང་བཀུར་སྟི་གྱིས་ཤིག །ཅེས་དང༌། རྨོག་ལྕོག་པ་ཆེན་པོའི་ཞལ་ནས། ཀྱཻ་རྡོ་རྗེ་རང་དམར་ན་དམར། རྗེ་བཙུན་སྒྲོལ་མ་རང་སྔོ་ན་སྔོ། ཐུགས་རྗེ་ཆེན་པོ་རང་དཀར་ན་དཀར། ང་ནི་གང་དུ་བསྡད་ཀྱང་བླ་མའི་སྣང་བ་དང་བྲལ་མ་མྱོང་བ་ཚེ་གཅིག་གི་སངས་རྒྱས་ང་ལ་ཡོད། ཅེས་དང༌། འཇམ་མགོན་ཆོས་ཀྱི་རྒྱལ་པོས། འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི།། ཡོན་ཏན་ཀུན་གྱི་རྩ་བ་དྲིན་ཅན་རྗེ། ཞེས་དང༌། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལས། །གང་གི་བ་སྤུའི་བུ་ག་གཅིག་ཙམ་ཡང༌།། བདག་ཅག་བསོད་ནམས་ཞིང་དུ་ལེགས་བསྔགས་པའི། །སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་མཉམ་མེད་སྟོབས་བཅུ་མངའ་བ་མཐའ་དག་གི་རིང་ལུགས་པ་ཆེན་པོ། ཇི་ལྟ་བ་དང༌། ཇི་སྙེད་པའི་ཤེས་བྱ་ཐམས་ཅད་ལ་སྐྱེས་སྦྱངས་མཁྱེན་རབ་ཀྱི་འོད་སྣང་མཆོག་ཏུ་འབར་བས་ངེས་དོན་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ། གཉེས་གཤིན་བརྩེ་བ་ཆེན་པོའི་གཞན་དབང་དུ་གྱུར་ཏེ། གང་ལ་གང་འདུལ་གྱི་སྤྲུལ་པའི་བཀོད་པ་བློ་ཡུལ་ལས་འགོངས་པས་མཁའ་མཉམ་ལུས་ཅན་ཡོངས་ཀྱི་རེ་འདོད་ལྷུག་པར་སྐོང་བ་ལ་ཡིད་བཞིན་གྱི་ནོར་དང༌། དཔག་བསམ་གྱི་ཤིང་ལྟ་བུ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཁང་གསར་སྐྱབས་མགོན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སྒྲོ་སྐུར་སྤངས་པའི་ཚུལ་གྱིས་གླེང་བ་ལ་གཉིས།








ལེའུ་དང་པོ། རིགས་ཕུན་སུམ་ཚོགས་པ་སྐྱེ་བ་བཞེས་པའི་ཚུལ། ༡ སྐྱེ་ཕྲེང་སྔ་མའི་རྣམ་ཐར་མདོ་ཙམ་བཤད་པ། སྐྱེ་ཕྲེང་སྔ་མའི་རྣམ་ཐར་མདོ་ཙམ་དང༌། སྐུ་ཚེ་འདིའི་རྟོགས་པ་རྒྱས་པ་བརྗོད་པའོ། །དང་པོ་ནི། མཆོག་གི་གོ་འཕང་བརྙེས་པར་གྲགས་པ་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེ་ཞལ་སྔ་ནས་ཀྱིས་གསུངས་པ་ལྟར། སྤྱན་རས་གཟིགས། ཉེ་བར་འཁོར། རིགས་ལྡན་པདྨ་དཀར་པོ། སློབ་དཔོན་དབྱིག་གཉེན། པཎ་ཆེན་ཤཱཀྱ་བཤེས་གཉེན། གྲུབ་ཆེན་གུ་ན་པ། གྲུབ་ཆེན་པདྨ་བ༽། སློབ་དཔོན་མཆོག་གི་སྡེ། སློབ་དཔོན་སེངྒེ་བཟང་པོ། ཤ་ར་བ་ཡོན་ཏན་གྲགས། འབྲི་གུང་འཇིག་རྟེན་གསུམ་མགོན། འགྲོ་མགོན་གཙང་པ་རྒྱ་རས། འབའ་ར་བ་རྒྱལ་མཚན་དཔལ་བཟང༌། འདུལ་འཛིན་གྲགས་པ་རྒྱལ་མཚན། ལོ་ཆེན་སྐྱབས་མཆོག་དཔལ་བཟང་རྣམས་སུ་སྐུའི་སྐྱེ་བ་བཞེས་ནས་སེམས་ཅན་གྱི་དོན་མཛད་པ་སྟེ། དེ་དག་གི་མངོན་པར་རྟོགས་པའི་ཆེ་བ་བཞི་པར་འདིར་མང་དུ་དོགས་པས་གཞན་ལས་ཤེས་པར་བྱའོ། །


༢ སྐུ་ཚེ་འདིའི་རྟོགས་པ་རྒྱས་པ་བརྗོད་པ་ལས། རིགས་ཕུན་ སུམ་ཚོགས་པ་སྐྱེ་བ་བཞེས་པའི་ཚུལ། གཉིས་པ་ལ་གསུམ། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལོ། །དང་པོ་ལ་གང་དུ་བལྟམས་པའི་གནས་ནི། སཱ་ལའི་ནགས་དང་ཀཻ་ལ་ཤས་ཁྱད་པར་དུ་བྱས་པས་༅ྷོཊ་བོད་ཀྱི་ལྗོངས་འདི་ལ་བོད་དང་བོད་ཆེན་པོ་གཉིས་སུ་ཕྱེ་བའི་བོད་ཆེན་པོ་ཆོལ་ཁ་གསུམ་དུ་ཕྱེ་བའི་མིའི་ཆོལ་ཁ། ཤར་ཕྱོགས་ཀྱི་ནོར་འཛིན་ལག་མཐིལ་ལྟར་མཉམ་ཞིང་ཡངས་པ་ལ་ཚོན་སྣ་བརྒྱའི་མདངས་ཀྱིས་ཕྱེ་བའི་མེ་ཏོག་རྣམ་པ་དུ་མས་བཀྲ་བ། སྐྱེ་བོའི་ཚོགས་འབུམ་ཕྲག་དུ་མའི་འདུ་ལམ་གྱིས་མཚན་པ། ལྷོ་ཕྱོགས་དང་གཡོན་ཟུར་ན་ཆུ་ཀླུང་ཆེན་པོ་རྒྱུན་ཆད་མེད་པ་འབབ་པ། ནུབ་ཀྱི་ཕྱོགས་སུ་རི་བོ་དར་གྱི་ཡོལ་བ་བྲེས་པའམ་འདབ་ཆགས་གཤོག་པ་བརྐྱངས་པ་འདྲ་བ། བྱང་དུ་བྲག་རི་གླང་ཆེན་གྱིས་དག་བྱེད་འཐུང་བ་ལྟ་བུ་སྟེ། ཤར་གྱི་སྟག་སྐྱ་བོ། ལྷོའི་གཡུ་འབྲུག་འཁྱིལ་པ། ནུབ་ཀྱི་བྱ་དམར་པོ། བྱང་གི་རུས་སྦལ་སོགས་པའི་སྲུང་བཞི་མངོན་པར་ཚང་བ། གཞན་ཡང་མདུན་རི་རིན་ཆེན་སྤུངས་པ་འདྲ་བ་ལ་འབྲུ་སྣ་ལྔའི་སྙེ་མ་གཡུར་དུ་ཟ་བའི་ཁུར་གྱིས་དུད་པ། རྒྱབ་རི་ལག་ལྡན་འགྱིང་བ་ལྟ་བུ་རི་རྒྱུད་རིང་ཞིང་གཏོས་ཆེ་བ། ནམ་མཁའ་ཟླུམ་ལ་འཁྱིལ་བ་འཁོར་ལོའི་དབྱིབས་ལྟ་བུ་སོགས་ས་དཔྱད་ཕུན་སུམ་ཚོགས་ཤིང༌། །ཁྱད་པར་དུ། ཁང་ས་ཞིང་ས་ས་ཡི་དགེ །འཐུང་ཆུ་ཞིང་ཆུ་ཆུ་ཡི་དགེ །གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ། ཁང་ཤིང་འབུད་ཤིང་ཤིང་གི་དགེ །ཁང་རྡོ་འཐག་རྡོ་རྡོ་ཡི་དགེ །ཞེས་པ་ལྟར་དགེ་བཅུའི་དཔལ་ཡོན་མ་ཚང་བ་མེད་པའི་རྒྱན་གྱིས་ཀུན་ནས་མཛེས་པ་ཏྲེ་ཧོར་དཀར་མཛེས་ཞེས་བྱ་བའི་གྲོང་མི་ཁྱིམ་ཉིས་བརྒྱ་ལྷག་པའི་དབུས་ན་སྟོབས་འབྱོར་བསོད་ནམས་ཀྱིས་མངོན་པར་མཐོ་བ་ཁང་གསར་ཧོར་གྱི་རྒྱལ་ཁབ་བོ། །རིགས་ནི། ཇིང་གིར་གནམ་གྱི་རྒྱལ་པོའི་རིགས་རྩོད་པ་དང་བྲལ་བ་སྟེ། དེ་ཡང༌། འཛམ་གླིང་ནོར་འཛིན་ཡངས་པའི་ཤར་ཕྱོགས་འཕགས་པ་འཇམ་དཔལ་གྱི་གནས་མཆོག་རི་བོ་རྩེ་ལྔར་གྲགས་པ་དང་འདབ་ཆགས་པ་ན་སའི་ཚངས་པ་ཆེན་པོ་ཚེ་རིང་གནམ་གྱི་ཤེ་མོང་བཙན་པོས་ཡངས་པའི་གསེར་ལྡན་གྱི་ཁྱོན་མཐའ་དག་ལ་འདོད་རྒུར་དབང་བསྒྱུར་བའི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཧོར་ཇིང་གིར་གནམ་གྱི་རྒྱལ་པོ་ཞེས་གྲགས་པ་མཆོག་ཏུ་འབར་བའི་གདུང་རབས་ལས་ཧོར་གོ་དན་རྒྱལ་པོ་བྱུང༌། དེས་འཇམ་དབྱངས་ས་སྐྱ་པབྲསྤྱ༣་ཏ་ཀུན་དགའ་རྒྱལ་མཚན་གདན་དྲངས་ཤིང་ཧོར་སེ་ཆེན་རྒྱལ་པོའི་སྐུ་རིང་ལ་འགྲོ་མགོན་འཕགས་པ་སྤྱན་དྲངས། དེ་སྐབས་པབྲསྤྱ༣་ཏ་ཁུ་དཔོན་རྒྱ་ཡུལ་དུ་ཕེབས་པའི་ལམ་བར་ལ་སྒ་སྟོད་ནས་སློབ་མ་ཞིག་བྱུང་བ། བྱད་དབྱིབས་སྒོ་རུམ་གྱི་བསེ་འབག་དང་འདྲ་བར་བསྙད་ནས་མིང་ཨ་གཉན་དུ་ཆགས། ངེས་དོན་དུ་ཁུ་དབོན་གཉིས་ཀས་དཔལ་ལྡན་གུར་གྱི་མགོན་པོའི་རྣམ་རོལ་དུ་གཟིགས། མཚན་ཀུན་དགའ་གྲགས་སུ་བཏགས་ཏེ་ཕྱག་ཕྱིར་ཁྲིད་ཅིང༌། ཕྱིས་སུ་སྒ་ཨ་གཉན་ཁུ་དཔོན་གཉིས་ཀའི་ཐུགས་སྲས་གཙོ་བོར་གྱུར། འགྲོ་མགོན་འཕགས་པ་ཧོར་རྒྱལ་པོའི་དབུ་བླར་གྱུར་སྐབས་མདོ་ཁམས་ས་ཡི་ཐིག་ལེ་འདིར། །དཔལ་ལྡན་གུར་གྱི་མགོན་པོའི་རྟེན་ཁྱད་པར་ཅན་ཞིག་བཞེངས་པར་དགོངས་ནས་བཟོ་བོར་སྒ་ཨ་གཉན་དམ་པ་དང༌། སྦྱིན་བདག་ཏུ་ཧོར་རྒྱལ་པོའི་གདུང་སྲས་ཝང་ཆེན་པོ་དམག་དཔུང་དང་བཅས་པ་བཀས་མངའ་གསོལ་ཏེ་གོང་མ་ན་རིམ་གྱི་ཐུགས་དམ་རྟེན་གཙོ་བྱིན་རླབས་ཀྱི་གཟི་འོད་འབར་བ་དུ་མར་བཅས་ཕྱོགས་དེར་བཏང་བ་ལྟར་ཡོ་བྱད་རྣམས་བདག་གིར་མཛད་དེ་བྱོན་པའི་ཝང་དེ་ཉིད་ཀྱིས་ཕྱོགས་འདིའི་སྒམ་ཚན་གྲོང་ཞེས་བྱ་བ་ན་བུ་མོ་མཚན་ལྡན་ཞིག་ཡོད་པ་ཁབ་ཏུ་བཞེས་པ་ལས་སྲས་མཚན་དང་ལྡན་པ་ཞིག་བཙས་པ་དེ་ལ་ཧོར་མ་བསམ་བུ་ཞེས་གྲགས། སྐབས་དེར་ཡུལ་འདིའི་དཔོན་པོ་དབྲ་བ་ན་བོན་བླ་ཆེན་པོ་ཞིག་ཡོད་པ་དེ་ལ་རྒྱ་རྗེའི་གདུང་སྲས་ཝང་ཆེན་པོ་དེས་ཁོ་བོའི་བུ་འདིར་སྡེ་དུད་ཁ་ཤས་དགོས་ཞེས་གསུངས་པ་བཞིན་གྲོང་ཚོ་གསུམ་ཙམ་ཕུལ། ཧོར་མ་བསམ་བུ་ལ་སྲས་ཧོར་ནག་འཇའ་ཟེར་བ་བྱུང༌། དེའི་སྲས་ཨ་རྒྱས། དེའི་སྲས་འབུམ་དགེ་རྒྱས། དེའི་སྲས་བླ་མ་སྐྱབས། དེའི་སྲས་ཧོར་ནམ་མཁའ་བློ་བཟང༌། དེ་ལ་སྲས་ཆེ་བ་ཧོར་ནམ་མཁའ་རྒྱལ་མཚན་དང༌། ཆུང་བ་བཀའ་བཅུ་ནམ་མཁའ་འོད་ཟེར་གཉིས་བྱུང༌། ནམ་མཁའ་རྒྱལ་མཚན་གྱིས་རྟའུ་ཡན་ཆད། རྫ་ཁོག་མན་ཆད་དབང་དུ་བསྡུས། དེས་བཙུན་མོ་གསུམ་ཁབ་ཏུ་བཞེས་པས་སྲས་དྲུག་བྱུང༌། བཙུན་མོ་ཆེ་བའི་སྲས་དབང་ལུ་དང༌། ཆོས་རྗེ་ངག་དབང་ཕུན་ཚོགས་ལྷ་དབང་ཕྱོགས་ལས་རྣམ་རྒྱལ། འབྲིང་པོའི་སྲས་དབང་པོ་དང༌། མཁན་པོ་ས་སྐྱོང་ངག་དབང་དཔལ་བཟང༌། ཆུང་བའི་སྲས་འོད་ཆུང་དང༌། ཆོས་རྗེ་བློ་བཟང་བསྟན་འཛིན་ཏེ། འོད་ཆུང་ལ་ནོར་བུ་ཡང་ཟེར། ཕྱིས་སྤུན་གསུམ་སྡེ་བགོས་བྱས་ཏེ། སྲས་དབང་ལུ་མ་ཟུར་དཔོན་དང༌། དབང་པོ་ཏྲེ་འོ་དཔོན་སར་འཁོད། །དབང་པོ་ཨུ་ཇུ་ནོ་ཡོན་ཡིན་ཟེར་བ་འདུག་ཀྱང་ཨུ་ཇུ་ནོ་ཡོན་ཕྱིས་སུ་བྱུང་འདུག་པས་དུས་མི་མཚུངས། འོད་ཆུང་ངམ་ནོར་བུས་བྲག་མགོ་དཔོན་བྱས་པར་གྲགས། མ་ཟུར་དཔོན་དབང་ལུའི་སྲས་ཧོར་ནམ་མཁའ་བསམ་འགྲུབ། དེའི་སྲས་ཧོར་བཱ་ཐི་ནོ་ཡོན། དེ་ལ་བཙུན་མོ་གཉིས་ཡོད་པའི་གཅིག་ལ་སྲས་དཱ་ཧན་ནོ་ཡོན་དང༌། མཁན་པོ་ཚངས་དབྱངས། གཅིག་ལ་རྡོ་རྗེ་རབ་བརྟན་དང༌། བླ་མ་ངག་དབང་བྱུང༌། དེ་གཉིས་བགོས་ཏེ་དཱ་ཧན་ནོ་ཡོན་མ་ཟུར་དཔོན་དང༌། རྡོ་རྗེ་རབ་བརྟན་ཁང་སར་དཔོན་བྱས། །སྔ་མ་ལ་ནམ་མཁའ་བསོད་ནམས་ཀྱང་ཟེར་ཞིང༌། རྡོ་རབ་ཀྱིས་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་ཞབས་ལ་ཡང་ཡང་གཏུགས་ཤིང་ཆོས་འབྲེལ་ཀྱང་ལན་གྲངས་མང་དུ་ཞུས། རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་མཆོག་ལྡན་མགར་ཐར་ནས་རང་གི་ཕོ་བྲང་དུ་གདན་དྲངས་ཏེ་སྡེ་མགོན་ཁང་གི་བསྐོར་ཚད་དང༌། དཔོན་རང་ཉིད་ཀྱི་རྟེན་བཞེངས་མཐའ་ཀླས་པ་མཛད་པ་རྣམས་ལ་རབ་གནས་ཞུས། གཞན་ཡང་ཆོས་ཀྱི་བགོ་སྐལ་ཅི་རིགས་ཐོབ་ཅིང༌། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་ཀྱང་རྒྱས་པར་བསྟབས་སོ། ། དཔོན་རྡོ་རྗེ་རབ་བརྟན་གྱི་སྲས་བསྟན་འཛིན་དང༌། ཆོས་མཛད་བློ་བཟང་རྣམ་རྒྱལ། བསྟན་འཛིན་གྱི་སྲས་རྒྱལ་མཚན་ནོར་བུ། དེའི་སྲས་བསོད་ནམས་མཆོག་ལྡན། འདི་ལ་རྒྱལ་ཁབ་རང་དུ་སྲས་མེད། སྲས་མོ་ཞིག་བཙས་ཀྱང་མི་རིང་བར་བཙུན་མོ་མ་བུ་གཉིས་ཀ་འདས། དཔོན་པོ་ཡང་རིང་པོར་མ་ཐོགས་པར་གཤེགས། ཐེ་མོ་བློ་དམ་ཟེར་བ་ཞིག་བཙད་པོ་དང་ཤིན་ཏུ་མཛའ་བ་ལ་མངོན་ཆུང་དུ་སྲས་ཤིག་བལྟམས་པ། །བློན་པོ་ནང་མ་རེ་ཟུང་གིས་འཚལ་བ་ལས་གཞན་གྱིས་མ་ཤེས། དེ་སྐབས་སྡེ་རྣམས་དཔོན་སར་མ་འཆམས་པར་འཐེན་བརྩོད་ཅུང་ཟད་བྱུང༌། མ་བློ་དམ་གྱིས་གཞོན་ནུ་རྒྱབ་ཏུ་ཁུར་ཏེ་གྲུབ་པའི་དབང་ཕྱུག་ལམ་བྲག་བསྐལ་བཟང་རྣམ་རྒྱལ་རིན་པོ་ཆེར་མཇལ་དུ་སོང་བ་ན། བླ་མ་དམ་པ་དེ་ཉིད་ཀྱིས་དགྱེས་ཚོར་ཆེན་པོ་མཛད་དེ་ཞལ་ནས། ས་མཐའི་བྱིས་ལུ་ར་སློག་གྱོན། དཔོན་ལི་བསྣམས་བཞེས་ཞུ་བའི་ལ་ཐང་མེད། མིང་བསྐལ་བཟང་དར་རྒྱས་སུ་ཐོགས་གསུངས་ཞེས་གྲགས། དེ་ལྟར་ཧོར་སྲས་བསྐལ་བཟང་དར་རྒྱས་དེ་ཉིད་ནར་སོན་ཏེ་རིམ་གྱིས་རྒྱལ་སར་འཁོད། འབངས་རྣམས་མ་བུ་གཅིག་པ་ལྟར་བྱམས་སྐྱོང་མཛད། དཀོན་མཆོག་ལ་དད་གུས་ཚད་མེད་པ་མངའ་བས་རྟེན་གསུམ་མཐའ་ཀླས་པ་བཞེངས། ལྷ་ལྡན་དུ་རྒྱལ་དབང་ཡབ་སྲས། །ཇོ་ཤཱཀ་རྣམ་གཉིས། རང་བྱོན་ལྔ་ལྡན། སེ་འབྲས་དགེ་གསུམ། རྒྱུད་གྲྭ་སྟོད་སྨད། བསམ་ཡས་བལ་ཡུལ་མཆོད་རྟེན་རྣམ་གསུམ། ས་སྐྱ། བཀྲ་ཤིས་ལྷུན་པོ་སོགས་གནས་རྟེན་སྐྱེས་ཆེན་དགེ་འདུན་གྱི་སྡེ་མཐའ་ཡས་པར་བསྙེན་བཀུར་མཆོད་སྤྲིན་གྱི་ཕུང་པོ་གཞལ་དུ་མེད་པ་སྤྲོས་རང་ཡུལ་འདིར་ཡང་སྤྱི་སྒོ་རྒྱབ་ཀྱི་ས་མིག་སྟེང་དུ་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་ལ་དཔེ་བླངས་ཏེ་ནང་ལྷ་ཁང་དང་ཕྱི་མཆོད་རྟེན་གྱི་རྣམ་པ་བུམ་པ་མན་ཆད་ལའང་ཐོག་ལྔ་བརྩེགས་ཙམ་ཡོད་པ་བསྐོར་ལམ་སྟེང་འོག་བཅས་ཤྲིའ་དྷ་ན་ཀོ་ཊ་ཀ་ལྟ་བུ་གསར་དུ་བསྐྲུན་ཅིང༌། དཀར་མཛེས་དགོན་གྱི་འདུ་ཁང་ཆེན་མོའི་སྦུག་ཏུ་འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཐོག་བརྩེགས་གཉིས་པ་ཅན་ཤིན་ཏུ་བྱོན་ལེགས་བཞེངས་པ་སོགས་རྨད་བྱུང་རྣམ་པར་དཀར་བའི་ཕྱག་རྗེས་རླབས་ཆེ་བར་སྣང༌། ཧོར་གྱི་གདུང་རུས་འདི་ལས་སྤྱིར་དམ་པའི་སྐྱེས་བུ་འགྲན་ཟླ་དང་བྲལ་བ་མཐའ་ཡས་བྱུང་བར་གྲགས་ཤིང༌། གྲུབ་པ་ལྟར་ལ་ཕྱོགས་འདིར་ཡང་དཀའ་བཅུ་ནམ་མཁའ་འོད་ཟེར། ཆོས་རྗེ་ངག་དབང་ཕུན་ཚོགས་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་དེའི་གཅེན་མཁན་པོ་ས་སྐྱོང་ངག་དབང་དཔལ་བཟང༌། གཅུང་ཆོས་རྗེ་བློ་བཟང་བསྟན་འཛིན། དེའི་སྐུ་ཚ་རྫ་ཆོས་རྗེ་ངག་དབང་ཕུན་ཚོགས། མ་ཟུར་མཁན་པོ་ཚངས་དབྱངས། ཏྲེ་བོ་མཁན་པོ་བྱང་ཆུབ་རྒྱལ་མཚན་སོགས་ལུང་རྟོགས་ཡོན་ཏན་གྱི་མཛོད་མངའ་བ་མང་དུ་བྱོན་ཏེ། དེ་དག་ཀུན་ཀྱང་ངོ་མཚར་བའི་ཆེ་བ་བསམ་གྱིས་མི་ཁྱབ་པ་ཤ་སྟག་ལས། ཆོས་རྗེ་ངག་དབང་ཕུན་ཚོགས་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་ནི་ྋགོང་ས་ལྔ་པ་ཆེན་པོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་སོགས་བསྟེན་ཅིང་ལྗོངས་འདིར་དགོན་སྡེ་བཅུ་གསུམ་མམ་བཅུ་གཅིག་བཞེངས། མཁན་པོ་ས་སྐྱོང་ངག་དབང་དཔལ་བཟང་ནི། འཕྱོང་རྒྱས་དང་ཇོ་གདན་གྱི་མཁན་པོ་མཛད་པར་གྲགས། དེར་མ་ཟད་རིགས་འདིའི་ས་སྐྱོང་རྣམས་ཀྱང་དཀོན་མཆོག་ལ་སྲི་ཞུ་ཆེ་བ། འབངས་རྣམས་བྱམས་བརྩེས་སྐྱོང་ཞིང་དགེ་བཅུའི་ཁྲིམས་སྲོལ་འཛུགས་སྤེལ་སོགས་བསྟན་འགྲོའི་ཕན་བདེ་རྒྱས་པའི་ཐབས་ཚུལ་ཁོ་ན་རང་མཚན་དུ་མཛད་པ་སྟེ། གསེར་འོད་ལས། ཉེས་པར་བྱས་པ་ཞི་བྱའི་ཕྱིར། ། ལེགས་པར་བྱེད་ལ་འཛུད་པ་སྟེ། ། ཚེ་འདི་ལ་ནི་སེམས་ཅན་ལ། ། ཡུལ་གྱི་ཆོས་ཀྱི་དོན་གྱི་ཕྱིར། ། རྣམ་སྨིན་སྐྱེད་པ་རྒྱལ་པོ་ཡིན། ། ལེགས་བྱས་དང་ནི་ཉེས་བྱས་ཀྱི། ། ལས་ཀྱི་རྣམ་པར་སྨིན་པའི་འབྲས། ། རྣམ་པ་ཐ་དད་བསྟན་པའི་ཕྱིར། ། བྱེད་པ་གང་ཡིན་རྒྱལ་པོར་བརྗོད། ། ཅེས་དང༌། སྡིག་པ་ཅན་གྱི་སྐྱེ་བོ་ལ། ། མཐུན་པའི་ཆད་པས་མི་གཅོད་ཅིང༌། ། ཉེས་པར་བྱེད་པ་ཡལ་བོར་བ། ། དེ་ཚེ་ཆོས་མིན་ཤིན་ཏུ་འཕེལ། ། འཐབ་མོ་དང་ནི་གཡོ་རྣམས་ཀྱང༌། ། ཡུལ་འཁོར་དེར་ནི་ཕྱི་ཕྱིར་འབྱུང༌། ། སུམ་ཅུ་རྩ་གསུམ་ཁང་པ་ན། ། ལྷ་ཡི་དབང་པོ་འཁྲུག་པར་འགྱུར། ། ཞེས་དང༌། ཕ་རོལ་དམག་ཚོགས་ལྷགས་ནས་སུ། ། ཡུལ་འཁོར་དེ་ནི་རྣམ་པར་འཇིག ། གང་གི་ནོར་བསགས་ཡོད་པ་ཡང༌། ། གཡོ་བྱེད་རྣམ་པ་མང་པོ་ཡིས། ། ཕན་ཚུན་དུ་ནི་འཕྲོག་པར་འགྱུར། ། བྱ་བ་གང་གིས་རྒྱལ་པོ་ཉིད། ། བྱ་བ་དེ་ནི་མི་བྱེད་ན། ། གླང་ཆེན་དབང་པོས་རྫིང་བུ་བཞིན། ། རང་གི་ཡུལ་འཁོར་རྣམ་པར་འཇིག ། མ་རུངས་པ་ཡི་རླུང་ལྡང་ཞིང༌། ། མ་རུངས་པ་ཡི་ཆར་པ་འབབ། ། ཉི་མ་དང་ནི་ཟླ་བ་དང༌། ། གཟའ་དང་རྒྱུ་སྐར་མ་རུངས་འགྱུར། ། ཞེས་དང༌། སྐར་མ་དག་ཀྱང་ལྷུང་བར་འགྱུར། ། དེ་བཞིན་ཉི་མ་འདྲ་བ་འགྱུར། ། ཕ་རོལ་གྱི་ནི་དམག་ཚོགས་དང༌། ། མུ་གེ་ཤིན་ཏུ་འབྱུང་བར་འགྱུར། ། ཞེས་དང༌། དེ་ཚེ་ལྷ་རྣམས་ཁང་པ་ན། ། ཡིད་ནི་དགའ་བར་མི་འགྱུར་རོ། ། ལྷ་རྒྱལ་དབང་པོ་དེ་དག་ཀུན། ། རྒྱལ་འདི་ཆོས་དང་མི་ལྡན་ཏེ། ། ཆོས་མིན་ཕྱོགས་ན་གནས་པའོ་ཞེས་དང༌། ། ཕན་ཚུན་དུ་ནི་སྨྲ་བར་འགྱུར། ། ཞེས་དང༌། དེ་ཡི་འཁོར་དང་བློན་པོ་ཡང༌། ། ཆོས་དང་ལྡན་པ་མ་ཡིན་འགྱུར། ། ཆོས་དང་མི་ལྡན་སྐྱེ་བོ་ལ། ། དེ་ཡི་འོག་ཏུ་མཆོད་བྱེད་འགྱུར། ། ཆོས་དང་ལྡན་པའི་སེམས་ཅན་ལ། ། རྟག་ཏུ་ཆད་པས་གཅོད་པར་འགྱུར། ། ཆོས་དང་མི་ལྡན་སྐྱེ་བོ་བཀུར། ། ཆོས་ལྡན་ཆད་པས་བཅད་པས་ན། ། དེར་ནི་ཆུ་དང་རྒྱུ་སྐར་རླུང༌། ། རྣམ་གསུམ་རྣམ་པར་འཁྲུག་པར་འགྱུར། ། སྐྱེ་བོ་ངན་པ་རབ་བཀུར་ཅིང༌། ། སྐྱེ་བོ་དམ་པ་སྨད་པས་ན། ། འཆི་དང་ལྕེ་འབབ་མུ་གེ་དང༌། ། རྣམ་པ་གསུམ་ནི་དེར་འབྱུང་འགྱུར། ། ཞེས་དང༌། ཆོས་ཀྱིས་ཡུལ་འཁོར་བསྐྱང་བར་བྱ། ། ཆོས་མ་ཡིན་པ་སྤྱད་མི་བྱ། ། སྲོག་ཀྱང་ཡོངས་སུ་གཏོང་བྱ་ཞིང༌། ། ཉེས་མགོན་བྱ་བར་མི་བྱ་འོ། ། སྐྱེ་བོ་གཉེན་དང་སྐྱེ་བོ་གཞན། ། ཡུལ་འཁོར་སྐྱེ་བོ་ཐམས་ཅད་ལ། ། རྒྱལ་པོས་ཕྱོགས་ཀྱང་གཅིག་བྱ་ཡི། ། ཕྱོགས་སུ་ལྷུང་བར་གྱུར་ཏ་རེ། ། རྒྱལ་པོ་ཆོས་དང་ལྡན་པ་ཡི། ། གྲགས་པ་འཇིག་རྟེན་གསུམ་གང་སྟེ། ། སུམ་ཅུ་རྩ་གསུམ་གནས་རྣམས་ན། ། ལྷ་ཡི་དབང་པོ་དགར་གྱུར་ཏེ། ། མཛམ་བུའི་གླིང་ན་ངེད་ཀྱི་བུ། ། འདི་ལྟར་ཆོས་ལྡན་རྒྱལ་པོ་ཡིན། ། ཆོས་ཀྱི་ཡུལ་འཁོར་དེར་བསྟན་ནས། ། ལེགས་པར་འབྱུང་ལ་སྐྱེ་བོ་བཀོད། ། ཅེས་དང༌། ཉི་ཟླ་དང་ནི་དེ་བཞིན་དུ། ། རྒྱུ་སྐར་ལེགས་པར་རྒྱུ་བར་འགྱུར། ། རླུང་ཡང་དུས་སུ་ལྡང་འགྱུར་ཞིང༌། ། ཆར་ཡང་དུས་སུ་འབབ་པར་འགྱུར། ། ལྷ་གནས་རྣམས་དང་དེ་བཞིན་དུ། ། ཡུལ་འཁོར་རྣམས་སུ་ལོ་ལེགས་བྱེད། ། ཅེས་དང༌། དེ་ལྟ་བས་ན་རྒྱལ་པོ་ཡིས། ། བདག་གི་ཕངས་པའི་སྲོག་གཏང་གི ། གང་གིས་འཇིག་རྟེན་བདེར་འགྱུར་བའི། ། དཀོན་མཆོག་ཆོས་ནི་མི་གཏང་སྟེ། ། ཡོན་ཏན་རྣམས་ཀྱིས་གང་བརྒྱན་པའི། ། ཆོས་དང་ལྡན་པ་བསྟེན་པར་བྱ། ། ཞེས་དང༌། ཡུལ་འཁོར་དུ་ནི་ལོ་ལེགས་ཤིང༌། ། རྒྱལ་པོ་གཟི་བརྗིད་ལྡན་པར་འགྱུར། ། རྒྱལ་པོ་གྲགས་དང་ལྡན་འགྱུར་ཞིང༌། ། སྐྱེ་རྒུ་རྣམས་ཀྱང་བདེ་བར་སྐྱོང༌། ། ཞེས་སོགས་གཉིས་མེད་གསུང་བ་དྲང་སྲོང་ཆེན་པོའི་བདེན་ཚིག་གིས་ཇི་སྐད་བཀའ་སྩལ་བའི་དོན་རྣམས་མཆོག་གསུམ་བདེན་བཞི་ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང༌། འདི་ཕྱི་འཁོར་འདས་ལེགས་ཉེས་རྣམ་པར་འབྱེད་པའི་ཤེར་རབ་ཀྱིས་ཡང་ཡང་ཐུགས་ལ་བརྣག་པའི་རྒྱུ་ལས་སོ།། བརྗོད་མ་ཐག་པའི་ངོ་མཚར་དང་གདུང་རུས་ཀྱི་བརྗིད་བག་ཅན་ཡབ་ཧོར་ས་སྐྱོང་བསྐལ་བཟང་དར་རྒྱས་དང༌། ཡུམ་སྒྲོལ་མ་ལྷ་མཚོ་ཞེས་བྱ་བ་མཁའ་འགྲོའི་རྟགས་མཚན་དང་ལྡན་ཞིང་རང་བཞིན་བཟང་ལ་མཛངས་བཙུན་བུད་མེད་ཀྱི་དཔལ་ཡོན་དུ་མས་བརྒྱན་པ་ཟུང་ལ་སྲས་གཉིས་འཁྲུངས་པ་ལས། ཆེ་བ་རྭ་ལོ་བསྟན་པའི་དངོས་གྲུབ་ཀྱི་སྤྲུལ་སྐུ་དང༌། ཆུང་བ་བདག་ཅག་གི་སྐྱབས་རྗེ་ཆོས་ཀྱི་རྒྱལ་པོ་ས་གསུམ་ན་སྙན་པར་གྲགས་པ་འདི་ཉིད་ལགས་སོ། །བདག་ཉིད་ཆེན་པོ་འདི་ནི། རྩོད་བྲལ་གྲུབ་པའི་དབང་ཕྱུག་དགྱེས་རབ་རྡོ་རྗེའི་བཀའ་ལུང་བཞིན། ལྷ་གཅིག་ཕྱག་ན་པདྨོ་སོགས་སྐྱེས་མཆོག་དམ་པའི་རྣམ་རོལ་དུ་གསལ་བར་འདོམས་པའི་ལྟས་སྔ་ཕྱི་རིམ་པར་ཤར་བ་འདི་ལྟ་སྟེ། ཡབ་ཀལྤ་༅ྷ་དྲས་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་གངས་ཅན་མགོན་པོ་ཚུལ་ཁྲིམས་རྒྱ་མཚོ་གདན་ཞུ་དང་འབྲེལ་བར་དངོས་འབུལ་གྱི་མཆོད་སྤྲིན་བསྟར་ཞིང་མབྲསྤྱལ་བཤད་པ་རང་ཉིད་ཀྱི་བློ་རྩལ་ལས་གསར་དུ་སྤྲོས་པར་ཐུགས་འཕྲོག་པའི་དགྱེས་ཉམས་དང༌། བྱི་རུའི་རྒྱན་ཕྲེང་རིན་ཆེན་དང་པོའི་བཅུ་ཤད་ཟུང་གིས་སྤུད་པ་ཞིག་དམིགས་བསལ་ལྐོག་ན་མོའི་ཚུལ་དུ་བསོད་ནམས་བརྒྱ་པའི་ཕྱག་གིས་མགུལ་བར་སྒྲོན་གནང་མཛད་པ་ནི། ཕྱིས་འབྱུང་གི་མཚན་མ་ཁྱད་པར་ཅན་དུ་རིགས་པས་མངོན་ཏེ། རྗེས་སུ་བླ་མ་མཆོག་གི་རྟེན་ཁྲོད་ན་བཞུགས་པ་མཇལ་ལོ། །ནགས་ཚང་མཆོག་སྤྲུལ་བློ་བཟང་བསྟན་པ་དར་རྒྱས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་རང་ཡུལ་དུ་ཕེབས་ཁར་ཁོང་གི་ཡོངས་འཛིན་མངོན་མཁྱེན་ཐོགས་མེད་དུ་མངའ་བར་གྲགས་པ་བྱང་རྩེ་མཁན་པོ་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་པོར་མཇལ་ནས་ཕྱིར་བྱོན་དུས་མཁན་པོ་དེ་ཉིད་ཀྱིས་སྐྱེལ་ཐུང་མཛད་དེ་འདི་སྐད་དུ། རྒྱལ་དབང་མཆོག་གི་ཡང་སྲིད་ཁྲིར་ཕེབས་སྐབས་ཁྱོད་རང་ཡོང་ཐུབ་པར་གྱིས་དང་ངེད་གཉིས་འཕྲད་འོང་གསུང༌། དེར་ནགས་ཚང་རིན་པོ་ཆེའི་ཐུགས་ལ་གོང་སའི་ཡང་སྲིད་རིང་མིན་ཁྲི་ལ་འབྱོན་ངེས་པས་དེ་དུས་བདག་འོང་དོན་མི་འདུག་མོད། འོན་ཀྱང་རྟེན་འབྲེལ་འདྲ་ཡོད་ལས་ཆེ་སྙམ་ལགས་སོ་ཞུས། ཕྱིས་བརྟགས་ན་རྗེ་བླ་མའི་གསེར་བུམ་གྱི་དོན་དུ་དབུས་སུ་འཕྲལ་མར་ཕེབས་དགོས་བྱུང་བ་དེ་གཟིགས་སྣང་ངོ།། །ནགས་ཚང་རིན་པོ་ཆེ་གྲྭ་ས་ནས་ཕེབས་ཉིན་རྒོ་ལའི་ཚུར་ནང་བཞུགས་པའི་ནུབ་མོ་གཟིམ་ལམ་དུ་རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོ་རང་གི་ཡུལ་དུ་བྱོན་འདུག་པ་དང་མཇལ་བས་སྔར་ལས་སྐུ་གཟུགས་ཆུང་ཞིང་གཟི་མདངས་རྒྱས་པ་ཞིག་རྨིས་ཞེས་དེ་ཉིད་ཀྱི་རྣམ་ཐར་ན་འདུག་པ་སོགས་ལུང་དང་རིགས་པ་དྲི་མ་མེད་པ་ལ་བརྟེན་ནས་མགོན་པོ་མཆོག་འདི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་གྲུ་འཛིན་ཞིང་གི་བདག་པོ་ཉིད་བསམ་བཞིན་དུ་གདུལ་བྱའི་དོན་དུ་མིའི་སྲིད་པ་བཟུང་བར་གོར་མ་ཆག །སྐུ་བལྟམས་པ་ལ་ཉེ་བའི་ཚེ་ན་ཧོར་དགའ་ལྡན་ཁང་གསར་གྱི་རྒྱལ་ཁབ་ཏུ་ཡབ་རྗེ་དམ་པ་དེ་ཉིད་ཀྱིས་འཕགས་མ་གདུགས་དཀར་མོ་ཕྱག་སྟོང་སྤྱན་སྟོང་གི་སྣང་བརྙན་ཐོག་བརྩེགས་གཅིག་བཞེངས་ནས་དེ་ཉིད་ལ་གཟུངས་འབུལ་སོགས་ཀྱི་ཆེད་དུ་བླ་མ་དཀའ་ཆེན་རིན་པོ་ཆེ་བློ་བཟང་ཆོས་འཕེལ་མཐུ་སྟོབས་རྒྱ་མཚོ་དཔལ་བཟང་པོ་དཔོན་སློབ་བཅུ་གཅིག་གདན་འདྲེན་ཞུས་ནས་དེ་དག་གི་ཕྱག་ལེན་མཛད་བཞིན་བཞུགས་པའི་སྐབས། རབ་བྱུང་བཅུ་བཞི་པའི་ས་ཕོ་ཁྱི་༡༨༣༨ལོར་ཧོར་ལུགས་ཟླ་བ་བདུན་པའི་ཚེས་བཅུ་བཞིའི་རྒྱུ་སྐར་གྲོ་བཞིན་ལ་རེས་གཟའ་འོད་སྟོང་བདག་པོས་དགྱེས་རྒུར་རྩེན་པའི་ནམ་ཕྱེད་དུ་ཡུམ་ལ་གནོད་པ་མེད་པར་མཚན་དཔེའི་མཛེས་སྐུ་བལྟ་བས་ཆོག་མི་ཤེས་པའི་བདག་ཉིད་དུ་གྱུར་པ་ཞིག་བདེ་བར་བལྟམས་སོ། ། སྨྲས་པ། རྒྱལ་ཀུན་བརྩེ་ཆེན་ཟླ་གཞོན་ཞུ་བའི་མཚོར། ། སྤྱན་རས་གཟིགས་ཞེས་སྲིད་ན་གྲགས་པ་དེས། ། སྤྲུལ་པའི་རྦ་རླབས་འབུམ་ཕྲག་འགྱེད་པ་ལས། ། བདག་ཅག་དད་པའི་སྐལ་བར་ཤས་ཙམ་སྨིན། ། བསྟན་ལ་སྟོན་པའི་བརྟུལ་ཞུགས་ཡོངས་རྫོགས་པས། ། བཅོ་ལྔའི་རི་དྭགས་འཛིན་གྱི་སྙེམས་པ་ཅན། ། ཉེ་བར་འཁོར་དང་དབྱིག་གཉེན་སེང་བཟང་སོགས། ། གསེར་རིའི་ཕྲེང་བས་སྲིད་ཞིའི་ཁོངས་ན་བརྗིད། ། ཁ་བ་ཅན་ནས་གཞལ་བའི་ཤར་ཕྱོགས་ན། ། མཁོ་རྒུའི་འབྱོར་པ་ལྷ་ལ་ལྟ་བའི་ཡུལ། ། དཀར་མཛེས་ཅེས་བྱ་ཏྲེ་ཡི་གྲོང་ཁྱེར་ཡོད། ། རྒྱལ་དང་རྒྱལ་སྲས་སེམས་དཔའ་དུ་མས་མཛེས། ། གནའ་རབས་གཏམ་རྒྱུད་མང་པོས་བཀུར་བ་ཞེས། ། གཞུང་དང་མཁས་པའི་ཁ་ལས་གྲགས་པ་ཙམ། ། ས་སྐྱོང་རྩེ་མོ་ཇིང་གིར་གནམ་གྱི་རྒྱལ། ། རྣམ་གནོན་མཐུ་ལྡན་དེང་སང་མིག་གི་ཡུལ། ། དེ་ཡི་རིགས་ཀྱི་མྱུ་གུ་གཞོན་ནུ་ཞིག སྐར་མ་འཛིན་པའི་རྒྱན་དུ་འཕོས་པ་ལས། དམ་པའི་སྐྱེས་བུ་པད་ཚལ་དར་བའི་དབུས། ལུང་རྟོགས་འདབ་མ་སྟོང་ལྡན་བདག་གི་མགོན། རིགས་མཆོག་རིགས་ཀྱི་རིགས་སྲས་སྐལ་བཟང་དང༌། རྒྱལ་བ་རྒྱ་མཚོ་སྐྱེད་མཛད་ལྷ་མཚོ་མའི། བསོད་ནམས་བྱང་ཆུབ་ཕྱོགས་སུ་མཛའ་བ་ལས། ཐུབ་བསྟན་ཉིན་བྱེད་མངལ་གྱི་དོ་རར་བསུས། དེ་ཚེ་དཀར་པོའི་ཕྱོགས་ཀྱི་ལྷ་དང་ཀླུས། འདི་ནི་རིགས་དྲུག་སྨན་གྱི་ལྗོན་པ་ཞེས། མཁའ་མཉམ་ཡོངས་ལ་མཆོད་སླད་མེ་ཏོག་ཆར། འཇའ་སྤྲིན་བཀོད་ལེགས་སྣ་ཚོགས་མཆོད་པའི་གཟུགས། དབང་ཕྱོགས་ནོར་འཛིན་དགའ་མའི་ཐིག་ལེ་དེར། ལན་གཅིག་མ་ཡིན་བགྱི་བ་གཞན་བཏང་ནས། གནམ་ས་བར་སྣང་མཛེས་པའི་རྒྱན་མཆོག་དང༌། ངོ་མཚར་ལྟས་བཟང་རྣམ་པར་འགོད་པས་བྲེལ། གང་ཚེ་རབ་བྱུང་མ་ནུའི་ས་ཕོ་ཁྱིའི། གྲོ་བཞིན་ཟླ་བའི་ཡར་ཚེས་བཅུ་བཞིའི་མཚན། དཔལ་ལྡན་བླ་མ་བསམ་འཕེལ་ཡིད་བཞིན་ནོར། ཁང་གསར་ཕོ་བྲང་མཛེས་པའི་ཏོག་ཏུ་འབར། ཞེས་བྱ་བ་ནི། བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ། ། ཞེས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་ལས། རིགས་ཕུན་སུམ་ཚོགས་པར་སྐུའི་སྐྱེ་བ་བཞེས་པའི་ཚུལ་བསྟན་པའི་སརྒ་སྟེ་དང་པོའོ།།







ལེའུ་གཉིས་པ། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ་སྐུ་ཚེའི་གཙོ་བོ་སྟེྟ་ལུང་རྟོགས་ཀྱི་གོ་རིམ་ངེས་མེད་དུ་ ཇི་ལྟར་རིགས་པ་འཆད་པ།

༡ ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་རྒྱ་མཚོའི་ཡང་སྤྲུལ་རིན་པོ་ཆེའི་ས་བོན་དུ་བསྡུས་ཤིང༌། དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས། པཎ་ཆེན་ཐམས་ཅད་མཁྱེན་པས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཕྱག་བཞི་པའི་རྣམ་རོལ་འཁྲུལ་མེད་དུ་ངོས་འཛིན་གནང་ནས་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་མནོས་པ་སོགས་ཀྱི་ཚུལ།

།འཛམ་གླིང་རྒྱན་དྲུག་རིགས་ཚུལ་རྡོ་རྗེ་ཡིས། །ལོག་སྨྲའི་བྲག་རི་ཕྱེ་མར་འཐག་བྱེད་པ། །འཇམ་མགོན་བླ་མ་གྲགས་པའི་མུ་ཁྱུད་ཀྱིས། །སྲིད་མཐའི་བར་དུ་དགེ་བའི་བཤེས་མཛོད་ཅིག གཉིས་པ་རྟེན་དེ་ལ་ཡོན་ཏན་བརྙེས་ཚུལ་སྐུ་ཚེའི་ཚིགས་གཙོ་བོར་བྱས་ཏེ་ལུང་རྟོགས་ཀྱི་གོ་རིམ་ངེས་མེད་དུ་ཇི་ལྟར་རིགས་པར་འཆད་པ་ནི། སྐུ་ལྟེ་བཅད་སྐབས་གཟིམས་ཁང་གི་སྐར་ཁུང་ནས་འཇའ་ཟེར་ཤར་བས་ནང་ཀུན་ཉིན་མོ་ཇི་ལྟ་བ་བཞིན་གསལ་བར་གྱུར་ཅིང༌། འདི་དག་གི་དུས་སྔ་ཕྱིར་ལྟས་བཟང་ངོ་མཚར་བ་འགའ་ཞིག་དང༌། ཁྱད་པར་ཕོ་བྲང་གི་ཐོག་ཁར་གུར་དཀར་པོ་ཤིན་ཏུ་མཚར་སྡུག་གཅིག་ཕུབས་འདུག་པ་དཀར་མཛེས་དགོན་གྱི་དགེ་འདུན་པ་མང་པོས་མངོན་སུམ་དུ་གཟིགས་པ་དང༌། ༡༨༣༨ལོ་དེའི་ཧོར་ཟླ་བཅུ་གཅིག་པའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་ཉིན་མོར་བྱེད་པ་གུང་ལ་བབས་པའི་དུས་ན་སོས་བཞད་རིང་མོ་ཁ་དོག་རྣམ་ལྔའི་མདངས་འཚེར་བ་ཞིག་ནམ་མཁའི་ཀློང་ནས་ཕོ་བྲང་གི་ནང་དུ་ཀ་བ་ལྟར་ཟུག་པ་ཕལ་ཆེར་གྱིས་མཐོང༌། ༡༨༣༨ལོ་དེ་གའི་རྒྱལ་ཟླ་བའི་ཡར་ཚེས་དགུ་ལ་ཡབ་རྗེ་བོ་བསྐལ་བཟང་དར་རྒྱས་བཅད་རྒྱར་བ་ཞུགས་སྐབས་ཐོ་རངས་ཤིག་མནལ་ལམ་དུ་ཆོས་ཁྲི་ཆེན་པོ་ཞིག་གི་སྟེང་ན་པདྨའི་གདན་ལ་གནམ་བཅུ་དབང་ལྡན་བཀྲ་ལམ་མེ་བ་དང༌། ཁྲིའི་ངོས་སུ་གཞི་དཀར་པོའི་སྟེང་དུ་རསྒྲ༽ག་ཞེས་པའི་ཡི་གེ་གསལ་བར་ཡོད་པ་ལ་ཡབ་རང་གིས་ཕྱག་འཚལ་བ་རྨིས། མནལ་སད་པ་དང་ཐོ་རངས་ཀྱི་བྱ་སྐད་སྒྲོགས་པ་དུས་མཚུངས་པ་བྱུང༌། ཕག་༡༨༣༩ལོ་ནག་པ་ཟླ་བའི་ཚེས་དགུ་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་བླ་མ་རྡོ་རྗེ་འཆང་འདི་ཉིད་ཡབ་ཀྱིས་གདན་དྲངས་ནས་འགྲོ་མགོན་འཕགས་པས་བཞེངས་པའི་སྤྲུལ་པའི་ག༅༼༩ལ་ཆེན་པོ་སྡེ་མགོན་ཁང་དུ་མཇལ་བར་བྱོན། ལོ་དེའི་སྨིན་དྲུག་ཟླ་བའི་ཚེས་དགུ་ལ་ལྷ་ལྡན་ནས་གཞུང་ས་མཆོག་གིས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་པོའི་ཡང་སྤྲུལ་རིན་པོ་ཆེའི་ས་བོན་དུ་བསྡུ་དགོས་པའི་བཀའ་ལུང་འབྱོར། དེ་ཉིད་ནམ་མཁའི་དབྱིངས་སུ་འཇའ་སྤྲིན་སོགས་ཆེད་དུ་བསྒྲིགས་པ་འདྲ་བའི་རྟགས་མཚན་ངོ་མཚར་བ་མང་པོ་དང༌། གཞན་ཡང་ས་ཕག་༡༨༣༩མགོ་ཟླ་བའི་ཚེས་དགུའི་ཉི་མ་ཀླུང་ཤར་ནས་ཆུ་ལྷའི་ཅོད་པཎ་དུ་འཛེག་པ་ལ་ཉེ་བའི་བར་མེ་ཏོག་གི་ཆར་འཁོར་ལོ་དང༌། པདྨ་འདབ་མ་དྲུག་པ་ལྟ་བུའི་དབྱིབས་ཅན་ཕོ་བྲང་གི་མཐའ་འཁོར་ཀུན་ཏུ་བབས་པ་དང༌། འཇའ་སྤྲིན་བཀོད་མཛེས་མཆོད་རྫས་ཀྱི་རྣམ་པ་མ་ཚང་བ་མེད་པ་ལྟ་བུས་གང་བ་དེར་འཁོད་ཐམས་ཅད་ལ་མཐུན་སྣང་དུ་བྱུང༌། ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་གཉིས་དང༌། བཅུ་གཉིས་ཀྱི་ཉི་ཤར་ལ་ཡང་སྔར་བཞིན་མེ་ཏོག་གི་ཆར་འཁོར་ལོ་དང་རྒྱ་གྲམ་དང༌། པདྨ་དང༌། གཡུང་དྲུང་དང༌། དགའ་འཁྱིལ་ལྟ་བུ་ཡུན་རིང་པོའི་བར་དུ་བབས་སོ།། འདི་ཉིན་འཁྲུངས་གསར་བླ་མ་རིན་པོ་ཆེ་བློ་བཟང་ཕུན་ཚོགས་དཔལ་བཟང་པོ་དེ་ཉིད་གདན་དྲངས་ཏེ་སྲས་དང་ཡབ་ཡུམ་སོགས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར་ཞིང་རྗེ་འདི་ཉིད་ལ་ཕུན་ཚོགས་བསྟན་འཛིན་མགོན་པོ་ཞེས་མཚན་གསོལ་བར་མཛད། ཕྱི་༡༨༤༠ལོ་ས་ག་ཟླ་བའི་རྫོགས་པ་གསུམ་པའི་ཉིན་དོག་མོ་ནང་ཧོར་སྲུང་དགྲ་ལྷའི་གསོལ་མཆོད་སྐབས་དཔེ་ཧར་དང༌། གནས་ཆུང་དང༌། དགྲ་ལྷ་གསུམ་ག་སྐུ་ཁོག་ཏུ་བརླམས་ནས་སྲས་འདི་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཡང་སྲིད་འཁྲུལ་བྲལ་ཡིན་ཞེས་བཀའ་ལུང་སྩལ། ལོ་དེའི་ཟླ་བ་བདུན་པའི་ཉེར་གཉིས་ལ་གཞུང་ས་མཆོག་གི་བཀས་མངགས་བློ་གླིང་མཁན་པོ་འཇམ་དབྱངས་དང༌། བླ་མ་གཞུང་ལས་པ་དཔོན་སློབ་ཕོ་བྲང་དུ་འབྱོར། ཡབ་རྗེ་སོགས་ཀྱིས་སེྣ་ལེན་བཟང་པོ་དང་བཅས་མཆོད་ཁང་དུ་བཞུགས་གསོལ་ཞུས་ཏེ་ཞབས་ཏོག་ཕུན་སུམ་ཚོགས་པ་བགྱིས་མཚམས་མཁན་རིན་པོ་ཆེའི་ཞལ་ནས། སྲས་ལ་མཇལ་ཁ་ཞུ་དགོས་གསུང་པར། ཡབ་རྗེ་མཆོག་ནས། བུ་ཆུང་འདི་བདག་ཅག་གིས་གཅེས་རྩིས་ཆེ་བ་དང༌། ཕྱོགས་ཡས་མས་ཀྱི་སྐྱེ་བོ་དག་གིས་སྤྲུལ་སྐུ་ཡིན་པའི་རྒྱུ་མཚན་ཅི་ཡང་མེད་པར་སྟོང་སྐད་བསྒྲགས་པ་ཙམ་ལས་གཟིགས་པར་འབུལ་འོས་གང་ཡང་མ་མཆིས་ལགས་ཞེས་ཞུས་ཀྱང་མ་གསན་པར་རྒྱལ་ཚབ་རིན་པོ་ཆེའི་བཀའ་བཞིན་ཆེད་གཉེར་གྱིས་འོང་ཕྱིར་ཅིས་ཀྱང་མཇལ་དགོས་ཞེས་བཙན་ཚུགས་སུ་ཕེབས་པ་ན། རྗེ་འདི་ཉིད་མཆོད་ཁང་དུ་གདན་དྲངས་ནས་ཕན་ཚུལ་མཇལ་དར་རེ་ཕུལ། མཁན་རིན་པོ་ཆེས། ངེད་རང་ངོ་ཨེ་མཁྱེན། གང་ནས་འོངས་པ་རེད་ས་ཆ་གང་ནས་རེད། གྲྭ་ས་གང་གི་མཁན་པོ་རེད། ཅེས་སོགས་དྲོད་བགམ་སྣ་ཚོགས་ཞུས་པས། རྗེ་བླ་མ་ཉིད་སྐུ་ན་ཕྲ་མོའི་ངང་ཚུལ་དེ་ལྟར་ནའང་བག་ཚ་བ་མེད་པར་འདི་སྐད་ཅེས། ངོ་ཤེས་བོད་ནས་འོངས་པ་རེད་གསུངས་ཏེ་ཕེབས་ཕྱོགས་སུ་ཕྱག་མཛུབ་བསྟན། ང་རང་གི་མིང་ལ་གང་ཟེར་ཞུས་པར། འཇམ་དབྱངས་གསུང༌། མཁན་པོ་ཉིད་ཀྱིས་ཕྱག་བརྡབས་ནས་རྟགས་གསལ་གཏོང་ཚུལ་བྱས་པར། དེ་འདྲ་མ་རེད་འདི་འདྲ་རེད་གསུངས་ནས་ཕྱག་གཉིས་ཀ་བརྡབས། དེའི་རྗེས་སུ་པད་སྐོར་གྱི་ཕྱག་རྒྱ་མཛད་པས། མཁན་རིན་པོ་ཆེས་ཤིན་ཏུ་ངོ་མཚར་ཆེ་དེ་ལྟར་མཛད་པ་ནི། དང་པོ་རིག་གནས་དང་མདོ་ཕྱོགས་ཀྱི་ནང་དོན་མཐའ་དག་ལ་ལུང་རིགས་བརྒལ་བརྟག་གི་སྒོ་ནས་ལེགས་པར་སྦྱང་དགོས་ཤིང༌། དེ་རྗེས་ཐུན་མོང་བ་བྱང་ཆུབ་ལམ་རིམ་དང༌། ཐུན་མོང་མ་ཡིན་པ་གསང་ཆེན་རྒྱུད་སྡེ་བཞིའི་ཟབ་གནད་ལ་ཐོས་བསམ་རྣམ་པར་དག་པ་བགྱིས་ཏེ། ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་དགོས་པའི་བརྡ་ཡིན་འདུག་གསུངས་ནས་ཐུགས་མཉེས་ཚོར་ཚད་མེད་མཛད། ཡང་སྐབས་ཤིག་རྗེ་འདིའི་ཐང་སྐུ་ཞིག་ལ་ཕྱག་མཛུབ་གཏད་ནས་རྗེ་བླ་མ་གཡས་ན་བཞུགས། མཛད་བཅུའི་སྐུ་ཐང་ལའང་དེ་ལྟར་མཛད་ནས་ཤཱཀྱ་ཐུབ་པ་འདི་ན་བཞུགས། དཔལ་ལྡན་ལྷ་མོ་ཡང་འདིར་འདུག་གསུང༌། དེ་ནས་ལྷ་ཁང་དུ་ཌཱ་དྲིལ་ཡོད་པ་ཕྱག་ཏུ་བཞེས་ནས་དཀྲོལ་བཞིན་ཕྱིར་ཕེབས་ཏེ་མཁན་པོར་གནང༌། མཁན་རིན་པོ་ཆེས་རྟེན་འབྲེལ་ཡག་པོ་བྱུང༌། ཁྲུས་དང་གཙང་སྦྲ་མ་ཆག་པར་གྱིས་གསུང༌། མཇལ་དར་ཕུལ་བ་ཕྱག་གཡས་ཀྱིས་བཞེས་ནས་ཕྱག་དབང་སྩལ། སྐུ་རྩེད་ཀྱི་ཁང་བུ་ཞིག་ཡོད་པ་ཉིན་གཅིག་འགྱེལ་སོང་བས། ཡ་ཡ་ཆོས་སྐྱོང་བསེ་ཁྲབ་པ་ཕེབས་བྱུང་གསུངས་པའི་རྗེས་དེ་མ་ཐག་བྲག་གཡབ་ཆེ་ཚང་སྤྲུལ་སྐུའི་ས་བོན་སྡུད་མི་འབྱོར་ཏེ་རྗེ་འདིའི་མཚན་ཡིག་ཞུས། ཟླ་བ་བརྒྱད་པའི་ཉེར་བརྒྱད་ཉིན་གཞུང་ནས་ཆེད་མངགས་གཟིམ་འགག་སངས་རྒྱས་དཔལ་བཟང་དཔོན་གཡོག་རྣམས་ཕོ་བྲང་དུ་ཕེབས། རིན་པོ་ཆེར་མཇལ་སྐབས་དགྱེས་ཉམས་དང་བཅས་ངེད་ཀྱི་ཕ་ཡུལ་གནམ་ནས་ཡིན། གཟིམ་འགག་ཀྱང་གནམ་ནས་ཡིན་འདུག་པས་ངེད་གཉིས་ཕ་ཡུལ་གཅིག་པ་རེད་གསུང༌། གཟིམ་འགག་ནས་ང་རང་གྲྭ་སར་གང་ནས་རེད་ཞུས་པར། འབྲས་སྤུངས་ནས་རེད་གསུང༌། །ལྷ་མོའི་སྐུ་ཐང་ལ་གཟིགས་ནས་དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་ལ་འབུལ་ལོ་གསུང༌། ཐུབ་དབང་སྐུ་ཞིག་ལ་གཟིམ་འགག་ནས་འདི་གང་གི་སྐུ་རེད་ཞུས་པར། རྗེ་བཙུན་བླ་མ་ཐུབ་དབང་རྡོ་རྗེ་འཆང༌། ཞེས་ལན་གསུམ་གསུང༌། ཡང༌། རྣམ་པར་རྒྱལ་བ་ཤཱཀྱ་ཐུབ་པའོ། །ཞེས་ལན་གཉིས་གསུང༌། སྐུ་རྩེད་གནང་སྐབས་རྗེ་རིན་པོ་ཆེ་དང༌། འོད་དཔག་མེད་དང༌། སྒྲོལ་མའི་སྐུ་གསུམ་ལས་རྗེ་ལ་འདི་ང་རང་གི་བླ་མ་ཡིན། འོད་དཔག་མེད་ལ་འདི་ང་རང་གི་ཨ་ཕ་ཡིན། སྒྲོལ་མ་ལ་འདི་ང་རང་གི་ཨ་མ་ཡིན་ཞེས་གསུངས་ནས་དུས་ཀུན་དེ་དག་དང་འབྲལ་མི་ཕོད་པ་ལྟ་བུར་མཛད། ༡༨༤༠ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུའི་ཉིན་གངས་ལྗོངས་ཆོས་སྲིད་ཀྱི་བདག་པོ་རྒྱལ་ཚབ་རིན་པོ་ཆེ། སྣང་མཐའི་མགོན་པོ་པཎ་ཆེན་བསྟན་པའི་ཉི་མ། གོང་མའི་བཀའ་བློན་ཨཾ་བན་རྣམ་གཉིས་སོགས་ཀྱི་བཀའ་རྒྱ་གསུམ་དྲུང་ཡིག་བཀྲ་ཤིས་དོན་འགྲུབ་དཔོན་གཡོག་གི་གདོང་དུ་ཕེབས་པའི་དོན་རྡོར་འཆར་ལོའི་ཧོར་ཟླ་ལྔ་པའི་ནང་རྗེ་འདི་ཉིད་ལྷ་ལྡན་དུ་ཕེབས་དགོས་འཁོད། ལྕགས་གླང་༡༨༤༡ཟླ་བ་དང་པོའི་ཚེས་བཅུ་གཉིས་རྒྱལ་ཕུར་གྱི་འགྲུབ་སྦྱོར་ཕུན་སུམ་ཚོགས་པར་སྡེ་དགེའི་རྒྱལ་པོ་ནས་ཞབས་བརྟན་བདེན་ཚིག་སུམ་བིད་དང་འབྲེལ་བར་མཛོད་བཏགས། སྐུ་གསུང་ཐུགས་རྟེན། བཟང་གོས་སེར་པོ་ཡུག་བཅས་ཕུལ་བ་དགྱེས་བཞེས་གནང༌། ཟླ་བ་གསུམ་པའི་དཀར་ཕྱོགས་ཀྱི་རྫོགས་པ་གཉིས་པ་རྒྱལ་ཕུར་གྱི་འགྲུབ་སྦྱོར་དགེ་བའི་ཉིན་གཟིམ་འགག་བློ་དཔལ་དཔོན་གཡོག །བླ་མ་དམ་པ་རྣམ་གསུམ། ཡབ་རྗེ་སྐུ་འཁོར་བཅས་ཀྱིས་གདན་དྲངས། བདུག་སྤོས་ཀྱི་དྲི་བསུང་དང༌། སྙན་པའི་རོལ་མོ་སྣ་ཚོགས་ཀྱིས་མདུན་བསུས་ཏེ་བསམ་འགྲུབ་ལྷ་ཁང་དུ་ཇོ་བོ་རིན་པོ་ཆེའི་མདུན་འཁྲུངས་གསར་རྡོ་རྗེ་འཆང་བློ་བཟང་ཕུན་ཚོགས། དཀའ་ཆེན་རིན་པོ་ཆེ། ནགས་ཚང་བླ་མ་རིན་པོ་ཆེ་སོགས་ཀྱིས་སྐུ་ཁྲུས་གསོལ་ནས་ན་བཟའ་ཕུལ། དང་པོ་དགོངས་ཚོམ་གྱི་རྣམ་པ་ལྟ་བུ་ཅུང་ཟད་མཛད་ཀྱང་སླར་དགྱེས་བཞིན་བཞེས། གསེར་ཁྲི་ལ་ཞབས་པད་འཁོད་པ་དང་གཟིམ་འགག་གིས་གཞུང་སའི་མཇལ་དར་ནང་མཛོད་ཅིག་ཕུལ་ནས་དབུས་གཙང་དག་པའི་ཞིང་ཁམས་སུ་ཆིབས་བསྒྱུར་གནང་སྟེ་རྒྱལ་དབང་རིམ་བྱོན་གྱི་གསེར་ཁྲི་ལ་ཞབས་པད་མངོན་པར་འཁོད་ནས་བསྟན་འགྲོའི་དོན་ཆེན་མཛད་དགོས་ཚུལ་ལས་བརྩམས་པའི་གསོལ་བ་ནན་ཏན་བཏབ། བླ་མ་རྣམ་གསུམ་དང༌། ཡབ་ཡུམ་རྒྱལ་བློན་རྣམས་ཀྱིས་མཇལ་དར་ཕུལ། གཞུང་ནས་ཡབ་ཡུམ་འཁོར་འབངས་བཅས་པ་ལ་བཟང་གོས་ཀྱི་ན་བཟའ་འགོ་ཕྲུག་སྣམ་གསུམ་སོགས་གནང་སྦྱིན་གྱ་ནོམ་པ་སྩལ། །དེ་ནས་ཟླ་བ་གསུམ་པའི་ཚེས་དགུའི་ཐོ་རངས་སྐྱ་རེངས་ཤར་བ་དང་རྗེ་འདི་ཉིད་སྡེ་མགོན་ཁང་དུ་བྱོན་ནས་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ། པུ་ཏྲ་མིང་སྲིང༌། རུ་འདྲེན་སྡེ་བཞི་བཀའ་སྡོད་དང་བཅས་པ་ལ་སྙན་ཤལ། མཆོད་སྤྲིན་སྣ་ལྔ།། གཟིག་སྤྱང་ཝ་གཡི་སོགས་ཀྱི་པགས་པ། མེ་མདའ་རལ་གྲི་སོགས་དྲེགས་པ་དགྱེས་པའི་སྤྱན་གཟིགས་རྒྱ་ཆེར་ཕུལ། ཉི་ཤར་སྐབས་ཧོར་མ་ཟུར་གྱི་རྒྱལ་ཁབ་ཏུ་དཔོན་བསོད་ནམས་དབང་རྒྱལ་ཡབ་སྲས་ཀྱིས་གསོལ་བ་བཏབ་པ་ལྟར་ཕེབས། ཕྱེད་ཡོལ་སྔ་ཆ་བདུད་རྩི་ཐུན་མཚམས་སུ་གསེར་ཞལ་འོད་སྟོང་གི་དཀྱིལ་འཁོར་དབུས་གཙང་ཕྱོགས་སུ་བསྒྱུར་ཞིང་འཁྲུངས་གསར་རྡོ་རྗེ་འཆང་བློ་བཟང་ཕུན་ཚོགས་དང༌། གཟིག་རྒྱབ་དཀའ་ཆེན་རིན་པོ་ཆེ་གཙོས་བླ་སྤྲུལ་ཁག། དཀར་མཛེས་དགོན་གྱི་བླ་མ་ལས་སྣེ། མ་ཟུར་དཔོན་སྐུ་འཁོར་སོགས་ཆིབས་སྐྱེལ་སེར་སྦྲེང་གུར་གུམ་གྱི་དགའ་ཚལ་ལ་འགྲན་པ་བཅས་ཕེབས་པར་རྡོ་དཀར་ལུ་ནས་གྲྭ་མང་ལ་སྐྱེལ་དར་གནང༌། བླ་སྤྲུལ། དགོན་སྡེ། ཧོར་ཁག་སོགས་ཀྱི་ཐབ་སྐྱེལ་རྣམས་ལ་རིམ་བཞིན་ཆིབས་བསྐྱོད་དེ་གཤོང་ཁང་ཐང་དུ་བཞུགས་སྒར་མཛད། དེ་སྐབས་རྗེ་ཉིད་ནས་ཨ་མ་མི་འགྲོ་ན་ང་ཡང་མི་འགྲོ་གསུངས་པ་ལ་དེ་འདྲ་མི་འགབ་ཚུལ་ནན་གྱིས་ཞུས་ཀྱང་མ་གསན་པས་མ་ཡུམ་ཡང་ཕེབས་དགོས་བྱུང༌། ཡུམ་གྱི་གྲོགས་སྒེར་ཤུམ་ཚང་གི་བུ་མོའི་རྒྱན་གསེབ་ན་སྤོས་ཤེལ་ཞིག་ཡོད་པ་རྗེ་རིན་པོ་ཆེའི་སྐུ་རྒྱན་དུ་ངོས་འཛིན་གསལ་བར་གནང་བས་ཐམས་ཅད་དད་པའི་གནས་ལ་བཀོད། དར་རྒྱས་དགོན་དུ་གནས་གཟིགས་སྐབས་རྗེ་རིན་པོ་ཆེའི་སྐུ་བརྙན་ཞིག་བཞུགས་པ་གདན་དྲངས་དགོས་གསུངས་པ་ལྟར་བཞུགས་སྒར་གཟིམས་གུར་དུ་གདན་དྲངས་ཏེ་ཇ་མཆོད་འབུལ་བ་སོགས་གུས་འདུད་རྒྱ་ཆེར་གནང་སྟེ་སླར་བཞུགས་སུ་གསོལ་བ་ནི་ངོ་མཚར་བའི་ཆེ་བ་ཞིག་ཏུ་མངོན་ཏེ་ཚུར་རོལ་མཐོང་བས་དཔག་པར་དཀའོ།། འདན་མ་གླིང་ནས་བླ་མ་དཀའ་ཆེན་རིན་པོ་ཆེ་དང༌། སྨྱུང་གནས་བླ་མ། དཀར་མཛེས་དགོན་གྱི་ཆིབས་སྐྱེལ་བཅས་ཕྱིར་ཐེགས་སོ།། སྨྲས་པ།། ཤར་རིའི་རྩེ་ནས་འོད་དཀར་འཆར་བ་ལྟར། ། རྒྱལ་སྲས་ཞིང་ཁམས་གཞན་ནས་གཡོ་བའི་ཚེ། ། ཞིང་དང་རིགས་རུས་སྐལ་ལྡན་འཁོར་ལ་གཟིགས། ། རྨད་བྱུང་དམ་བཅའ་སྙིང་གི་སྟོབས་ཀྱིས་འཛིན། ། རིགས་ཀུན་ཁྱབ་བདག་འཁྲུངས་གསར་ཆོས་ཀྱི་རྗེས། ། མི་ཤིགས་ཨཱཿཡུའི་ཐིག་ལེར་མངའ་གསོལ་ཞིང༌། ། ཕུན་ཚོགས་བསྟན་འཛིན་ཡོངས་ཀྱི་མགོན་པོ་ཞེས། ། མཚན་གྱི་ཅོད་པན་གསར་པ་དབུ་ལ་བཅིངས། ། འཕགས་མཆོག་ཕྱག་ན་པདྨོའི་རྣམ་རོལ་དུ། ། དཔག་ཡས་ལྷ་དང་བླ་མའི་ལུང་གི་རྩེ། ། གཅིག་ཏུ་བསྒྲིལ་བའི་འོད་ཞགས་རྣོན་པོའི་ཚོགས། ། ཕྱོགས་དང་ཕྱོགས་ནས་འཇའ་ཚོན་ལྟ་བུར་ཟུག ། རིགས་པའི་བང་མཛོད་མགྲྀཾ༤་གྷོ་ཥ་དང༌། ། མཆོག་གི་སྒོ་སྐྱོང་བུདྡྷ་ཤྲིའ་སོགས། ། སྔོན་གནས་རྗེན་པར་གཟིགས་པའི་ཉམས་འགྱུར་བརྒྱས། ། ངོ་མཚར་གཞལ་མེད་རབ་དགའི་ས་ལ་དྲངས། ། རྒྱལ་སྲས་ངང་པའི་དེད་དཔོན་དམ་པ་ཞིག ། རང་གི་གྲིབ་མ་བབས་པའི་གནས་དག་ཀྱང༌། ། དགེ་ལེགས་བྱེ་བས་བཀྲ་ཤིས་བྱེད་བཞིན་པར། ། དབུས་འགྱུར་ཆོས་ཀྱི་རྒྱ་མཚོར་མངོན་པར་ཕྱོགས། ། བྱིས་པ་གཞོན་ནུའི་ན་ཚོད་བཟུང་ལགས་ཀྱང༌། ། ཀུན་བྱང་རྒྱུ་འབྲས་ཐུགས་ངོར་ཆེར་བཀྲ་བས། ། སྐབས་གསུམ་ལྷ་ཡང་བློ་ཡིས་ཟིལ་གྱིས་གནོན། ། ཞེས་པའང་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། ཚེས་བཅུ་དྲུག་ལ་འཇམ་འབིལ་རབ་ཁ་ནས་མདོ་རྒྱངས་ལ་ཁར་ཆིབས་བསྐྱོད་སྐབས་སྤྲིན་ཤིན་ཏུ་མཛེས་པར་དཀར་པོ་ཞིག་གིས་ཉེ་འཁོར་ཀུན་ཁྱབ་སྟེ་ལ་རྩེའི་གཡས་སུ་དབང་གཞུས་འཁྱུད་པའི་ཆུ་འཛིན་དུང་གི་མདོག་ལ་དབྱིབས་ཟླ་གམ་དུ་འཁྱིལ་བ་ཐོག་མར་ཐམས་ཅད་ཀྱིས་ཁ་དོག་སྣ་ལྔར་མཐོང་ཞིང༌། ཕྱིས་ཁ་དོག་དཀར་པོ་དར་དཀར་བརྐྱངས་པ་དང་འདྲ་བ་ཞིག་ཆིབས་རགས་ཀྱི་གཡས་ངོས་ནས་ཚུར་བསུ་བའི་ཚུལ་དུ་འགྲོགས་ཏེ་འོང་བའི་ལྟས་ཡ་མཚན་པ་ཡུན་རིང་གི་བར་བྱུང༌། །དེ་ནས་ཕེབས་ཏེ་གཉེན་གཞི་ཐང་ཡགས་མར་ཚ་གསོལ་མཛད་སྐབས་ཉིན་ཕྱེད་ཙམ་ལ་ཉི་མའི་ཉེ་འཁོར་དུ་སྤྲིན་དཀར་པོ་ཞིག་ལ་འཇལ་ཁ་དོག་སྣ་ཚོགས་པས་བསྐོར་བ་སྔར་མཐོང་མ་མྱོང་བ་ལྟ་བུ་ཞིག་ཀུན་གྱིས་མཐོང་བས་ངོ་མཚར་དུ་གྱུར། གདོང་ཐོག་བླ་མ་རིན་པོ་ཆེ་རྫོགས་ཆེན་ནས་ཕྱིར་ཕེབས། རྫོགས་ཆེན་རིན་པོ་ཆེའི་དྲུང་ནས་རྗེ་འདི་ཉིད་ལ་གྲིབ་སེལ་མཛད་འདུན་གྱིས་བྱ་བས་ཁྲུས་གསོལ། ཀློང་ཐང་དུ་འཕགས་མ་ཨཱ¿་ཏཱ་རེར་སྙན་ཤལ་དང་མཆོད་སྤྲིན་གཟབ་རྒྱས་སྤྲོས། ཟེ་ཤིང་ལ་རྩར་བཞུགས་སྒར་གྱི་ཉེ་འཁོར་ཀུན་ཏུ་མེ་ཏོག་གི་ཆར་ཆེན་པོ་བབས་སོ། །ཆབ་མདོའི་ཆོས་ར་ཞིག་ལ་བླ་བྲང་གིས་ཐབ་བསུ་བྱས་འདུག་པའི་ལོགས་བྲིས་ལ་རིགས་གསུམ་མགོན་པོ་དང༌། རྒྱལ་དབང་ལྔ་པ་དང༌། སྒྲོལ་མའི་སྐུ་སོགས་བཞུགས་པས། ལྔ་བ་ཆེན་པོར་མཛུབ་གཏད་ཀྱི་འདི་སུའི་སྐུ་རེད་ཞུས་པར། འདི་ང་རང་ཡིན་གསུང་གདའ་ཡང་གཟིམ་འགག་ནས་འདི་གང་རེད་ཞུས་པར། འདི་ནི་བླ་མ་ཡིན་ཞེས་ལན་གཉིས་གསུང༌། ཚེས་བཅུ་བདུན་ལ་རི་བོ་ཆེ་ཆུ་ཉལ་ངོས་སུ་བཞུགས་སྐབས་ནུབ་ཕྱོགས་ཀྱི་ནམ་མཁའི་ངོས་ལ་སྤྲིན་ཤིན་ཏུ་མཚར་སྡུག་རྨ་བྱའི་སྒྲོ་གུར་འདྲ་བ་ལ་ཞབས་གྲས་འགས་སྤྲིན་ཡག་པོ་ཡེ་འདྲ་ཞིག་འདུག་ཅེས་ཞུས་པར་རྗེ་ཉིད་ཀྱི་ཞལ་ནས། སྤྲིན་ཡ་གིའི་དཀྱིལ་ན་དཔལ་ལྡན་ལྷ་མོ་ཡང་བཞུགས་གསུང༌། ཤར་ཕྱོགས་སུ་སྤྲིན་རིང་ལ་དྲང་བ་བདུན་བརྩེགས་མཛེས་ཤིང་ངོ་མཚར་མཆོད་རྫས་ཀྱི་རྣམ་པས་ཁེབས་པ་ཞིག་ཀྱང་ཀུན་གྱིས་མཐོང་ ཉེར་གཉིས་ཉིན་གསེར་རྩ་བཀྲ་ཤིས་གླིང་གི་བདེ་ཆེན་ཟམ་ནས་ཡར་ཕེབས་སྐབས། ཨ་ནེ་བློ་བཟང་ཆོས་སྒྲོན་དང༌། བསོད་ནམས་གཉིས་ལ་ཕ་རི་ན་དཔལ་ལྡན་ལྷ་མོ་བཞུགས་འདུག་གསུང༌། གསེར་རི་སུམ་མདོ་ཟམ་ཆེན་ཁར་ཆིབས་ཐོག་ཏུ་གདན་དྲངས་པས་ཕ་རི་ན་དཔལ་ལྡན་ལྷ་མོ་བཞུགས་ཤིང༌། །རྗེ་བླ་མ་ཡང་བཞུགས། རྗེ་རང་གསེར་ཁྲི་དང༌། ལྷ་མོ་དངུལ་ཁྲིར་བཞུགས་གདའ། ལྷ་མོའི་ཞལ་ངོ་ལ་དྲ་བ་དྲ་ཕྱེད་ཀྱང་འདུག སྐྲ་དང་ཁ་སྤུ་རྣམས་དཀར་པོ་དང་དམར་པོ་རེད་གསུང༌། བེ་རི་ལ་རྒྱབ་ཏུ་གསོལ་ཚ་སྐབས་མེ་ཏོག་གི་ཆར་ཟིམ་བུ་བབས་པ་དང༌། དེ་འཕྲལ་འཇའ་ཚོན་ཁ་དོག་སྣ་ལྔ་པ་ཕྱེ་ཕུར་བརྒྱངས་པ་འདྲ་བ་ཞིག་གིས་ནམ་མཁའི་དབྱིངས་མཆོད་སྤྲིན་གྱི་ཚུལ་དུ་ཁྱབ་པ་གཟིགས། །རྐྱང་ལ་བརྒལ་བ་ནའང་མེ་ཏོག་གི་ཆར་ལན་གཉིས་ཙམ་བབས་ཤིང་འཇའ་འོད་མདོངས་མཐའི་སྒྲོ་གདུགས་དང་མཚུངས་པས་ལྷ་ལམ་ཐམས་ཅད་ཁྱབ་པས་ཀུན་ཡ་མཚན་པར་གྱུར། ཧོར་ཟླ་ལྔ་པའི་ཚེས་དྲུག་ཉིན་རྡོ་རིང་ཐེའུ་ཇི་ཆིབས་བསུར་ཕེབས་པ་དང་མཇལ་སྐབས་ཆུ་འཛིན་དཀར་པོའི་དབུས་སུ་བརྒྱ་བྱིན་གྱི་གཞུ་ཁ་དོག་རྣམ་ལྔའི་རང་བཞིན་སོགས་ལྟས་ངོ་མཚར་ཅན་དུ་མ་ཤར། པཎ་ཆེན་ཐམས་ཅད་མཁྱེན་པས་དབུས་རྒྱའི་དཔོན་ཆེན་ཨཾ་བན་སོགས་ཆེ་རྒུ་ཀུན་གྱིས་ཆུ་སྟོད་ཟླ་བའི་ཡར་ཚེས་ལ་རྒྱལ་བའི་དབང་པོའི་གསེར་བུམ་ངོས་གསལ་གནང་བས་མགར་ཐར་མཆོག་སྤྲུལ་རིན་པོ་ཆེའི་ཞབས་སེན་པུབྲསྤྱ་རིའ་ཀ་ྋས་གསུམ་མཛེས་རྒྱན་གསེར་གྱི་ཁྲི་འཕང་མཐོན་པོར་མངོན་པར་འཁོད། འདི་སྐོར་སྔར་ནགས་ཚང་རིན་པོ་ཆེར་ཐུགས་བརྟག་ཞུས་པར། གཟིམས་ལམ་དུ་ཁང་གསར་དཔོན་འཁོར་དང་ཁོང་བཅས་ལྷ་ས་ཀརྨ་ཤག་ཏུ་སོང་བར་བསོད་ནམས་དར་རྒྱས་ཀྱིས་མཛོད་བཏགས་མང་པོ་ཞིག་ཐོགས་པ་རིམ་བཞིན་བླངས་པས་བརྒྱད་སྦག་ཤ་སྟག་ཏུ་གྱུར། དར་གཅིག་ཆོས་སྐྱོང་ལ་ཕུལ་ཏེ་ལུང་བསྟན་ཞུས་པས་ཅི་ཡང་མི་གསུང་བར་སྡང་མིག་ཏུ་གཟིགས། ཇོ་ཁང་སྒོ་ཁྱམས་སུ་ཚོགས་མང་སར་འབྲས་སྤུངས་ཞལ་ངོ་གཉིས་ཀས་མི་འདོད་པའི་རྣམ་འགྱུར་མང་དུ་སྟོན་ཅིང༌། མི་ཞིག་གིས་ཕ་གི་ཁང་གསར་ཚང་ལ་མི་དགའ་བར་འདུག་ཟེར། ཨེ་ཝཾ་ཐོག་ནས་ཚོགས་མཇལ་ཞུས་པར། རྒྱབ་ནས་མི་ནག་པོ་ཞིག་གིས་ཁྲི་ཆེན་འཇམ་དཔལ་ཚུལ་ཁྲིམས་དག་ཞིང་དུ་བྱོན་སྐབས་ཁྱོད་ལ་གསུང་འཕྲིན་ཞིག་བཞག་སོང་ཟེར། ཅི་གསུང་དྲིས་པས། །བདེ་མཆོག་དཀར་པོའི་བསྙེན་པ་འབུམ་ཕྲག་བརྒྱ་ངེས་པར་འགྲོ་དགོས་ཨང་ཟེར་བ་ལན་གསུམ་བསྐྱར། ལག་བརྡའ་ཡང་ལན་གསུམ་བྱས། པོ་ཏ་ལའི་གཟིམས་ཆུང་ཉི་འོད་དུ་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཞུགས་ས་དེར་འབོལ་གདན་གཉིས་བརྩེགས་ཀྱི་སྟེང་དུ་བླ་མ་གཞན་ཞིག་བཞུགས། དེའི་གཡས་སུ་རྒྱ་རོང་སྐུ་བཅར་བཞེངས། མཐིལ་དུ་ཡབ་དང་སྐུ་མཆེད་སོགས་བཞུགས་ས་དེར་གོས་ཆེན་ཀྱི་ཁ་གང་མ་མང་པོ་བརྩེགས་པའི་སྟེང་དུ་ཁང་གསར་སྤྲུལ་སྐུ་ཞལ་ཤར་དུ་གཟིགས་ནས་བཞུགས། ཤར་ཕྱོགས་སུ་གཟིམས་ཆུང་སྤང་གཅལ་ཡོད་པ་ཞིག་ལ་སླེབས། གཡང་ཁ་ཞིག་ནས་ལྷུང་ལ་ཁད་ཀྱིས་རང་ཡུལ་དུ་འབྱོར་པ་རྨིས་ཚུལ་རྣམ་ཐར་ན་གསལ། ནགས་ཚང་རིན་པོ་ཆེའི་རྣམ་ཐར་དུ་དེ་དུས་བོད་ལ་ཆར་ཆུ་ཤིན་ཏུ་དཀོན་ཀྱང་རྗེ་འདི་བྱོན་པ་ནས་གློ་བུར་དུ་བབས་པས་ཞིང་པ་རྣམས་ཀྱང་དགའ་བདེའི་དཔལ་ལ་བཀོད། སྤྲུལ་པའི་སྐུའི་གསང་གསུམ་གྱི་མཛད་པ་གཞན་འགྲན་བྲལ་བས་ཁྲིར་ཕེབས་ངེས་ཀྱི་ཡིད་ཆེས་རྙེད་ན་ཡང་བདེ་ཆེན་དུ་སྤྲུལ་སྐུ་གཞན་རྣམས་མཇལ་ཚེ་གཅིག་ལས་གཅིག་ལྷག་པའི་ངོ་མཚར་བསམ་བརྗོད་ལས་འདས་ཤིང་ཅུང་ཟད་སོམ་ཉི་ཤར་ཞེས་བྱུང༌། གང་ལྟར་རྗེ་འདི་ཉིད་རྒྱལ་བ་ཉིད་རྒྱལ་བའི་དབང་པོའི་གདན་སར་མ་ཕེབས་པར་དགེ་འདུན་མང་པོ་དང་ལྷན་ཅིག་ཁ་མཉམ་ལག་མཉམ་དུ་ཐོས་བསམ་བརྒལ་བརྟག་གི་སྒོ་ནས་མཆོག་དམན་ཀུན་དང་ལུང་རིགས་ཀྱི་བགྲོ་གླིང་འབེལ་གཏམ་བཞེད་རྒུར་མཛད་རྒྱུ་བྱུང་བ་འདི་ནི་དམ་པའི་སྒྱུ་འཕྲུལ་ངོ་མཚར་ཅན་ཞིག་སྟེ། རྒྱལ་དབང་གོང་མ་ཚུལ་ཁྲིམས་རྒྱ་མཚོ་འབྲས་སྤུངས་སུ་བཞུགས་སྐབས་བློ་གསལ་གླིང་གི་ཆོས་གྲྭ་ལ་ཡང་ཡང་ཞིབ་གཟིགས་གནང་ནས་བདག་ཀྱང་དགེ་འདུན་འདི་འདྲ་དང་ཆབས་ཅིག་ཏུ་རྒྱལ་བའི་གསུང་རབ་ལ་བགྲོ་གླེང་གི་སྒོ་ནས་ཐོས་བསམ་བྱ་རྒྱུ་བྱུང་ན་སྙམ་པའི་ཐུགས་སྨོན་རྒྱ་ཆེར་མཛད་པ་དེའི་དབང་གིས་ད་ལྟ་རང་ཅག་རྣམས་ཏྲེ་བོ་སྐྱབས་མགོན་དང་ཁ་མཉམ་ལག་མཉམ་དུ་ཆོས་གྲྭ་འགྲིམ་ཆོག་པའི་སྐལ་བཟང་ཐོབ་པ་ཡིན་ཞེས་བློ་གླིང་དགེ་རྒན་རྣམས་ཀྱི་ཞལ་ནས་ཐོས། ཏྲེ་བོ་སྤྲུལ་སྐུ་རྒྱལ་བའི་ཁྲི་ལ་མ་ཕེབས་པ་འདི་ཁམས་ལུང་པ་བསོད་ནམས་ཆེ་ཞེས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཞལ་ནས་གསུངས། པཎ་ཆེན་རིན་པོ་ཆེས་རྗེ་འདི་ལ་གཟིགས་བསྐྱང་བཀུར་སྟི་གཞན་འགྲན་བྲལ་བ་མཛད་ཚུལ་འོག་ཏུ་གསལ་བ་ལྟར་དང༌། སྤྲུལ་སྐུ་རྣམས་ཐུགས་རྗེ་ཆེན་པོའི་རྣམ་རོལ་དུ་ཁྱད་པར་མ་མཆིས་ཀྱང༌། མགར་ཐར་སྤྲུལ་སྐུ་རིན་པོ་ཆེ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང༌། ཁང་གསར་སྤྲུལ་སྐུ་ཕྱག་བཞི་པའི་སྤྲུལ་པ་ཡིན་ཕྱིར་སྔ་མ་འདི་ནི། བོད་ཀྱི་བསོད་ནམས་ཀྱིས་ཐུབ་པ་ཆེས་ཤིན་ཏུ་དཀའ་ཞེས་པཎ་ཆེན་ཐམས་ཅད་མཁྱེན་པས་གསུངས་ཤིང༌། བོད་ཀྱི་རྒན་རབས་རྣམས་ཀྱང་གླེང་བར་གྲགས། རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བློ་བཟང་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོ་དགུང་ལོ་ཞེ་དགུའི་སྐབས་ཤིག་འབྲས་སྤུངས་ཀུན་དགའ་ར་བའི་ཤར་གྱི་ཞལ་དཀར་ནས་བློ་གསལ་གླིང་གི་ཆོས་གྲྭར་གཟིགས་ཏེ་སྐུ་མདུན་ནང་མ་དེ་མོ་རིན་པོ་ཆེ་སོགས་ལ། ཁོ་བོ་གཟུགས་གཅོང་མ་ཡིན་པའི་ན་གཞོན་གཟུགས་བཟང་བློ་རིག་གསལ་བ་མཚན་ཉིད་པ་འདི་འདྲ་རང་ལ་ཡིད་སྨོན་ཡོང་གི་འདུག་ཅེས་སོགས་ཐུགས་སྤྲོ་ཉམས་ཀྱིས་ཡུན་རིང་བཞུགས་པར་རྒྱལ་དབང་མཆོག་དེའི་རྣམ་ཐར་ན་སྣང༌། ནགས་ཚང་རྡོ་རྗེ་འཆང་གི་གཟིམས་ལམ་དུ་བླ་མ་ཆོས་རྗེས་དྲིལ་བུ་ཞིག་བསྣམས་ནས་འདི་ཀརྨ་སྒོམ་དྲིལ་ཡིན་གསུངས། ངེད་ལ་དེ་འདྲའི་དྲིལ་བུ་ཞིག་འདུག་པའང་ཁོང་ལ་ཕུལ་བས་ཞལ་ནས། འདི་ཐེག་ཆེན་སྒོམ་དྲིལ་ཡིན་འདུག་གསུང༌། དེ་ལ་རྟགས་ཅི་ཡོད་ཞུས་པར། ཅོད་པན་གྱི་ནང་དུ་རིགས་ལྔའི་ས་བོན་ཡོད་པ་ཞིག་ཡིན་གསུངས་འཕྲལ་དྲིལ་བུ་དེ་ཐོག་བརྩེགས་གཉིས་ཙམ་ཡོད་པའི་ཅོད་པན་དབུས་མའི་ནང་ན་ཧྲིའཿཡིག་གསེར་བཙོ་མའི་མདོག་ཅན་སོགས་རིགས་ལྔའི་ས་བོན་ཡོད་པ་ཞིག་རྨིས་པ་ཕྱི་ཉིན་སྐྱབས་མགོན་སྤྲུལ་སྐུ་རིན་པོ་ཆེ་ཁོ་བོའི་གམ་དུ་ཕེབས་པའི་ལྟས་སུ་མཐོང་ངོ་ཞེས་དམ་པ་དེ་ཉིད་ཀྱི་རྣམ་ཐར་ལས་གསུངས། འདི་དག་གིས་ཀྱང་རྗེ་འདི་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཡང་སྤྲུལ་དུ་བློ་གྲོས་དང་ལྡན་པ་སུ་ཞིག་དཔྱང་ཐག་འཛིན། ཆུ་སྟོད་ཟླ་བའི་རྒྱས་ཕྱོགས་བཅོམ་ལྡན་འདས་ཀྱིས་ཝཱ་ར་ཎཱ་སིར་ལྔ་སྡེ་ལ་བདེན་བཞིའི་ཆོས་འཁོར་བསྐོར་བའི་ཉིན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་སོགས་ལ་གནས་གཟིགས་ཞིབ་རྒྱས་དང་འབྲེལ་མཆོད་སྤྲིན་རྒྱ་ཆེར་བསྟར། རྒྱལ་བའི་གསེར་བུམ་དུ་ཕེབས་ཏེ་ཁྲིར་མ་འཁོད་པ་གཞན་ནི་སོ་སོའི་འཁྲུངས་ཡུལ་དུ་བསྐྱོད་སྲོལ་ལས་མེད་ཀྱང༌། བླ་མ་རིན་པོ་ཆེ་འདི་ཉིད་ཀྱི་རྣམ་པར་ཐར་པ་ངོ་མཚར་རྨད་དུ་བྱུང་བ་དང༌། ལྷག་པར་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ཉིད་དུས་གསུམ་གྱི་ཤེས་བྱ་ཐམས་ཅད་སྒྲིབ་མེད་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་མངའ་བའི་སྟོབས་ཀྱིས་གཟིགས་བསྐྱངས་དཔེ་མེད་གནང་བ་འདི་ལྟར། རྗེ་འདི་དགུང་ལོ་བཞི་པར་ཕེབས་པ་ཟླ་བ་དེ་གའི་དབང་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཉིན། གཡུའི་ནེའུ་བསིང་དང༌། བཟའ་ཤིང་གི་ལྗོན་པ་དང༌། པདྨ་ལ་སོགས་པའི་མེ་ཏོག་གི་རིགས་སྟོང་ཕྲག་དུ་མ་དང༌། ༅ྷོཊ་བོད་ཀྱི་སའི་ཐིག་ལེ། རྒྱལ་བའི་དབང་པོའི་རིམ་བྱོན་གྱི་བྱིན་རླབས་ཉི་ཟླའི་འོད་སྣང་རྟག་ཏུ་འབར་བ། ཡན་ལག་བརྒྱད་ལྡན་གྱི་རྫིང་བུ་དང༌། འབབ་ཆུ་རླབས་ཀྱི་ཕྲེང་བས་སྙེམས་པ་མང་པོ་དང༌། བཞད་དང༌། ནེ་ཙོ་དང༌། ཁྲུང་ཁྲུང་དང༌། ངང་ངུར་དང༌། ཆུ་བྱ་མགྲིན་རིང་ལ་སོགས་པའི་འདབ་ཆགས་དང༌། སྟག་གཟིག་དོམ་དྲེད་ལ་སོགས་པའི་གཅན་གཟན་དང༌། སྤྲ་དང་སྤྲེའུ་དང་ཤྭ་བ་དང༌། རྒོ་བ་དང༌། རྐྱང་བུ་ཁ་དཀར་ལ་སོགས་པ་ཡིད་དུ་འོང་བའི་དངོས་པོ་སྣ་ཚོགས་ཀྱིས་ལྷ་ཡུལ་ལྟར་ཀུན་ནས་མཛེས་པར་བྱས་པ། ངོ་མཚར་གྲུབ་པའི་ཞིང་མཆོག་ནོར་གླིང་སྐལ་བཟང་ཕོ་བྲང་དུ། སྣང་མཐའི་རྣམ་རོལ་པཎ་ཆེན་བློ་བཟང་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་བསྟན་པའི་རྩ་བ་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་སྩལ་ཏེ་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་ཞེས་འབྱུང་འགྱུར་གྱི་དོན་དང་མཐུན་པའི་ནཱ་མའི་ཅོད་པན་མཛེས་པར་གསོལ་ཞིང༌། ཞབས་བརྟན་གསོལ་འདེབས་ཟུར་ཕུད་ལྔ་ལྡན་མ་ཡང་འཕྲལ་དུ་ལྗགས་རྩོམ་གནང༌། ལུང་གིས་གཟེངས་བསྟོད་མཛད་པ་ནི། གནམ་བསྐོས་གོང་མ་ཆེན་པོའི་གསེར་གྱི་བཀའི་ལུང་གིས་པཎ་ཆེན་ཨེར་ཏེ་ནིར་འབོད་པའི་ཡི་གེ །འཛམ་གླིང་ཡངས་པའི་རྒྱལ་ཁམས་སྤྱི་དང༌། བྱེ་བྲག་དབུས་གཙང༌། ཧོར་སེར་ཁག་ལྔ།། ཆབ་མདོ། སྡེ་དགེ། རྒྱ་རོང་རྒྱལ་ཁག་བཅོ་བརྒྱད། མགོ་ལོག་ཤར་ཁོག་ཕྱོགས་སོགས་ཀྱི་གཞི་ལ་འཁོད་པའི་ཆོས་ཀྱི་ཁྲི་འཛིན་མཁན་པོ། སློབ་དཔོན་གྲྭ་རིགས། ལུང་ལས་ཀྱིས་མཐོ་བའི་དཔོན་པོ་མི་དྲག །དམངས་ཀྱི་སྐྱེ་བོ་ཇི་སྙེད་སོགས་སེར་སྐྱ་མཆོག་དམན་མཐའ་དག་ལ་གདམས་པ། དད་སྟོབས་ཀྱིས་མངོན་པར་ཕྱུག་པའི་ཏྲེ་བོ་དཔོན་བསྐལ་བཟང་དར་རྒྱས་ཀྱི་རིགས་སྲས་སྤྲུལ་པའི་སྐུ་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་འདི་ཉིད་འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེ་ཉེ་བར་ཞུགས་པའི་མཚན་ལྟས་ཆེས་དགེ་བར་མ་ཟད། ངེད་ཀྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་མནོས་ཐོག་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་ར་ཆེན་པོ་དེར་བཞུགས་གནང་བ་སྐབས་དེར་ལོ་སེམས་དཔའ་དང་མཉམ་པའི་གདན་བཟོས་སོགས་བསྟར་ཆོག་པ་དང༌། ལྷག་པར་སྤྲུལ་པའི་སྐུ་འདི་ཉིད་ནས་དམ་པའི་སྤྱོད་ཚུལ་བདག་གིར་མཛད་པ་དང༌། བསྟན་འགྲོའི་ཕན་བདེ་སྒྲུབ་པ་ལ་འཕྲིན་ལས་ཀྱི་སྒོ་འབྱེད་དུ་བསམ་ངོས་ནས་མེ་རྒན་མཁན་པོ་ཞེས་པའི་ཆོ་ལོ་དང༌། མཁན་ཆས། རྟ་དང༌། འབོགས་ལྕགས། མགྱོགས་འགྲོའི་གཙུག་ཏུ་འཕན་ཏོག་དང་བཅས་པ། ཟེ་ཁེབས། ལོང་ཁེབས་རྣམས་ཀྱི་གཟེངས་བསྟོད་སྤེལ་བ་ཡིན་པས། འདི་པ་འཁོར་བཅས་ལུགས་སྲོལ་སོར་བཞག་གི་སྒོ་ནས་འགྲོ་འདུག་ཇི་ལྟར་བྱས་ཀྱང་དྲག་ཞན་ཚང་མས་བཀུར་བཟོས་སུ་གང་འགྲོ་ལས་གནོད་འགལ་ལོག་པར་འགྲོ་རིགས་ཕྲ་མོ་ཙམ་མི་བྱེད། དང་དུ་ལེན་པ་རྣམས་ལ་འདི་ནས་ཀྱང་རྣམ་ཀུན་དགེ་བའི་སྐྱབས་འཇུག་རྒྱུན་མར་བགྱིད་པ་ཡིན་ཞེས་གོ་བར་བྱ་བའི་ཡི་གེ་ཤིང་སྦྲུལ་༡༨༤༥དབོ་ཟླའི་གྲལ་ཚེས་དགེ་བར་བྲིས། ཞེས་པའོ། །སྤེལ་ལྡན་གཞིས་ཀ་གནང་སྦྱིན་དུ་སྩལ། ཟླ་བ་བདུན་པའི་ཚེས་གཅིག་ལ་ཁ་བའི་ལྗོངས་ཀྱི་ཤྲིའ་ནཱ་ལ༅ྷ་དཔལ་ལྡན་འབྲས་སྤུངས་སུ་ཆིབས་ཀྱི་ཁ་ལོ་མངོན་པར་འསྒྱུར། གནས་གཟིགས་དང༌། འདུས་པ་རྒྱ་མཚོར་བསྙེན་བཀུར་རྒྱ་ཆེར་མཛད། སླར་འཁྲུངས་ཡུལ་ཁང་གསར་ཧོར་གྱི་རྒྱལ་ཁབ་ཏུ་ཞབས་སོར་དགེ་བར་འཁོད། སྤོང་བ་པ་ཆེན་པོ་ཕུར་ལྕོགས་པར་གྲགས་པ། ཡོངས་ཀྱི་དགེ་བའི་བཤེས་གཉེན་བཟང་པོ་དཔལ་གྲགས་ཚུལ་བཞིན་དུ་བསྟེན་ཏེ། ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་དང༌། འདོན་ཆོས་སྤྱོད་ཀྱི་རིམ་པ་མཐའ་དག་ལ་གསན་བཞེས་མཛད་པས་སྔོན་གནས་རྗེས་དྲན་གྱི་ཚུལ་དུ་དཀའ་བ་མེད་པར་ཐུགས་སུ་ཆུད། ནགས་ཚང་རིན་པོ་ཆེའི་མདུན་ནས་ཀུན་རིག་ཀྱི་དབང་ཆེན་དང༌། མགོན་པོ་ཕྱག་དྲུག་པ། མགོན་དཀར། གུར་མགོན། ཆོས་རྒྱལ། ལྷ་མོ། རྣམ་སྲས། ལྕམ་སྲིང་སོགས་ཀྱི་རྗེས་གནང་ཞུས། ལོ་དེར་མ་ཡུམ་སྐུ་གཤེགས་པར། ཐུགས་བརྩེ་ཆེ་ཕྱིར་སྤྱན་ཆབ་རྒྱུན་མར་བསིལ་བ་ན་སྐུ་རྩེད་སྒྲོལ་སྐུ་ཞིག་ཡོད་པ་ཞབས་གྲས་དག་གིས་གདན་དྲངས་ཏེ་ཉིད་ཀྱི་ཨ་མ་འདི་ལགས་པས་ཐུགས་ངལ་མ་མཛད་ཅེས་ཞུས་པར་སྤྱན་ཆབ་བཤོལ། སྐུ་འབྲུམ་བཞེས་སྐབས་ང་ལ་ཆུ་གཏོར་བ་དེ་སུ་ཡིན་གསུངས་པར། སུས་ཀྱང་མ་གཏོར་ཞུས། དེ་ནི་ལྷག་པའི་ལྷ་དང༌། ཡེ་ཤེས་ཀྱི་ཌཱ་ཀི་མ་རྣམས་ཀྱིས་སྙུན་སྦྱང་ཕྱིར་སྐུ་ཁྲུས་གསོལ་བར་གདོན་མི་ཟ། དཀའ་ཆེན་བློ་བཟང་ཆོས་འཕེལ་མཐུ་སྟོབས་རྒྱ་མཚོ་དཔལ་བཟང་པོའི་དྲུང་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང༌། སེངྒེ་སྒྲ་དང༌། ཀླུ་དབང་རྒྱལ་པོའི་རྗེས་གནང་བཅས་གསན། ལྕགས་ཕག་༡༨༥༡ཟླ་བ་ལྔ་བའི་ཚེས་བཅུ་བདུན་ལ་གཟིག་རྒྱབ་རི་ཁྲོད་དུ་ཆིབས་བསྒྱུར་གནང་སྟེ། དཀའ་ཆེན་རིན་པོ་ཆེ་དང་ནང་གཤིན་གྱི་གསུང་གླེང་འཕེལ། སྤྲུལ་སྐུ་རིན་པོ་ཆེ་གྲྭ་ས་རྒྱ་མཚོ་ཆེན་པོ་ལྟ་བུར་ཕེབས་པ་ནི། ཐོས་བསམ་གྱི་ནོར་བུ་ལེན་ཆེད་ཡིན་པས། གང་ཅིར་བརྩོན་པ་ཆུ་བོའི་རྒྱུན་གྱི་ངང་ཚུལ་གྱིས་སྙིགས་མའི་དུས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཕན་ངེས་སུ་འགྱུར་བ་ཞིག་མཛད་དགོས་ཚུལ་སོགས་ཀྱི་ཞལ་གདམས་སྩལ་བ་རྣམས་ཀྱང་མ་བསྙེལ་བར་ཐུགས་ཀྱི་དཔལ་བེར་བཅིངས་ཏེ་ཕྱིས་སུ་གསུང་འབུམ་གྱི་ཁྲོད་དུ་བཞུགས་པར་མཛད་དོ།། སྨྲས་པ། འཇིགས་བྲལ་ཤ་ར་༅ྷ་ཡི་ཕྲུ་གུ་གང༌། ། སཱ་ལའི་སྨན་ལྗོངས་ངོགས་སུ་ཞུགས་ཙམ་གྱིས། ། མི་མཐུན་རྒུད་པའི་གཉིས་འཐུང་རྒན་པོའི་ཚོགས། ། རང་གི་སྙིང་དང་ལྷན་ཅིག་འདར་བ་བསྟེན། ། ཕྱག་ན་པདྨོ་དགྱེས་པའི་འཛུམ་ཟེར་གཅིག ། ཉིན་མཚན་སྒྲོན་མེའི་རྣམ་པར་ཕྱེ་བ་དང༌། ། འཇིག་རྟེན་པ་རྣམས་ཡིན་དང་མ་ཡིན་བློས། ། ཉི་མ་ཟླ་བའི་ཐ་སྙད་སོ་སོར་འབོད། ། འོད་སྣང་དཔག་ཡས་སྙིགས་དུས་འགྲོ་བའི་མགོན། ། བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་བས། ། བླ་མ་མཆོག་འདིའི་ཐུགས་ཀྱི་བུམ་པ་བཟང༌། ། པྲ་ཏི་མིཀྵའི་བདུད་རྩིས་མཛེས་པར་བྱས། ། ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོ་ཞེས། ། གྲགས་སྙན་ཁོར་ཡུག་རི་བོའི་ཁོངས་བརྒལ་བ། ། གང་གི་བཞེད་དགོངས་གསང་བ་བསམ་མི་ཁྱབ། ། བདེན་མཐོང་འཕགས་པའི་ཚོགས་ཀྱི་གཟིགས་མོར་མཚར།། འདི་ལ་ཐུན་མིན་དོན་གྱི་མུཀྟི་ཀ ། ཚིག་གི་སྲད་བུར་བསྟར་ན་མི་ཉུང་མོད། ། གླེགས་བམ་ཆེ་བས་འཇིགས་པས་སྐྱེ་བོ་དང༌། ། གཟུང་བར་བྱ་ཕྱིར་བསྡུས་པའི་ལམ་ནས་འཇུག །

 ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

༢ ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་སྟེ། གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་དང༌། དབང་ལུང་མན་ངག་རྒྱ་ཆེ་དང༌། དགེ་ཚུལ་སློང་གི་སྡོམ་པ་མནོས་པ་སོགས་ཀྱི་ཚུལ།

དེ་ནས་ཕག་ལོ་སྤྱི་ལོ་༡༨༥༡ཧོར་ཟླ་ལྔ་པའི་ཚེས་བཅུ་དགུ་ལ་དབུས་གཙང་དག་པའི་ཞིང་ཁམས་སུ་གསེར་ཞལ་གྱི་པདྨོ་མངོན་པར་ཕྱོགས་ཏེ། བླ་མ་དཀའ་ཆེན་རིན་པོ་ཆེ་སོགས་སེར་སྐྱ་དུ་མས་ཆིབས་སྐྱེལ་དང་བཅས་རིམ་གྱིས་བྱོན། ཕེབས་ལམ་ཀུན་ཏུ་སྣང་སྲིད་དྲེགས་པ་སྡེ་བརྒྱད་བྲན་དུ་འཁོལ་བའི་ངོ་མཚར་བློ་ཡུལ་ལས་འདས་པས་ཉིན་རེ་ཞིང་འཁོར་གྱི་སྐྱེ་བོ་རྣམས་ཡ་མཚན་དང་རྣམ་བྱང་བདུད་རྩིའི་ལམ་འབྲས་ཅི་རིགས་ལ་འགོད་བཞིན་བོད་ཡུལ་རྡོ་རྗེ་གདན་དུ་དགེ་བར་བརྟོལ། ཇོ་ཤཱཀ་སོགས་ལ་སྲི་ཞུ་དང་འབྲེལ་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཏེ་བསྟན་འགྲོའི་གསོས་སྨན་ཆེན་པོར་འགྱུར་བའི་ཐུགས་སྨོན་ཟབ་རྒྱས་གནང༌། ཆོས་ཞུགས་སྐབས་ཚོགས་ཆེན་དུ་མང་ཇ་གསུམ་དང་སྐུ་འགྱེད་རིན་ཆེན་གཉིས་པ་ཞོ་དོ་རེ། གྲྭ་ཚང་ལ་གྲྭ་ཇ་བཞི་དང་སྤྱི་འབུལ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་སྣང་བརྙན་ཚེམ་གྲུབ། སྐུ་འགྱེད་ཞོ་གསུམ་རེ། ཁམས་ཚན་ལ་ཚོམས་ཇ་སོགས་ཟབ་རྒྱས། སྤྱི་འཇོག་རྗེ་རིན་པོ་ཆེ་དང༌། ལྷ་མོའི་ཐང་སྐུ་གོས་ཆེན་བརྩེགས་བསྒྲུབས་བཅས་སྤྱི་དང༌། བྱེ་བྲག་གི་བསྙེན་བཀུར་གྱ་ནོམ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་བསྟར། སྡེ་སྣོད་འཛིན་པ་ཆེན་པོ་དགེ་བཤེས་མགོན་པོ་བསམ་འགྲུབ་ཡོངས་འཛིན་དུ་བསྟེན་ཏེ། རྭ་སྟོད་བསྡུས་གཞུང་བློ་འཛིན་དང་འབྲེལ་ཆོས་གྲྭ་མ་ཆག་པར་རིགས་པ་སྨྲ་བ་བརྒྱ་ཕྲག་མང་པོ་དང་ལྷན་ཅིག་རྩོད་འཕྲུལ་སྐྱོར་སྦྱང་གིས་ཉིན་མཚན་སྦྲེལ་དྲུང་ཆེན་ལེགས་བཟང་གི་བློ་རིག་དང༌། དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱི་རྟགས་རིགས་དང༌། པཎ་ཆེན་གྱི་རྣམ་འགྲེལ་མཐའ་དཔྱོད་རྣམས་གཞིར་བཟུང་སྟེ་ཐར་ལམ་གསལ་བྱེད། ཊིའཀ་ཆེན། སྡེ་བདུན་རྒྱན་སོགས་ཚད་མའི་སྐོར་གྱི་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་མཐིལ་ཕྱིན་མཛད། དགུང་ལོ་བཅོ་ལྔ་པ་ཆུ་ཕོ་བྱི་༡༨༥༢ལོའི་དབོ་ཟླའི་ཚེས་དྲུག་ལ་དབེན་པའི་གནས་མཆོག་ཆུ་བཟང་རི་ཁྲོད་དུ་སྟག་ཕུ་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོའི་དྲུང་ནས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་འདུལ་བ་འཛིན་པ་མཐའ་དག་གི་གཙུག་རྒྱན་དུ་གྱུར། རྗེ་དེ་ཉིད་ལས་ཐེག་པ་ཆེན་པོའི་སྡོམ་པ་མནོས་ཏེ་ཁས་བླངས་ཙམ་ལ་མ་བཞག་པར་སྨོན་འཇུག་བྱང་ཆུབ་གྱི་སེམས་ཀྱི་བསླབ་བྱ་མཐའ་དག་ཐུགས་ཉམས་སུ་བསྟར། མངོན་རྟོགས་རྒྱན་དང་པཎ་ཆེན་སྤྱི་དོན་འཛིན་བྱང་ཐོག་འགྲེལ་པ་དོན་གསལ་དང་གསེར་ཕྲེང་གིས་གོ་རྒྱ་བསྐྱེད། རྣམ་བཤད་སྙིང་པོའི་རྒྱན་གྱིས་མཐའ་བཅད། འཇམ་དབྱངས་བཞད་པ། མཁས་གྲུབ་བསྟན་དར་པ། རྗེ་བཙུན་ཆོས་རྒྱན་སོགས་རང་གཞན་གྱི་ཡིག་ཆ་མང་པོས་ཟུར་བརྒྱན་ཏེ་ཞིབ་ཏུ་སྦྱངས། དུས་འབྲེལ་གྱི་གསོ་སྦྱོང་ཆག་མེད་དང༌། ཚོགས་ཆོས་གྲྭའི་ཞལ་འདོན་རྣམས་ཀྱང་དོན་དགོངས་པའི་ཉམས་འགྱུར་གྱིས་ཉིན་གཅིག་ལ་དཔེ་བླངས་པ་ལྟ་བུར་ཆགས་མེད་དུ་གསུངས་པའི་རྣམ་པར་ཐར་པ་གཅིག་པུ་ཡང་ཕལ་པའི་བློ་གྲོས་ཀྱིས་དཔག་པར་སླ་བ་མ་ཡིན་ནོ། །ལེགས་བཤད་སྙིང་པོ་ཐུགས་ལ་བཟུང་བའི་སྟེང་ནས་སྟོང་ཐུན། དགེ་འདུན་རྒྱ་མཚོའི་དཀའ་འགྲེལ། གཉའ་སྟོན་དཀའ་འགྲེལ། ཚུལ་ཁང་དཀའ་འགྲེལ། མཐའ་དཔྱོད་ཨུསྒྲཎལ་ལའི་ཕྲེང་བ་སོགས་ལ་གཟིགས་རྟོག་མཐའ་ཆོད་པར་གནང༌། འཇང་དགུན་ཆོས་སུ་ཡང་ཡང་ཕེབས་ཏེ་ཚད་མ་ལ་ལྷག་པར་སྦྱངས་ཤིང༌། མགོན་པོ་མཆོག་འདིའི་དམ་བཅའ་དང༌། རིགས་འཕྲུལ་གྱིས་གཞན་ཡིད་རང་དབང་མེད་པར་འགུགས་པ་ཞིག་ཡོད་ཅེས་ཀུན་ལ་གྲགས་སོ། །ཚོགས་ལངས་སྐབས་ཁམས་ཚན་སོ་སོར་དམ་བཅའ་མ་ཆད་པར་བཞུགས་ཤིང་བཀའ་རམས་དགེ་བཤེས་ཆེ་དྲག་རྣམས་ནས་དཀའ་གནད་ཀྱི་རྩོད་རིགས་ཇི་ཙམ་སྤྲོས་ཀྱང་ཉི་མའི་ཟེར་ལ་སྲིན་བུ་མེ་ཁྱེར་བཞིན་སྤོབས་པ་སྣང་མེད་དུ་གྱུར། ཆོས་གྲྭར་ཡང་དམ་བཅའ་དེ་བཞིན་གནང་བས་མཁྱེན་རབ་ཀྱི་རྩལ་དང༌། ཞི་དུལ་གྱི་གསུང་བབས་སོགས་ལ་གཟུར་གནས་སྐྱེ་བོ་ཀུན་གྱིས་ངོ་མཚར་བའི་ཅ་ཅོ་ཅི་ཡང་སྒྲོག་པ་ཐོས། ཟླ་བ་བདུན་པའི་ཚེས་ལ་ཁྲི་ཆེན་ངག་དབང་ཆོས་འཕེལ་གྱི་མཆོག་སྤྲུལ་རིན་པོ་ཆེ་དང་ལུང་རིགས་ཀྱི་བགྲོ་གླེང་མཛད་པས་མཁས་རྒུའི་ཐུགས་ཀྱི་བརྟན་པ་ལྷག་མེད་དུ་འཕྲོག དགུང་ལོ་མངལ་གནས་དང་ཟླ་བཤོམ་རྩིས་པས་ཉི་ཤུ་ལ་མེ་འབྲུག་༡༨༥༦སྣོན་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་ཉིན་གཟའ་སྐར་འཕྲོད་སྦྱོར་ཕུན་གསུམ་ཚོགས་པའི་སྔ་དྲོ་གྲིབ་ཚོད་སྐྱེས་བུ་གཅིག་དང་རྐང་པ་གཉིས་ཀྱི་སྟེང་དུ་སླེབས་པ་ན་དབེན་པའི་གནས་མཆོག་ཆུ་བཟང་རི་ཁྲོད་དུ་ཡོངས་རྫོགས་བསྟན་པའི་མངའ་བདག་ཡོངས་འཛིན་ཛཱ༼ན་སཱ་ག་ར་༅ྷ་དྲའི་ཞལ་སྔ་ནས་ཀྱིས་མཁན་སློབ་སྦྲག་མ་དང༌། འདུལ་འཛིན་ཆེན་པོ་རྒྱ་དགེ་བཤེས་བློ་བཟང་རྣམ་རྒྱལ་གྱིས་གསང་སྟེ་སྟོན་པའི་སློབ་དཔོན། རབ་འབྱམས་སྨྲ་བའི་བཤེས་གཉེན་འདུལ་བ་འཛིན་པ་ཆེན་པོ་ཤེས་རབ་ཉི་མས་དུས་གོ་བ། གནས་བརྟན་འདུལ་བ་འཛིན་པ་བློ་བཟང་བསམ་གཏན་དང༌། བསླབ་པ་གསུམ་གྱི་ཐུགས་རྒྱུད་ཡོངས་སུ་ཕྱུག་པའི་གཤེས་གཉེན་ཆེན་པོ་བློ་བཟང་མཐུ་སྟོབས་སོགས་ཀྱིས་ཁ་སྐོང་མཛད་དེ། མི་མཐུན་པ་གཉིས་དང་བྲལ་ཞིང་ཆོས་བཅུ་གསུམ་དང་ལྡན་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཡོངས་རྫོགས་དགེ་སློང་གི་བསླབ་གཞི་ལེགས་པར་མནོས་ནས་འཕགས་པའི་གནས་བརྟན་ཆེན་པོ་ཉེ་བར་འཁོར་དང༌། རྟ་ཐུལ་ལྟ་བུར་དྲང་སོང་མཆོག་གི་བརྟུལ་ཞུགས་ལ་གནས་པར་གྱུར་ཏོ།། སྨྲས་པ། མཁའ་ལ་སྤྱོད་པའི་མཐུ་ལྡན་ཞིང༌། ། ཛཁྲརྟ༤་ནཱ་དའི་འོད་ཆགས་པའི། ། འདབ་བཟང་ངང་པའི་དེད་དཔོན་ཞིག ། ཡིད་བཞིན་མཚོ་ཡི་ངོགས་ན་མཛེས། ། ཀུངུ་མ་ཡི་སྐྱེད་མོས་ཚལ། ། ལྷོ་རླུང་གསར་པའི་དཔལ་རྫོགས་པ། ། དགའ་བྱེད་གྲུ་ཆར་འཇོ་བའི་སྤྲིན། ། མཚར་སྡུག་ལྷ་ལམ་ཡངས་པོ་བྲིས། ། ཚད་མའི་གཞུང་ལ་ཚད་མའི་བློ། ། རྣམ་རྒྱལ་རྣམ་ཐར་མེ་ཏོག་ཕྲེང༌། ། རྒྱན་དུ་ཐོགས་པའི་འཛམ་གླིང་རྒྱན། ། གྲགས་སྙན་གྲགས་པའི་མུ་ཁྱུད་བཞིན། ། རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། ། རྒྱལ་སྲས་བྱེ་བའི་འཇུག་ངོགས་དེར། ། རྒྱལ་ཚབ་མི་ཕམ་མགོན་པོ་དང༌། ། རྒྱལ་བ་གཉིས་པའི་བརྟུལ་ཞུགས་བཟུང༌། ། ཆུ་བཟང་ཞེས་བྱ་རི་བོའི་ཁོངས། ། ཡེ་ཤེས་རྒྱ་མཚོའི་འཁྱིལ་པ་ལས། ། ཤྲ་མ་ཎེ་རའི་བསིལ་ཐོབ་དང༌། ། བསླབ་ཚིགས་མཆོག་གི་བདུད་རྩི་འཐུངས། ། ཇིང་གིར་རིགས་ལས་འཇིག་རྟེན་གསུམ། ། དགེ་བར་བྱེད་པའི་སུ་མ་ནི། ། དད་གུས་དྷྭ་ཛའི་རྩེར་མཆོད་པའི། ། སྐྱེ་བོ་དེ་དག་སྐལ་བ་བཟང༌། ། ཞེས་པའང་བསྡུ་བའི་ཚིགས་སུ་བཅད་པའོ། །




༣ དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང་ནས་རང་ཡུལ་ཏྲེ་ཤོད་ཡུལ་དུ་ཞབས་སོར་འཁོད་དེ་ཁུལ་དེའི་བསྟན་འཛིན་སྐྱེས་ཆེན་དུ་མ་ལས་དབང་ལུང་མན་ངག་རྒྱ་ཆེར་གསན་ཞོར་ཧོར་སེར་ད་ར་ཁག་ལྔ་ལ་བསྟན་པའི་བྱ་བ་རྒྱ་ཆེར་ མཛད་པའི་ཚུལ།

སླར་ཡང་རང་ཡུལ་དུ་འབྱོན་བཞེད་ཀྱིས་མཁས་གྲུབ་བྱེ་བའི་བསྟི་གནས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་དུ་མང་ཇ་གསུམ་དང༌། སྤྱི་འབུལ་སྣམ་དཀར་བུབས་གཅིག་དང༌། ཇ་ཀོ་རྩེ་འཁོར་དྲུག་གཅིག སྐུ་འགྱེད་ཊཾ་རེ། གྲྭ་ཚང་དུ་གྲྭ་ཇ་བཞི་དང༌། སྤྱི་འབུམ་དངུལ་ཊཾ་སྲང་བཅུ། སྐུ་འགྱེད་རིན་ཆེན་གཉིས་པའི་འཁོར་ལོ་རེ་དང༌། དགེ་འདུན་བརྒྱད་རེར་ཇ་ཀོ་རྩེ་སྦག་རེ། ཁམས་ཚན་དུ་ཚོམས་ཇ། འབྲས་ཐུག སྤྱི་འབུལ་ཇ་འཁོར་ལྔ།། སྐུ་འགྱེད་དངུལ་ཊཾ་རེ་དང་ཇ་སྦག་རེ། སེ་ར་ཏྲེ་བོ་ལའང་ཚོམས་ཇ། འབྲས་ཐུག སྤྱི་འབུམ་བཟང་ཇ་སྒམ་གཅིག སྐུ་འགྱེད་ཞོ་རེ། ཆུ་བཟང་རི་ཁྲོད་དུ་མང་ཇ་དང༌། སྐུ་འགྱེད་བསྒྲིལ་དངུལ་སྲང་བཅུ་དྲུག་དང་ཞོ་བརྒྱད། སྟག་ལུང་བྲག་ཏུ་མང་ཇ་དང༌། སྐུ་འགྱེད་བཅས་ལ་ཊཾ་སྲང་བརྒྱད་དང་ཞོ་དགུ་ཕུལ་ཏེ་ལུས་ངག་ཡིད་གསུམ་གྱི་བགྱི་བ་མཐའ་དག་རྒྱལ་བསྟན་སྤྱི་དང༌། ཁྱད་པར་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་དར་རྒྱས་ཀྱི་རྒྱུ་ཁོ་ནར་འགྱུར་བའི་ཐུགས་སྨོན་རྒྱ་ཆེར་མཛད། གྲུབ་པའི་དབང་ཕྱུག་ཁྲི་རིན་པོ་ཆེ་མཁྱེན་རབ་དབང་ཕྱུག་དཔལ་བཟང་པོའི་མདུན་ནས་དཔལ་དུས་ཀྱི་འཁོར་ལོ་དང༌། ཀུན་རིག་གི་དབང་ཆེན། ལམ་གྱི་གཙོ་བོ་རྣམ་གསུམ་དང༌། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། བཀའ་གདམས་གླེགས་བམ་རིན་པོ་ཆེ་དང༌། ལམ་རིམ་མཆན་བཞི་མའི་ལུང་སོགས་གསན། ཁྲི་འཇམ་དབྱངས་དམ་ཆོས་རིན་པོ་ཆེར་བློ་སྦྱོང་དོན་བདུན་མའི་ཁྲིད། ཁྲི་ཆེན་གྲགས་པ་དོན་འགྲུབ་དཔལ་བཟང་པོའི་དྲུང་ནས་བློ་སྦྱོང་བྱང་སེམས་ཆུ་རྒྱུན་དང༌། སྐྱེས་རབས་སོ་བཞི་པའི་ཁྲིད་ཆུ་བཟང་བླ་མ་རིན་པོ་ཆེར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། གྲུབ་རྒྱལ་ལུགས་རྟ་མགྲིན་དབྱུག་པ་ཅན་གྱི་རྗེས་གནང༌། ལམ་རིམ་ཆུང་བ། རྡོར་སེམས་བསྒོམ་བཟླས། དགའ་ལྡན་ལྷ་བརྒྱ་མ། ཐོག་མའི་བློ་སྦྱོང༌། ལམ་རིམ་གསེར་ཞུན་མ། ཉིན་ཞག་ཕྲུག་གཅིག་གི་ཉམས་ལེན། ཚ་གསུར། ལམ་རིམ་འཇམ་དཔལ་ཞལ་ལུང༌། དྭགས་པོ་ངག་དབང་གྲགས་པའི་ལམ་རིམ་ཚིགས་བཅད་མ། དམར་ཁྲིད་མྱུར་ལམ། སྦྱོར་ཆོས་ཐུབ་བསྟན་ལྷུན་རྒྱན། འོད་དཔག་མེད་ལ་བརྟེན་པའི་འཕོ་བ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་བཅས་ཀྱི་ཁྲིད། སྐྱེས་མཆོག་པོ་ཏོ་བའི་ཚིག་ལབ་རིང་མོ། འཇིགས་བྱེད་བཅུ་གསུམ་མའི་ཆོ་ག་ཟ་མ་ཏོག མགོན་པོ་ཕྱག་དྲུག་པའི་གཏོར་ཆོག ཆོས་རྒྱལ། ལྷ་མོ། རྣམ་སྲས་གསུམ་གྱི་གཏོར་ཆོག སྨྱུང་གནས་ཆོ་ག་སྨོན་ལམ་བཅས། སྙིང་གཏམ་བཅུ་གསུམ་མ། དགེ་བཤེས་ཚེ་དབང་བསམ་འགྲུབ་ཀྱི་སྡོམ་གསུམ་བསླབ་བྱ། རྭ་པོད་དང་དཔལ་པོད་ཡོངས་རྫོགས། མགོན་པོ་ཕྱག་དྲུག་པའི་བེའུ་བུམ་སོགས་ཀྱི་ལུང་རྣམས་ཞུས། ཆུ་བཟང་བླ་མ་རིན་པོ་ཆེའི་སྲས་ཀྱི་ཐུ་བོ་འདུལ་བ་འཛིན་པ་བློ་བཟང་ཆོས་གྲགས་ཀྱི་མདུན་ནས་ཤ་ར་བའི་ལམ་རིམ་དང༌། ལྕེ་སྒོམ་ཤེས་རབ་རྡོ་རྗེའི་མན་ངག་རིན་ཆེན་སྤུངས་བ་ལེའུ་བཅུ་གསུམ་ཡོངས་རྫོགས་ཀྱི་ལུང་གསན། བྲག་རི་རྡོ་རྗེ་འཆང་བློ་བཟང་ཆོས་འབྱོར་རྒྱ་མཚོའི་དྲུང་ནས་རྟ་འགྲིན་ཡང་གསང་ཁྲོས་པའི་དབང་ཆེན། བྲག་གཡབ་མཆོག་སྤྲུལ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ཞལ་སྔ་ནས་ཀྱིས་སྨན་བླ། འཇམ་དབྱངས་དམར་སེར། སྤྱན་རས་གཟིགས། རྟ་མགྲིན་བཅས་ཀྱི་རྗེས་གནང་སོགས་སྩལ་བ་ལེགས་པར་ཞུས། འབྲས་སྤུངས་ནས་ཆིབས་བཏེགས་ཏེ་རིམ་གྱིས་སྐུའི་ལྟེ་མཚལ་གང་དུ་ཕོ་བའི་གནས་ག་ལ་བར་ཕྱག་ཕེབས་སུ་ཉེ་བ་མེ་འབྲུག་༡༨༥༦ཧོར་ཟླ་བཅུ་པའི་ཚེས་ལྔ་པ་དཀའ་ཆེན་རིན་པོ་ཆེ་དང༌། ནགས་ཚང་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོས། བླ་ཁག་དགོན་སྡེ། དཔོན་ཁག་སོགས་ཀྱི་ཆིབས་བསུ་དང་བཅས་ཁང་གསར་ཧོར་གྱི་རྒྱལ་ཁབ་ཏུ་གཤེགས་ཏེ་གསེར་གྱི་ཁྲི་འཕང་མཐོན་པོ་ལ་ཞབས་སེན་ཆུ་སྐྱེས་ཀྱི་ཕྲེང་བ་མངོན་པར་བཀོད། མདོ་སྔགས་གྲྭ་ཚང་གཉིས་ཀྱིས་མཚོན་དགོན་སྡེ་སོ་སོ་དང༌། བླ་ཁག་དཔོན་ཁག་རྣམས་ནས་སྤྱན་དྲངས་པ་བཞིན་བྱོན་ཏེ་སོ་སོའི་འདོད་མོས་ལྟར་དམ་པའི་ཆོས་ཀྱི་ཆར་རྒྱུན་ཅི་ཡང་འབེབས་པར་མཛད། ཀུན་སྤངས་ཆེན་པོ་རྗེ་བཟང་པོ་དཔལ་གྲགས་སོགས་བླ་མ་མཚན་ཉིད་དང་ལྡན་པ་གུས་པས་བསྟེན་ཏེ་ཐུགས་དམ་གྱི་རིམ་པ་དང༌། གཞུང་ལུགས་ཆེན་མོ་རྣམས་ལ་གཟིགས་རྟོག་ཆག་མེད། གསང་བདེ་འཇིགས་གསུམ་གྱིས་མཚོན་སྔགས་ཆོ་ག་ཕལ་ཆེར་ཐུགས་འཛིན་གནང༌། ཟླ་བ་དེ་གའི་ཚེས་བརྒྱད་ལ་གཟིག་རྒྱབ་དཀའ་ཆེན་རིན་པོ་ཆེའི་དྲུང་དུ་ཕེབས་ཏེ་ཞལ་མཇལ་བ་ཙམ་ནས་ཕན་ཚུན་གུས་པའི་རྣམ་འགྱུར་མཐའ་ཡས་ཤིང༌། འབེལ་བའི་བཀའ་མཆིད་དང༌། ལུང་རིགས་ཀྱི་བགྲོ་གླེང་ཕལ་པའི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་འཕེལ། རྗེ་དེ་ཉིད་ཀྱི་དྲུང་ནས་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་ཡོངས་རྫོགས་ཀྱི་ལྗགས་ལུང་གསན། ཞག་ཉེར་གཉིས་ཀྱི་རིང་དཀའ་ཆེན་རིན་པོ་ཆེ། ནགས་ཚང་བླ་མ་རིན་པོ་ཆེ་སྐུ་ཆེ་ཆུང་གཉིས། འཁྲུངས་གསར་མཆོག་སྤྲུལ་བཅས་ནས་རྒྱུན་པར་ལྷ་སྔགས་ཏིང་འཛིན་གྱི་དམིགས་རིམ་དཔག་པར་དཀའ་བའི་རྣལ་འབྱོར་སྐུ་ཉམས་སུ་བསྟར་ཞིང་ཐུན་བར་རྣམས་སུ་གསུང་རབ་རྒྱ་མཚོའི་དཀའ་གནད་ལས་བརྩམས་པའི་བགྲོ་གླེང་ཆགས་མེད་མཛད། སྐབས་ཤིག་ནགས་ཚང་རིན་པོ་ཆེའི་མདུན་དུ་བཅར་བར་དགོངས་པ་དེ་ནུབ་ནགས་ཚང་རྡོ་རྗེ་འཆང་གི་གཟིམས་ལམ་དུ་བྱུང་བ་ཡང་ངོ་མཚར་བའི་ཆེ་བ་ཞིག་ཏུ་སྣང༌། མེ་སྦྲུལ་༡༨༥༧ཟླ་བ་ལྔ་བའི་ཚེས་བདུན་ནས་དཀའ་ཆེན་རིན་པོ་ཆེར། པཎ་ཆེན་དཔལ་ལྡན་ཡེ་ཤེས། པཎ་ཆེན་བློ་བཟང་ཡེ་ཤེས། ལྕང་སྐྱ་རོལ་པའི་རྡོ་རྗེ། གཟིག་རྒྱབ་རིན་པོ་ཆེ་རང་ཉིད་ཀྱི་གསུང་འབུམ་བཅས་ཀྱི་བཀླགས་ལུང་རྒྱས་པ་གསན་ཅིང༌། དངོས་འབུལ་སྤོམ་མཐོ་བ་བཏེགས་ཏེ་བདེ་མཆོག་དཀར་པོའི་སྒོ་ནས་བརྟན་བཞུགས་གནད་དུ་སྨིན་པ་ཕུལ། དཀར་མཛེས་དགོན་དུ་ཡབ་སྲས་ལྷན་དུ་དབྱར་ཞལ་གྱིས་བཞེས་པའི་ངང་ནས་ལམ་རིམ་ཆེན་མོའི་བཤད་ལུང་སྐྱེས་བུ་འབྲིང་གི་བར་ཞུས། སྐབས་དེར་དབུས་གཙང་དང་ཡུལ་ཕྱོགས་འདི་དག་སོགས་ན་དུས་ཟིང་ཤིན་ཏུ་ཆེ་བས་ཡབ་སྲས་གཉིས་གས་དེ་ལ་ཆེད་དམིགས་ཀྱིས་རིམ་གྲོ་དང་ཐུགས་དམ་བསམ་གྱིས་མི་ཁྱབ་པ་གནང༌། རྟའུ་སྤང་ནང་དགེ་བཤེས་འཇིགས་མེད་རྒྱ་མཚོ་འམ། ཡོངས་གྲགས་ཀྱི་མཚན་དགེ་བཤེས་དཔལ་ལྡན་གྱི་དྲུང་ནས་སྤང་ལྟུང་བྱིན་བརླབ་ཞུས་ཏེ་ཡོ་བྱད་ཐམས་ཅད་བྱིན་བརླབ་མཛད་པ་སོགས་འདུལ་བའི་ཕྱག་ལེན་རྣམ་པར་དག་པའི་སྒོ་ནས་སོ་སོར་ཐར་པའི་བཅས་མཚམས་ཕྲ་མོ་ཚུན་ཆད་ཀྱང་བག་ཡོད་ཚུལ་མཐུན་གྱིས་བསྲུངས་པར་མཛད། ས་རྟ་༡༨༥༨ཟླ་བ་གཉིས་པའི་ཚེ་གསུམ་ནས་དཀའ་ཆེན་རིན་པོ་ཆེའི་དྲུང་དུ་པཎ་ཆེན་བློ་བཟང་ཆོས་རྒྱན། རྒྱལ་སྲས་རིན་པོ་ཆེ། ཕུར་ལྕོག་ངག་དབང་བྱམས་པ་གསུམ་གྱི་གསུང་འབུམ། འདུལ་བའི་གླེང་འབུམ། འདུལ་ཊིའཀ་རིན་པོ་ཆེའི་ཕྲེང་བ་སོགས་ཀྱི་ལྗགས་ལུང་གསན། ལོ་དེའི་ཟླ་བ་གསུམ་པའི་ཚེས་ཉེར་ལྔ་ལ་རྗེ་དེ་ཉིད་ལས་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང་ཆེན་སྟ་གོན་དང་བཅས་པ་ཞུས། ཟླ་བ་ལྔ་པའི་ཚེས་ཉེར་བདུན་ལ་སྒྲུབ་ཐབས་རིན་ཆེན་འབྱུང་གནས་པོ་ཏི་གཉིས་དང༌། ཚེ་གླིང་ཆོས་སྤྱོད་སོགས་ཟབ་ཆོས་མཐའ་ཡས་པ་གསན། རྟ་༡༨༥༨ལོར་ཧོར་ཟླ་དྲུག་པའི་ནང་ནགས་ཚང་རིན་པོ་ཆེར་སྙན་ངག་གི་མཛུབ་ཁྲིད་གསོལ་བ་བཏབ་པ་བཞིན་རྡོ་རྗེ་འཆང་ཉིད་འཇམ་དཔལ་དུས་དགྲའི་དབང་པོའི་ལྗགས་བསྙེན་ལ་བཞུགས་པའི་ཐུན་མཚམས་རྣམས་སུ་ཕྱི་ནང་ཐུན་མོང་གི་ཚིག་རྒྱན་གྱི་གྲུབ་མཐའ་སྙན་ངག་མེ་ལོང་མར་གྲགས་པའི་བསྟན་བཅོས་སརྒ་གསུམ་གྱི་བདག་ཉིད་ཅན་དེ་ལ་བསྡུས་པའི་དོན་དང༌། ཚིག་གི་འབྲུ་གཉེར་བ་དང༌། རྒྱན་འདྲེས་ཉེན་ཆེ་བ་རྣམས་ཀྱི་འཁྲུལ་སྤོང་དང༌། བརྒལ་ལན་གྱིས་མཐའ་གཅོད་པ་ལ་སོགས་པས་ཞིབ་ཁྲིད་གནང་བ་རྣམས་ཀྱང་བརྡ་བསྟན་པ་ཙམ་གྱིས་མཁྱེན་ཅིང༌། རྩོམ་རྒྱུག་ཀྱང་དག་གཙང་འཁྲུལ་མེད་དུ་ཤར་མར་ཕུལ་བས་སློབ་དཔོན་ཡང་ངོ་མཚར་མི་ཟད་པའི་གནས་ལ་བཀོད། རྒྱ་བོད་ཀྱི་བརྡ་སྤྲོད་ཀྱང་མཐིལ་ཕྱིན་པར་ཞུས་ཏེ། ཀུན་བཤད་ཀྱི་མཚན་ཡང་དབྱངས་ཅན་དགྱེས་པའི་རྡོ་རྗེ་ཞེས་གསོལ། ཡབ་རྗེ་ཏྲེ་རྒྱལ་སྐལ་བཟང་པས་གསར་བསྐྲུན་གཟིམས་ཆུང་གི་གཙང་ཁང་ལ་དུས་གསུམ་སངས་རྒྱས། པཎ་ཆེན་བསྟན་པའི་ཉི་མ། རྒྱལ་དབང་ལྔ་པ། སྤྱན་རས་གཟིགས། གསང་བདེ་འཇིགས་གསུམ། དུས་འཁོར། རྟ་མགྲིན་ཡང་གསང་སོགས་ཀྱི་རྟེན་བཞེངས་དཔེ་མེད་མཛད། ནགས་ཚང་རིན་པོ་ཆེའི་མདུན་ནས་གསང་འདུས་འཇིག་རྟེན་དབང་ཕྱུག གསང་འདུས་འཇམ་པའི་རྡོ་རྗེ། བདེ་མཆོག་དྲིལ་བུ་ཕྱི་དཀྱིལ་དང༌། ལུས་དཀྱིལ་གཉིས་འཇིགས་བྱེད་དམར་ནག་གཉིས། ཕྱག་རྡོར་འཁོར་ཆེན། ཀྱཻ་རྡོར་ལྷ་དགུ་རྣམས་ཀྱི་དབང་ཆེན་སྟ་གོན་དང་བཅས་པ། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན། རྗེ་རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་སོགས་གསན། ས་ལུག་༡༨༥༩ཧོར་ཟླ་བཅུ་པའི་ཚེས་གཅིག་ལ་དཀའ་ཆེན་རིན་པོ་ཆེ་གདན་དྲངས་ཏེ་སྔར་གྱི་རྟེན་རྣམས་ལ་གཟུངས་སྒྲུབ་འབུལ་གྱི་ཆོ་ག་རྣམ་པར་དག་པ་དང་འབྲེལ་རབ་གནས་མཛད་དེ་ལྷར་བཅས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་ས་མཆོག་ཏུ་ལེགས་པར་གྲུབ། སྔ་མོ་ནས་ཉག་སྐེད་དང༌། ཁང་གསར་ཐུགས་ནང་གཤིན་པོ་ཡོད་ཅིང༌། ཁྱད་པར་རྗེ་འདིའི་ལྕམ་སྲིང་ཀུན་དགའ་སྒྲོལ་མ་ཉག་སྲས་བདུད་འདུལ་མགོན་པོའི་གཉེན་ཟླར་ཡོད་ཀྱང༌། དེ་སྐབས་ཉག་སྐེད་དང་མ་བྲག་འཁོན་ཞུགས་ཆེ་རྐྱེན་གྱིས་ཉག་སྐེད་དང་ཁང་གསར་འགལ་འཁྲུལ་བྱུང་བར་བརྟེན་ཕོ་བྲང་དུ་ཉག་རོང་བ་སུམ་ཅུ་ཙམ་གྱི་དཔུང་གིས་བསྐོར་ཏེ་སྲོག་ལ་ཐུག་ཉེར་གྱུར་པ་ན་རྗེ་བླ་མ་འདི་ཉིད་དང༌། རྭ་ལོ་མཆོག་སྤྲུལ། དཀའ་ཆེན་རིན་པོ་ཆེ། གདོང་ཐོག་སྤྲུལ་སྐུ་བཅས་ནས་ཕན་ཚུན་སྤྲོད་ལེན་གྱིས་སྲོག་གི་འཇིགས་པ་ལས་སྐྱོབས་པར་མཛད། འཁྲུངས་གསར་རི་ཁྲོད་དུ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་བློ་བཟང་བཟོད་པའི་དྲུང་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། མདོ་སྨད་ཕྱོགས་སུ་དར་རྒྱས་ཆེ་བའི་ནག་པོ་སྐོར་གསུམ་རྭ་ལུགས་སུ་གྲགས་པ་གླེགས་བམ་གཉིས། གསང་བདེ་ཟུང་གི་རྩ་བཤད་ཀྱི་རྒྱུད་ལས་གསུངས་པའི་སྟོབས་འཕྲོག་རྡོ་རྗེ་གདོང་བཞི་པ་དྲག་པོ་གཟི་ལྡན་དབང་ཕྱུག་ཏུ་གྲགས་པའི་གླེགས་བམ་གཉིས། མགོན་པོ་དེའི་ཕྱི་སྒྲུབ་ཀྱི་བེའུ་བུམ་མ་ཡིག་བུ་ཡིག་ཟུང་འབྲེལ། འདོད་ཁམས་དབང་མོའི་ལས་ཚོགས་ཀྱི་བེའུ་བུམ། ཀུན་གཟིགས་ལྔ་པ་ཆེན་པོའི་དག་སྣང་ལས་འདོད་ཁམས་དབང་མོའི་དག་སྣང་རྒྱ་ཅན་གྱི་བེའུ་བུམ། རྣམ་སྲས་བེའུ་བུམ། ལྕམ་སྲིང་བེའུ་བུམ། དབུ་མ་སྒོམ་རིམ་གསུམ། མདོ་ཀུན་བཏུས། ཇོ་བོའི་ཆོས་འབྱུང་བརྒྱ་རྩ། རྗེ་ཤེས་རབ་སེངྒེའི་གསུང་གསང་འདུས་རྩ་རྒྱུད་ཀྱི་ཊིའཀྐ། རྗེ་བཙུན་མི་ལའི་མགུར་འབུམ་དང་རྣམ་ཐར་གཉིས། ལྔ་པ་ཆེན་པོའི་གསུང་འགའ་ཞིག སྲོང་བཙན་སྒམ་པོ། རྒྱལ་སྲས་ཐོགས་མེད་དཔལ་བཟང༌། ལྷོ་བྲག་གྲུབ་ཆེན། རྗེ་ཡབ་སྲས་གསུམ། སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། སྤྱན་སྔ་བློ་གྲོས་རྒྱལ་མཚན། རྒྱལ་བ་དགེ་འདུན་གྲུབ། རྒྱལ་དབང་དགེ་འདུན་རྒྱ་མཚོ། དབེན་ས་པ་བློ་བཟང་དོན་འགྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་དཔལ་ལྡན་ཡེ་ཤེས། གྲུབ་དབང་ཀློང་རྡོལ་རིན་པོ་ཆེ། ཡོངས་འཛིན་བློ་བཟང་བསྟན་འཛིན། སེར་སྨད་བློ་བཟང་ཐུགས་རྗེ། ཀེའུ་ཚང་བློ་བཟང་འཇམ་དབྱངས་སྨོན་ལམ། ཁྲི་ཆེན་ངག་དབང་ཆོས་འཕེལ། ནགས་ཚང་རྡོ་རྗེ་འཆང་བཅས་ཀྱི་བཀའ་འབུམ་མང་པོའི་བཀླགས་ལུང༌། པཎ་ཆེན་བསོད་ནམས་གྲགས་པའི་གསང་འདུས་བསྐྱེད་རྫོགས་ཀྱི་ཁྲིད་ལུང༌། འཇིགས་བྱེད་འཁྲུལ་འཁོར་གྱི་ཡན་ལག་ཁྲིད་སྐོར་རྣམས་ཀྱི་ལུང་དང་ལག་ཁྲིད་གཟུངས་བསྡུས་ཀྱི་ལུང༌། ལྕེ་སྒོམ་པའི་མན་ངག་རིན་ཆེན་སྤུངས་པ་ལེའུ་བཅུ་གསུམ་གྱི་ལུང་སོགས་ཆོས་བཀའ་རྒྱ་ཆེར་གསན། ལྕགས་སྤྲེལ་༡༨༦༠ཟླ་བ་བཞི་པའི་ཚེས་བཅུ་གཅིག་ནས་ཉིན་བཅོ་ལྔའི་རིང་དབེན་གནས་བྱང་ཆུབ་འཕེལ་རྒྱལ་གླིང་དུ་རྗེ་གྲུབ་པའི་དབང་ཕྱུག་དཀའ་ཆེན་རིན་པོ་ཆེས་ལམ་རིམ་མྱུར་ལམ་གྱི་བཤད་ལུང་ཞིབ་རྒྱས་གནང་བ་ལ་རྗེ་འདི་ཉིད་ཀྱིས་ཟིན་བྲིས་མཛད། གཞན་ཡང་ཡོངས་འཛིན་བློ་བཟང་བསྟན་འཛིན་གྱི་གསུང་འབུམ་དང༌། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་པོད་ཀ་པའི་ལྗགས་ལུང༌། འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་སོགས་ཟབ་ཆོས་མང་དུ་གསན་ཅིང་མཇུག་ཏུ་སེམས་བསྐྱེད་མཆོད་པ། ཚོགས་འཁོར། དངོས་འབུལ་སོགས་ཤིན་ཏུ་རྒྱ་ཆེ་བའི་སྒོ་ནས་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས་པའི་གསོལ་བ་ནན་ཏན་བཏབ། ཟླ་བ་ལྔ་པའི་བཅུ་དྲུག་ནས་དྲུག་པའི་བཅོ་ལྔའི་བར་དཀའ་ཆེན་རིན་པོ་ཆེར་སྐུ་མཚམས་མཛད་དེ་གསང་སྟབས་ཀྱིས་གྲུབ་ཆེན་མི་ཏྲ་ཛོ་ཀའི་ཐུགས་བཅུད་མི་ཏྲ་བརྒྱ་བརྩའམ་རྡོར་ཕྲེང་རྒྱས་པར་གྲགས་པ་ལ་དབང་གི་བཀའ་སྲོལ་ཆེན་མོ་བརྒྱ་དང་བརྒྱད་ལས་ཐུན་མོང་མ་ཡིན་པའི་དབང་དྲུག་ཅུ་རྩ་ལྔ་རིམ་གྱིས་གསན། འདི་སྐབས་ནགས་ཚང་རིན་པོ་ཆེར་གསང་བདེ་འཇིགས་གསུམ་གྱི་སྔགས་བཏུའི་རྗེས་གནང་ཆེད་གཉེར་གྱིས་ཞུས། ཧོར་ཟླ་བདུན་པའི་ནང་ཉག་དམག་གིས་ཧོར་རིས་དཔོན་པོའི་ཆབ་སྲིད་ཤོར་ཏེ་ཉག་དཔོན་མགོན་པོ་རྣམ་རྒྱལ་འདི་ཕྱོགས་སུ་འབྱོར། དེ་དུས་རྗེ་འདི་ཉིད་སྡེ་དགེའི་ཕྱོགས་སུ་ཆིབས་བསྐྱོད་དེ་ལི་ཐང་དགོན་ཆེན་གྱི་མཁན་ཟུར་དགེ་བའི་བཤེས་གཉེན་ཆེན་པོ་བྱམས་པ་ཕུན་ཚོགས་དཔལ་བཟང་པོའི་མདུན་ནས་འཕགས་པ་བརྒྱད་སྟོང་པ་ཀུན་ཏུ་རྒྱུ་ཕྲེང་བ་ཅན་གྱི་བཤད་ལུང༌། རང་ཉིད་ཀྱིས་མཛད་པའི་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་དང༌། དབུ་མ་འཇུག་པའི་བསྡུས་འགྲེལ། བདེ་མཆོག་རྫོགས་རིམ་རྣམ་འབྱོར་ཆེན་པོའི་ཁྲིད་སོགས་གསན། གསར་རྙིང་རིས་མེད་ཀྱི་གྲུབ་མཐའ་སྐྱོང་བ་གནས་ལྔ་རིག་པའི་པབྲསྤྱ༣་ཏ་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དྲུང་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཐུབ་པའི་དབང་པོའི་འོད་ཟེར་དྲི་མེད་ལྷ་བདུན་གྱི་དབང༌། འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མེད་ལྷ་ལྔའི་དབང༌། རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་བླ་མ་རིག་འཛིན་འདུས་པའི་རྩ་དབང༌། ཡུམ་བཀའ་བདེ་ཆེན་རྒྱལ་མོའི་བྱིན་རླབས། སྒྲོལ་དཀར་སྤྱན་བདུན་ཡིད་བཞིན་འཁོར་ལོའི་ཚེ་སྦྱིན་མའི་འོད་ཟེར་དྲུག་སྦྲགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ། ཚར་ལུགས་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། དུས་འཁོར་བསྡུས་རྒྱུད་དང༌། མདོར་བསྡུས་སྙིང་པོ་གཉིས། གནས་པ་གྱ་གཅིག་བརྟག་པའི་ལེའུ་ལྔའི་བདག་ཉིད་བུ་སྟོན་གྱི་མཆན་བུ་ཅན་ལ་སླར་ཡང་སྐྱོར་ལུགས་པས་མཆན་བཏབ་པ་བུ་སྟོན་རིན་པོ་ཆེའི་བཤད་སྦྱར་སྟེང་ནས་རྒྱུད་ཀྱི་བཤད་ལུང༌། ཀྱཻ་རྡོར་རྩ་རྒྱུད་བརྟག་གཉིས་ཀྱི་བཤད་ལུང༌། འཕགས་པ་རིན་པོ་ཆེའི་མངོན་རྟོགས་ལྗོན་ཆུང་དང༌། འགྲེལ་པ་དགའ་ལྡན་ཆུང་བ་གཉིས་ཀྱི་སྟེང་ནས་བཤད་བཀའ་པོད་ཚང་མ། འཕགས་པ་རིན་པོ་ཆེའི་ཡིག་ཆའི་ལུང༌། རྡོར་སེམས་སྒྱུ་འཕྲུལ་དྲ་བ་ལ་དབང་གི་སྐོར་ཕྱི་དཀྱིལ་དུ་འཕན་དབང་བཅུའམ་ཉེར་བརྒྱད། ནང་དཀྱིལ་དུ་ནུས་པའི་དབང་ལྔ།། གསང་དཀྱིལ་དུ་ཟབ་མོའི་དབང་གསུམ། བཤད་བཀའ་ལ། སྔོན་འགྲོ་རྣམས་ཕྱག་ལེན་ལྟར་སོང་ནས་སྒྱུ་འཕྲུལ་དྲ་བ་རྩ་བའི་རྒྱུད་གསང་བ་སྙིང་པོ་ལེའུ་ཉི་ཤུ་རྩ་གཉིས་ཀྱི་བཤད་པ་མཐའ་རྟེན་རྒྱུད་ཆོ་ག་ཚོགས་འཁོར་དང་བཅས་པ། ལུང་ལ། དཔལ་གསང་བ་སྙིང་པོའི་རྩ་བའི་རྒྱུད་རྒྱལ་སྒྱུ་འཕྲུལ་དྲ་བ་ལེའུ་ཉི་ཤུ་རྩ་གཉིས། རྒྱུད་འགྲེལ་གསང་བདག་ཞལ་ལུང༌། འབྲུ་འགྲེལ་གསང་བདག་དགོངས་རྒྱན་ཀྱི་ལུང་བཅས་ཟབ་ཆོས་མང་དུ་གསན། རྫོགས་ཆེན་རིན་པོ་ཆེ་དང་ཡང་ཕན་ཚུན་དམ་པའི་ཆོས་ཀྱི་སྐྱེས་འབུལ་བར་མཛད། རིམ་གྱིས་རྫ་ཁོག་ཏུ་བླ་བྲང་ཡ་ཟུའི་གཟིམས་ཁང་ཞལ་རས་ལྷ་ཁང་དུ་ཞབས་པད་འཁོད། བླ་བྲང་གི་བསྐང་གསོ་ཆེན་མོའི་དབུར་བཞུགས་ཏེ་དམ་ཅན་རྒྱ་མཚོ་དགྱེས་པ་སྐྱེད་པའི་ཐུགས་དམ་ཏིང་འཛིན་གྱི་རིམ་པ་དང༌། རྟ་གདངས་རོལ་མོའི་འབུད་དཀྲོལ་སོགས་ཀྱི་ཕྱག་ལེན་རྣམ་པར་དག་པ་དད་པའི་རིགས་ཅན་གྱི་ཡིད་འཕྲོག་ངེས་གནང༌། དེ་སྐབས་ཉག་སྐེད་དཔོན་གྱིས་རྗེ་འདིར་ལོག་པར་འཁུ་བའི་བསམ་སྦྱོར་གྱི་གཏམ་ཐོས་པས་ཡོངས་འཛིན་ཕུར་ལྕོག་པས་འུ་ཅག་དཔོན་སློབ་ཐུགས་དམ་བརྟན་པོར་མཛད་དགོས་གསུངས་པར་རྗེ་ཉིད་ནས་ཀྱང་ཞིང་བཅུ་ཚང་བའི་མ་རུངས་སྡིག་པོ་ཆེ་དེ་ཉིད་སྙིང་རྗེའི་ཡུལ་དུ་དགོངས་ནས་དམིགས་རིམ་མཛད་ཅིང༌། རྭ་ལོ་མཆོག་སྤྲུལ་རིན་པོ་ཆེས་དེ་བར་ཞུ་སྦྱོར་མཛད་པས་གདུག་རྩུབ་ཀྱི་བློ་ངན་རང་སར་ཞི། དེར་ཡོངས་འཛིན་གཟིམས་ལམ་ཅུང་མ་ལེགས་པས་མི་རིང་བར་སྙུན་གཞི་བཞེས༌། རྫ་ཆུ་ཉིན་སྲིབ་ཀྱི་གདུལ་བྱ་རྣམས་ནས་གསོལ་བ་ཇི་ལྟར་བཏབ་པ་བཞིན་འདོད་ཆོས་ཅི་རིགས་པས་རེ་བ་བསྐངས། སླར་དཀར་མཛེས་དུ་ཆིབས་བསྒྱུར་གནང་སྟེ་ཉག་སྐེད་དཔོན་དང་མཇལ་འཕྲད་ཀྱང་མཛད་དོ། ། སྨྲས་པ། ལུང་རྟོགས་བྱེ་བ་ཕྲག་བརྒྱའི་ཆུ་ཀླུང་ཀུན། ། གང་ཐུགས་རྒྱ་མཚོ་དགང་སླད་ཉིན་རེ་བཞིན། ། ངལ་བསོའི་བསྟི་བ་མེད་པར་ཞུགས་གྱུར་ཀྱང༌། ། མ་སྤོབས་རླབས་ཀྱི་རྣམ་པས་འབྲོས་པ་རྩོམ། ། དེ་ཚེ་ཚངས་སྤོང་མེ་ཏོག་མདའ་ལྔ་པས། ། གླགས་ཚོལ་ཉག་གི་རོང་དུ་སྲིད་བཟུང་བ། ། མགོན་པོ་རྣམ་རྒྱལ་ཞེས་བྱ་བདུད་ཀྱི་སྡེ། ། དཔུང་དང་བཅས་པས་ཉེར་འཚེ་ལྷུ་རུ་བླངས། ། དེ་ལས་བརྩེ་ཆེན་ཞིང་བཅུ་ཟ་བའི་ཁ། ། ཏིང་འཛིན་ཟབ་མོའི་དབྱིངས་སུ་གླལ་བ་དང༌། ། གཽ་ཏམ་བླ་མའི་རིགས་ཀྱི་དྲང་སྲོང་བཞིན། ། ཕྱོགས་ལས་རྣམ་པར་རྒྱལ་བའི་བ་དན་ཐོབ། ། གཞན་ཚོན་མདངས་འཚེར་དབྱིག་གི་བློ་གྲོས་མས། ། སྐྱེས་མཆོག་པདྨ་དཀར་པོ་འདི་འདྲ་བ། ། ལྟོར་མཛིན་ཁོ་བོ་སྐལ་པ་བཟང་སྙམ་དུ། ། བཅོ་བརྒྱད་ལྟས་ཀྱི་གར་ལ་འཁྱུག་པས་བྲེལ། ། ཞེས་བྱ་བ་ནི། བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། ལྕགས་མོ་བྱ་༡༨༦༡ལོ་ཟླ་བ་དང་པོའི་ནང་ཡོངས་འཛིན་དམ་པ་ཕུར་ལྕོག་པ་ཞི་བ་གཤེགས་པའི་དགོངས་རྫོགས་སུ་གསང་བདེ་འཇིགས་གསུམ་གྱི་བདག་འཇུག་དང༌། སྐུ་གདུང་ཞུགས་འབུལ་སོགས་རྗེ་ཉིད་ཀྱིས་ཕྱག་བསྟར་ནས་སྦྱོར་དངོས་མཇུག་གསུམ་དང་དགེ་རྒྱུན་གནད་སྨིན་མཛད། ནགས་ཚང་རྡོ་རྗེ་འཆང་ཆེན་པོ་བློ་བཟང་བསྟན་པ་དར་རྒྱས་དཔལ་བཟང་པོའི་དྲུང་དུ་བདེ་མཆོག་སྙན་བརྒྱུད་ཀྱི་དབང་སྟ་གོན་དང་བཅས་པ་གསན། དགེ་ལྡན་གསེར་ཆོས་ཆོས་རྒྱལ་ཡང་གསང་དུག་རི་ནག་པོའི་བསྙེན་སྒྲུབ་ཡབ་སྲས་གཉིས་སོགས་དཔོན་སློབ་ལྔས་ཉིན་ལྔར་མཛད་ནས་དུས་གཏོར་ཡང་རྒྱ་ཆེར་ཕུལ། སླར་ཡང་རྗེ་དེ་ཉིད་ལ་འཇམ་དབྱངས་ཆོས་སྐོར། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསུང་ཆོས་ཚན་འགའ་ཞིག ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་འབུམ། ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱི་གསུང་འབུམ། ནགས་ཚང་རིན་པོ་ཆེའི་གསུང་འབུམ། བཀའ་གདམས་ཆོས་འབྱུང༌། གཅོད་གཞུང་དབྱིངས་ནམ་མཁའ་མའི་ལྗགས་ལུང་བཅས་ཞུས། རྟའུ་ཉ་མཚོ་དགོན་གྱི་འདུས་སྡེ་ཡོངས་ནས་གསོལ་བ་བཏབ་པ་བཞིན་ཆིབས་བསྐྱོད་དེ་དད་ལྡན་སོ་སོའི་མོས་པ་དང་འཚམས་པར་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཉ་མཚོ་འདུས་པ་རིན་པོ་ཆེའི་ངོར་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན་སྟ་གོན་དང་བཅས་པ་ཉིན་གཉིས་ཀྱི་རིང་དགྱེས་བཞིན་སྩལ་ཏེ་དེར་འཁོད་སེར་སྐྱ་མཆོག་དམན་མཐའ་དག་གི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན། དབེན་རིའི་ནགས་ཁྲོད་དུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་སྤང་ནང་དགེ་རྒན་དུ་གྲགས་པ་དེའི་དྲུང་ནས་མན་ངག་བསམ་གྱིས་མི་ཁྱབ་པ་དང༌། ཁྱད་པར་བྱང་ཆུབ་སེམས་ཀྱི་མན་ངག་ལམ་རིམ་དང་བློ་སྦྱོང་སོགས་གཞན་ལ་མ་གྲགས་པའི་ཟབ་ཆོས་མང་པོ་དང༌། ཚེ་སྒྲུབ་འཆི་མེད་རྡོ་རྗེའི་སྲོག་ཤིང་ཡང་བླ་མ་བརྒྱུད་པའི་ཆེ་བ་དང་བཅས་གསན། འདི་སྐབས་རི་སྙིང་རྒྱ་མི་ཕག་ཐིང་ཟེར་བས་ཨུ་ཤུའི་ཤིང་གསར་པ་ཞིག་ཕུལ་བ་བསྐལ་བཟང་བཀྲ་ཤིས་ཀྱིས་ཁུར་འོངས་ཏེ་གཟིམས་ཆུང་གི་མདུན་དུ་བཙུགས་པ་དེང་སང་ལོ་འབྲས་མེ་ཏོག་ཤིན་ཏུ་རྒྱས་པ་འདི་ཡིན། ས་ ཆུ་ཕོ་ཁྱི་༡༨༦༢ལོར་ནགས་ཚང་རྡོ་རྗེ་འཆང་ཆེན་པོའི་དྲུང་ནས་གདུགས་དཀར་ལྷ་མང༌། ལྷ་བཅུ་བདུན། མི་འཁྲུགས་པ་ལྷ་དགུ འཇམས་དཔལ་གསང་ལྡན། རྣམ་སྣང་མངོན་བྱང་སོགས་ཀྱི་དབང་ཆེན་སྟ་གོན་དང་བཅས་པ། ས་སྐྱའི་གསེར་ཆོས་མཁའ་སྤྱོད་སྐོར་གསུམ་མ་གཏོགས་པ་ཡོངས་རྫོགས། འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ལུང་དང་བཅས་པ། ལམ་རིམ་མྱུར་ལམ་གྱི་ཟབ་ཁྲིད་རྒྱས་པ་དམ་པ་མང་པོའི་མན་ངག་གིས་ཟུར་བརྒྱན་ཏེ་དགྱེས་བཞིན་སྩལ་བ་རྣམས་ལས་ཕྱི་མ་ལ་རྗེ་ཉིད་ཀྱིས་ཟིན་བྲིས་གསེར་གྱི་ཤིང་རྟ་མཛད། ལྷག་མཐོང་སྐབས་དཔེར་ན་ལོང་བའི་ལག་ཏུ་དུང་ཞིག་གཏད་དེ་འདིའི་དབྱིབས་དང་ཁ་དོག་འདི་འདྲའོ་ཞེས་ངོ་སྤྲད་ཀྱང་མི་ཕན་པ་བཞིན་དུ་ཁྱོད་རང་སློབ་གཉེར་དང་ཤེས་རབ་དམན་ཞིང་ཟབ་མོའི་དོན་ལ་རྨོངས་པའི་ལོང་བ་ལྟ་བུ་ལ་བདག་གིས་ཇི་ཙམ་བཤད་ཀྱང་ཕན་པ་དཀའ་ཞེས་བཀའ་བཀྱོན་གནང༌། དེ་ནི་སླར་ཡང་གྲྭ་སར་བཀའ་པོད་ལྔ་ལ་ཐོས་བསམ་ཕུ་ཐག་ཆོད་པ་བྱས་ནས་ལྷ་ལྡན་སྨོན་ལམ་རབ་འབྱམས་པ་དང༌། རྒྱུད་གྲྭ་ཚུལ་བཞིན་དུ་འགྲིམ་སྟེ་སྔགས་ཀྱི་དམ་བཅའ་འཇོག་དགོས་པའི་བརྡ་དང་བསྐུལ་མ་ཡིན་འདུག་པས་བླ་མ་འདི་ཉིད་བདག་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཡང་ཡང་གསུང༌། རྗེ་དེ་ཉིད་དཀར་མཛེས་གཟིམས་ཆུང་དུ་གདན་དྲངས་ནས་གསོལ་བ་བཏབ་ངོར་ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱི་གསུང་འབུམ་དང༌། བཀའ་གདམས་ཆོས་འབྱུང་གི་ལུང་གནང་བ་གསན། ཆུ་ཕོ་ཁྱི་༡༨༦༢ལོའི་ཧོར་ཟླ་དྲུག་པའི་གྲལ་ཚེས་བཅུ་དྲུག་ནས་ཉིན་བཅུའི་རིང་གཟིག་རྒྱབ་དཀའ་ཆེན་རིན་པོ་ཆེས་བཅད་རྒྱའི་ཁོངས་སུ་རྗེ་འདི་ཉིད་དང༌། ནགས་ཚང་རིན་པོ་ཆེ་སོགས་སློབ་མའི་གཙོ་བོ་བདུན་ལ་ཕྲེང་ཀྲིའི་དབང་གི་ཆུ་བོ་གཅིག་འདྲེས་ཀྱི་དཀྱིལ་འཁོར་ཞེ་ལྔ།། ལྕང་སྐྱའི་སྒྲུབ་དཀྱིལ་ལ་པཎ་ཆེན་བསྟན་པའི་ཉི་མའི་ལྷ་ངོ་བསྟན་ཚུལ་གྱིས་ཁ་བསྐངས་ཏེ་རས་བྲིས་ལ་བརྟེན་ནས་བསྐུར་བ་ལེགས་པར་གསན། དེ་དུས་དབྱར་དེའི་དགག་དབྱེ་གྲུབ་ནས་ཤུག་རིའི་གླིང་དུ་རྗེ་དེ་ཉིད་ལ་འོད་ཟེར་ཅན་མའི་རྗེས་གནང་དང༌། ཟླ་བ་དེ་གའི་ཚེས་གསུམ་ནས་སྔ་འཕྲོས་རྡོར་ཕྲེང་དཀྱིལ་འཁོར་བདུན་མ་གཏོགས་པ་ཞུས། ཆུ་ཕག་༡༨༦༣ལོར་གཟིག་རྒྱབ་ཏུ་གྲུབ་ཆེན་བརྒྱད་ཅུའི་དབང་རྗེས་གནང་དང༌། རྭ་སྒྲེང་གསུང་འབུམ་རྣམ་ཐར་བཅས་པོ་ཏི་གཉིས་ཀྱི་ལྗགས་ལུང༌། ལོ་དེའི་ལྔ་པའི་ནང་རྡོར་ཕྲེང་སྔ་འཕྲོས་དཀྱིལ་འཁོར་བདུན། རྣམ་རྒྱལ་མ། ཚེ་དབང་བརྒྱ་དང་ཉི་ཤུ་ལྷག སྒྲ་དབྱངས་ལྷ་མོ་བཅས་ཀྱི་དབང༌། ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོགས་ཆོས་བཀའ་རྒྱ་ཆེར་གསན། མཇུག་ཏུ་ཚོགས་འཁོར་གྱི་ཡོ་བྱད་སོགས་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ་ཞབས་པད་སྲིད་མཐར་བརྟན་པའི་ཕུར་ཚུགས་གསོལ་འདེབས་དང༌། མབྲསྤྱལ་རྟེན་གསུམ་ན་བཟའ་བཅས་ཀྱི་དངོས་འབུལ་སྤོམ་མཐོ་བ་བསྟར། གཞན་ཡང་བཀའ་གདམས་གསུང་ཐོར། པོ་ཏོ་བའི་ཆིག་ལབ་རིང་མོ། བླ་མ་དྷརྨཱ་རཀྵི་ཏའི་བློ་སྦྱོང་རྨ་བྱ་དུག་འཇོམས། བློ་སྦྱོང་སེམས་རིམ། སྔགས་ཀྱི་བློ་སྦྱོང༌། རྗེ་ཡབ་སྲས། པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཡེ་ཤེས། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ལྕང་སྐྱ་རོལ་པའི་རྡོ་རྗེ། དཀའ་ཆེན་ཡེ་ཤེས་རྒྱལ་མཚན། ཡོངས་འཛིན་བློ་བཟང་བསྟན་འཛིན། ཡོངས་འཛིན་ནོ་མོན་ཧན་སྐལ་བཟང་ཐུབ་བསྟན་འཇིགས་མེད་བསྟན་པའི་རྒྱལ་མཚན། རྭ་སྒྲེང་རྡོ་རྗེ་འཆང་བསྟན་པ་རབ་རྒྱས། དཀའ་ཆེན་རིན་པོ་ཆེ་རང་ཉིད་རྣམས་ཀྱི་གསུང་འབུམ། བཀྲ་ཤིས་ལྷུན་པོའི་སྔགས་ཆོག་པོད་གཉིས། ཚེ་གླིང་ཆོས་སྤྱོད། རིན་ལྷན་སྐོར་པོད་གཉིས། དགེ་སློང་ཕྱིར་བཅོས་དང་སྡོམ་ཚིག་དངུལ་ཆུ་དྷ་རྨ་༅ྷ་དྲའི་གཅོད་ཀྱི་སྐོར། པཎ་ཆེན་བསྟན་པའི་ཉི་མའི་གསུང་ཁ་རྟགས་ཅན་སྐོར་གྱི་ལུང་རྣམས་ཞུས། ནགས་ཚང་རིན་པོ་ཆེའི་མདུན་ནས་བློ་སྦྱོང་ཉི་མའི་འོད་ཟེར་གྱི་ཁྲིད་སྨིན་རྒྱས། གསང་འདུས་འཕགས་ལུགས་ལྷ་སོ་གཉིས་དང༌། བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས། འཇིགས་མཛད་ལྷ་བཅུ་གསུམ་མ་རྣམས་ཀྱི་དབང་སྟ་གོན་དང་བཅས་པ། རྣམ་སྲས་བཀའ་ཆེན་བཅོ་ལྔའི་རྗེས་གནང༌། སྤྱན་རས་གཟིགས་རྒྱལ་པོ་ལུགས་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་སངས་རྒྱས་སྟོང་གི་དབང་རྣམས་གསན། སྐབས་དེར་དཀའ་ཆེན་རིན་པོ་ཆེར་འཇིགས་བྱེད་ཀྱི་དབང་སྟ་གོན་དང་བཅས་པ་གསན། རྗེ་ཉིད་ཀྱི་ཞལ་ནས་འདི་སྐབས་བླ་མའི་བྱིན་རླབས་ཀྱིས་དབང་བཞི་སོ་སོའི་ངོ་བོ་དང༌། གོ་རིམ་རྣམས་ལ་ངེས་ཤེས་འདྲོངས་པ་དང༌། དེ་ལ་བརྟེན་ནས་ཡིད་ཆེས་ཀྱི་དད་པའང་ལྷག་པར་ཐོབ། ཁྱད་པར་རྗེ་དེ་ཉིད་ཀྱིས་དགོས་པ་ཁྱད་པར་ཅན་ལ་དགོངས་ཏེ་ཐུགས་ཅུང་ཟད་ཁྲོས་པའི་རྣམ་པར་བསྟན་ནས་གསུང་གདངས་དྲག་པོས། ཧེ་ཧེ་ངེད་ཅག་གིས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་པའི་ཉི་མའི་མདུན་ནས་དབང་འདི་ཉིད་ཞུས་པ་ནས་བཟུང་བླ་མ་ལ་ཡི་དམ་དངོས་ཀྱི་འདུ་ཤེས་དང་མ་བྲལ་བའི་ཁུལ་ཡིན། དེང་སང་སློབ་མ་དབང་ཞུ་ཟེར་བ་དག བླ་མ་ལ་ཐ་མལ་པའི་འདུ་ཤེས་ལས་མེད་པ་ལ་བྱིན་རླབས་དང་དངོས་གྲུབ་རེ་བ་འདི་ངོ་ཚ་གསུངས་ནས་ཕྱག་གཡས་པས་རྡོ་རྗེས་བཞུགས་ཁྲིའི་ཁ་ལ་བརྒྱབ་པའི་རྗེས་དེང་སང་ཡང་མཇལ་རྒྱུ་ཡོད། དེ་ནས་བཟུང་ཁོ་བོ་ནས་ཀྱང་བླ་མ་ཡི་དམ་དབྱེར་མེད་ཀྱི་མོས་གུས་ལ་ཧུར་བསྐྱེད་བྱས་པས། དེ་རྒྱབ་ཁོ་བོ་རང་ཤག་ཏུ་བསྙེན་མཚམས་ཀྱི་སྐབས་ཤིག་རྨི་ལམ་དུ་གཟིག་རྒྱབ་ཏུ་མཇལ་ཁ་ལྟ་བུ་ཞིག་ལ་སོང་བར། གཟིམས་ཆུང་འདོད་རྒུ་ཉི་འོད་འཁྱིལ་གྱི་བཞུགས་ཁྲིའི་སྟེང་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པའི་རྣམ་པ་ཅན་གཟི་བརྗིད་ཤིན་ཏུ་ཆེ་བ། ཞལ་ནས་ཧ་ཧ་ཞེས་བཞད་སྒྲ་དྲག་པོ་སྒྲོག་པ་ཞིག་བཞུགས་པ་མཇལ་བའི་ངང་ནས་གཉིད་སད། དེ་ནས་བཟུང་བླ་མ་ཡི་དམ་དབྱེར་མེད་ཀྱི་ཡིད་ཆེས་ཅུང་ཟད་སྐྱེས་པ་ཡིན་ཞེས་གསུངས། ཤུག་རི་གླིང་དུ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང༌། ཐུགས་རྗེ་ཆེན་པོའི་དབང་ཞུས་རྗེ་གྲུབ་པའི་དབང་ཕྱུག་ནགས་ཚང་རིན་པོ་ཆེས་དགའ་ལྡན་གསེར་ཆོས་འཆི་བདག་ཡང་གསང་དུག་རི་ནག་པོའི་རྗེས་གནང་བེའུ་བུམ་གྱི་ལུང་བཅས་རྗེ་འདི་དང༌། བཀའ་འགྱུར་བ་ལ་གསང་ཆོས་སུ་སྩལ། རྡོ་རྗེ་འཆང་འདི་ཉིད་སྐུ་ཁམས་ཅུང་ཟད་ལྟེམ་པའི་ཞབས་བརྟན་དུ་དམིགས་ཏེ་ཡབ་སྲས་གསུམ་ཀས་ལྷ་མཆོག་དེ་ཉིད་ཀྱི་བསྙེན་སྒྲུབ་ཞག་གསུམ་མཛད་ནས་དུས་གཏོར་ཡང་ཕུལ། རྗེ་འདིར་བཀའ་ཕེབས་པ་ལྟར་ཐུགས་བརྟག་གནང་བས། ཞི་རྒྱས་དབང་གསུམ་གྱི་འཁོར་ལོ་བྲི་སྒྲུབ་མཛད་ན་ཕན་ངོ་བབས་པ་བཞིན་མཛད། གཞན་ཡང་ནཱ་རོ་ཆོས་དྲུག་གི་ནང་ཚན་གཏུམ་མོའི་ཞལ་ཁྲིད་ཐུན་མོང་མ་ཡིན་པའི་སྐོར་གསང་ཐབས་སུ་དགྱེས་བཞིན་གནང༌། ཤིང་ཕོ་བྱི་བའི་༡༨༦༤ལོར་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ནས་དབེན་གནས་བཀྲ་ཤིས་རིན་ཆེན་གླིང་དུ་རྗེ་དེ་ཉིད་ཀྱིས་ལམ་རིམ་ཆེན་མོའི་བཤད་ལུང་སྩལ་བ་ལ་རྗེ་འདིས་འདིའི་ཟིན་བྲིས་བཻཌཱུར་སེར་པོའི་ཐེམ་སྐས་མཛད། ལོ་དེའི་ཧོར་ཟླ་ལྔ་པར་ལམ་བྲག་དགེ་འཕེལ་གླིང་དུ་རྗེ་གྲུབ་པའི་དབང་ཕྱུག་ནགས་ཚང་རྡོ་རྗེ་འཆང་གིས་མི་ཏྲ་བརྒྱ་རྩ། རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་མངོན་རྟོགས། སྔགས་འཆང་འཇམ་དབྱངས་པའི་དཀྱིལ་ཆོག །ཕ་བོང་ཁ་པ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དཀྱིལ་ཆོག་སོགས་ཀྱིས་གཞིར་མཛད། འདྲེན་མཆོག་བསྐལ་བཟང་རྒྱ་མཚོ། ལྕང་སྐྱ་བློ་བཟང་ཆོས་ལྡན། པཎ་ཆེན་བསྟན་པའི་ཉི་མ་སོགས་ཀྱི་ཡིག་ཆས་ཁ་བསྐངས་སློབ་མ་རྗེས་འཛིན་དང༌། བླ་མ་ལྔ་བཅུ་པའི་གཟབ་བཤད། སྔོན་འགྲོ་སྟ་གོན་སོགས་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གཞིར་བཟུང༌། བླ་མ་གོང་མ་དགའ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ལུགས་སྲོལ་རྨད་དུ་བྱུང་བ་ལ་མན་ངག་གིས་ཚང་བར་བརྒྱན་ཏེ་ཕྱག་ལེན་རྣམ་པར་དག་པའི་སྒོ་ནས་དགྱེས་བཞིན་སྩལ་བ་གསན། འདི་སྐབས་ཡབ་རྗེ་དམ་པ་དཔོན་བསྐལ་བཟང་དར་རྒྱས་སྐུ་གཤེགས་པས་དེར་བྱོན། ཁྱབ་བདག་བླ་མ་དཀའ་ཆེན་རིན་པོ་ཆེ། ནགས་ཚང་རྡོ་རྗེ་འཆང༌། རྭ་ལོ་མཆོག་སྤྲུལ་སོགས་གདན་འདྲེན་ཞུས་ཏེ་དཀྱིལ་འཁོར་སྒྲུབ་མཆོད། སྐུ་གཤེགས་དེ་ཉིད་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བ་སྦྱང་ཆོག་སྐུ་གདུང་ཞུགས་འབུལ་སོགས་རྗེས་ཀྱི་བྱ་བ་རྣམས་ལེགས་པར་བསྒྲུབས། ལོ་དེའི་ཟླ་བ་དགུ་པའི་ནང་ནགས་ཚང་རིན་པོ་ཆེ་སྙུན་བབས་ཤིན་ཏུ་ལྕི་བ་ལ་རྗེ་འདི་པ་ཆེད་གཉེར་གྱིས་བླ་བྲང་དུ་ཕེབས་བསྟུན་དཔོན་སློབ་རྣམས་ཀྱིས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྒོ་ནས་ཚེ་རྫས་སོགས་བསྒྲུབས་རྗེས་མཆོད་ཁང་དུ་ཆོས་ཁྲི་ལེགས་པར་བཤམས་པའི་སྟེང་དུ་གདན་དྲངས་པར་རྗེ་ཉིད་ཀྱི་བཀའ་ལས། ད་ལན་རྟེན་འབྲེལ་ཡིན་པས་འགྲོ། པཎ་ཞྭ་སྣེ་རིང༌། གོས་བེར། ཆོས་གོས་བྱིན་བརླབས་ཅན་གྱོན་དགོས་གསུངས་ནས་བཞེས་ཏེ་ཕེབས། བཞུགས་ཁྲི་ལ་འཁོད་པ་དང༌། རྗེ་འདིས་སྲི་ཞུ་ཆེན་པོས་སྐུ་གསུང་ཐུགས་རྟེན་ནང་མཆོད་བུམ་ཆུ་སོགས་རིམ་གྱིས་ཕུལ། མཁའ་འགྲོའི་བསུ་སྲི་ཟློག་གྲུབ་ནས་མབྲསྤྱལ་བཤད་པ་མ་རྫོགས་གོང་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། རྡོ་རྗེ་འཆང་དེ་ཉིད་ངེས་པའི་དོན་དུ་འཆི་མེད་རྡོ་རྗེའི་སྐུ་ལ་མངའ་བརྙེས་ཀྱང་དྲངས་དོན་དུས་ངན་སྙིགས་མའི་སྐྱེ་འགྲོ་བསོད་ནམས་དམན་པའི་སྟོབས་ཀྱིས་མཚན་ལྡན་དགེ་བའི་བཤེས་གཉེན་འདི་ལྟ་བུ་དང་བྲལ་བ་ནི་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རྙེད་མ་ཐག་སྟོར་བ་དང་མཚུངས་པར་འགྱོད་གདུང་དང་གྱོང་རེ་ཆེ། སྐྱེ་རྒུ་དམུས་ལོང་ཐང་འཁྱམས་ལྟ་བུ་འདི་རྣམས་ཀྱང་སྙིང་རེ་རྗེ་དགོངས་ནས་གསུང་གདངས་འདར་བཞིན་སྤྱན་ཆབ་འགོག་མེད་དུ་ལྷུག་པར་བསིལ་གསིལ་ཏེ་གསོལ་འདེབས་ཀྱི་གདུང་དབྱངས་བརྒྱུད་མར་བསྒྲགས། ཐུགས་དམ་གསོལ་འདེབས་ཀྱི་རིམ་པ་དང་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཡུན་རིང་པོའི་བར་དུ་རྒྱས་པར་བསྟར། སྐུ་གསུང་ཐུགས་ཀྱི་ཉེས་བཤགས་ཚེ་རབས་རྗེས་སུ་འཛིན་ཅིང༌། ཡང་སྲིད་མྱུར་འབྱོན་སོགས་བསྟན་འགྲོར་དགོངས་པའི་གསོལ་བ་ཕུར་ཚུགས་སུ་བཏབ། སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་སོགས་འདས་རྗེས་ཀྱི་བྱ་བའི་ཁུར་མཐའ་དག་བདག་གིར་བཞེས་ནས་ལེགས་པར་བསྒྲུབས། སླར་གཟིམས་ཆུང་དུ་ཕེབས་ཏེ་ཐུགས་དམ་གྱི་རིམ་པ་ལ་གཅིག་ཏུ་གཞོལ་བར་མཛད། འདི་དག་གིས་སྐབས་སུ་ཐུགས་དམ་ཉམས་བཞེས་ཀྱི་རིམ་པའི་ཁྲིད་ནི། ལམ་རིམ་དངོས་གྲུབ་ཀུན་འབྱུང་ཐུགས་འདོན་ཐོག་ནས་གནས་ཁང་བྱི་དོར་ལ་ཉལ་ཉིལ་ཆེ་རིགས་རྣམས་ཞབས་གྲས་དག་གིས་ཕྱགས་ཟིན་ཀྱང༌། རྟེན་དྲུང་སོགས་རྗེ་རང་ཉིད་ཀྱིས་ཕྱག་བསྟར་ནས་རྡུལ་ཕྲ་མོ་ཚུན་ཆད་བསལ། ཡོན་ཆབ་ལ་སྣོད་ཏིང་ཡིད་དུ་འོང་ཞིང་ཡ་ཡོ་མེད་པ། བར་ཆད་ཡངས་དོག་ནས་འབྲུའི་ཚད་ཙམ་རེ་མཛད་དེ་ཤིན་ཏུ་གུས་པའི་སྒོ་ནས་མཆོད་པ་བཤམས་འབུལ་གང་ཅིར་བཀའ་གདམས་གོང་མའི་རྣམ་ཐར་སྤར་དུ་བཏབ་པ་ལྟ་བུ་སོགས་སྦྱོར་ཆོས་རྣམས་དངོས་གཞིར་གསུང་དལ་བུའི་སྒོ་ནས་དམིགས་རྣམ་འཆར་ངེས་མཛད། བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་གསོལ་འདེབས་དམིགས་བརྩེ་མ་གྲངས་ཇི་ཙམ་གསུངས་མ་ངེས་ཀྱང་ཐ་མལ་གྱི་ངག་དང་མ་འདྲེས་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་ག བསྐང་གསོ་གཏོར་འབུམ་བཅས་གོ་རིམ་ངེས་ཅན་དུ་གསུང་འདིར་རྗེ་ཉིད་ཀྱི་ཞལ་ནས་དཀའ་ཆེན་རྡོ་རྗེ་འཆང་གིས་ཁོ་བོ་ལ། སྤྱིར་དེང་སང་སྙིགས་མ་ལས་ཀྱང་ཆེས་སྙིགས་མའི་དུས་འདིར་སྐྱེ་འགྲོ་རྣམས་ལ་བདེ་སྐྱིད་གང་ལས་འབྱུང་བའི་གཞི་བསྟན་པ་རིན་པོ་ཆེ་ལ་གེགས་ཆག་ཤིན་ཏུ་ཆེ་ཞིང༌། ཁྱད་པར་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་ཡང་སྔར་རྒྱལ་པོ་རྭ་སྒྲེང་གི་རྒྱལ་སྲིད་ལ་འཕོ་འགྱུར་བྱུང་བ་སོགས་ཀྱིས་བསྟན་པ་རིན་པོ་ཆེ་ལ་ཉམ་གུད་ཤིན་ཏུ་བྱུང་འདུག་པ་འདི་དག་ལ་ཁྱོད་རང་ནས་ཀྱང་སྦྱོར་ཆོས་སྐབས་ཁྲུས་གསོལ་གྱི་མཇུག་ཕུན་ཚོགས་གསེར་འོད་མའི་སྐབས་སུ། དུས་གསུམ་གྱི་དགེ་རྩ་རྣམས་རིན་པོ་ཆེའི་སྲོག་ཞུ་ཁྱད་པར་འཕགས་པར་བསྒྱུར་ནས་རང་ཉིད་རྗེ་རིན་པོ་ཆེར་མོས་ཏེ་བླ་མ་ཐུབ་པའི་དབང་པོའི་དབུ་ལ་ཕུལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་སྨོན་འདུན་བརྟན་པོ་ཡང་ཡང་ཉིན་ལྟར་མ་ཆགས་པ་གྱིས་གསུངས་པ་བཞིན་ཅི་ནུས་ཀྱི་ཧུར་བསྐྱེད་ནས་དེང་སང་གི་བར་དུ་བླ་མའི་བཀའ་བསྒྲུབ་ཕྱིར་དང་དུ་བླངས་པ་ཡིན་ཞེས་ཕེབས། ཡང་དཀའ་ཆེན་བླ་མ་རིན་པོ་ཆེས་ཁོ་བོ་ལོ་ཉི་ཤུ་རྩ་གྲངས་ཀྱི་སྐབས་ཤིག་ཏུ་དེང་སང་སྙིགས་མའི་རང་རྟགས་ཆེས་ཆེས་བརྡོལ་བས། དམ་པའི་ཆོས་རྨད་དུ་བྱུང་བ། སྐལ་ལྡན་གྱི་གདུལ་བྱར་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་སྟེར་ནུས་པའི་ཐབས་ཆ་ཚང་བ། ལམ་གྱི་ངོ་བོ་མ་ནོར་ཞིང་གོ་རིམ་མ་འཕྱུག་པ། གྲངས་མ་ཆད་པ། འཇམ་མགོན་རྒྱལ་བ་གཉིས་པའི་ཐུགས་ཀྱི་མཐིལ་ནས་བྱུང་བའི་མན་ངག་བྱང་ཆུབ་ལམ་རིམ་ཆེ་ཆུང་འདི་ལྟ་བུ་དང་མཇལ་ཡང་རྩིས་མེད་ཀྱིས་ཐོས་བསམ་བྱ་མི་ཙམ་ཡང་དཀོན་པར་སྣང༌། ཁྱེད་ཀྱིས་ལམ་རིམ་ཆུང་བ་འདི་བློ་ལ་བཟུང་ནས་ངེད་རང་བླ་མ་རྣམ་གཉིས་ལ་རྒྱུགས་འབུལ་རྒྱུ་ཡོད་པ་ཞིག་བྱས་ན་ལེགས་པོ་ཞིག་འོང་སྟེ་གསུངས་ནས་ནང་མཛོད་དྲི་བྲལ་ཞིག་གནང་ཞིང་ཐུགས་སྐྱོ་བའི་རྣམ་པས་སྤྱན་ཆབ་མང་དུ་བསིལ་གསིལ། དེ་དུས་ཁོ་བོ་ཡང་དཀོར་གྱིས་མ་བསྒྲིབས་པས་སྙིང་ཁམས་རྡོ་རྗེའི་རང་བཞིན་འདི་འདྲ་ཞིག་མིན་པར་སྣང་སྟེ། དད་པ་ཤུགས་དྲགས་པོའི་སྒོ་ནས་བླ་མའི་ཞབས་སྤྱི་བོར་བླངས་ནས་མཆི་མ་གླགས་བཞིན་ཁས་བླངས་པ་ཡིན། དེ་ནས་བཟུང་ཤོག་ལྡེབ་ཇི་ལྟར་མཚམས་པ་རེ་ཉིན་བཞིན་མ་ཆགས་པར་བཀླགས་ཤིང་སྨོན་འདུན་བྱས། ཕྱིས་བློ་ལ་བཟུང་སྟེ་ལོ་གཅིག་ཙམ་ནས་དཀའ་ཆེན་རིན་པོ་ཆེར་རྒྱུགས་ལེགས་པར་ཕུལ་བས་ཐུགས་ཤིན་ཏུ་དགྱེས་ཚོར་ཆེན་པོ་མཛད། ནགས་ཚང་རྡོ་རྗེ་འཆང་ལ་རྒྱུགས་དངོས་སུ་འབུལ་རྒྱུ་མ་བྱུང་ཡང་གཞན་དོན་དུ་གཤེགས་སྐབས་སྐུ་གདུང་རིན་པོ་ཆེའི་མདུན་དུ་ཕུལ་བ་ཡིན་གསུང༌། དེ་ནས་བཟུང་ལམ་རིམ་ཆུང་བ་ཆགས་མེད་དུ་ཞལ་འདོན་མཛད་པས་ཕྱག་དཔེའི་མཇུག་ཏུ་བརྒྱ་རྟགས་སྟོང་རྟགས་མང་པོ་དང༌། དཔེ་ཆ་ཕྱག་དྲེགས་ཀྱིས་ནག་པོར་སོང་སྟེ་གསར་རྙིང་མང་པོ་བརྗེ་དགོས་པ་བྱུང༌། དེ་བཞིན་དུ་བརྒྱད་སྟོང་ཚེ་གླིང་སྤར་མ་ཞལ་འདོན་ཆགས་མེད་མཛད་པའི་དཔེ་མཐར་བརྒྱ་རྟགས་སྟོང་རྟགས་མང་པོར་གནང་འདུག་ཅིང་དཔེ་གསར་རྙིང་ཡང་ཡང་བརྗེ་དགོས་པ་བྱུང་གདའ་སྟེ་བདག་ལྟ་བུས་ཐོས་ན་དཔའ་ཞུམ་ཞིང་སྒྱིད་ལུག་པའི་གནས་ཁོ་ནར་སྣང་ངོ།། འདི་སྐབས་སུ་སྔགས་ཆོག་སོགས་འགའ་ཞིག་ཐུགས་འཛིན། ལམ་རིམ་བློ་སྦྱོང༌། རིག་གནས་ཀྱི་སྐོར་བསྐྱེད་རྫོགས་སོགས་ཀྱི་དཔེ་གཟིགས་ཐུགས་དམ་གྱི་བར་བར་དུ་མཁས་པ་དག་དང་ཆོས་ཀྱི་བགྲོ་གླེང་ཤིན་ཏུ་དམར་བར་མཛད། འཇིག་རྟེན་ཕལ་པའི་གཏམ་དང་ཉི་མ་འཕུལ་ཐབས་ཀྱི་རྩེད་འཇོ་ལ་སོགས་པའི་ཕྱོགས་རྣམས་གཞན་གྱིས་ཆེད་དུ་ཞུས་ཀྱང་ཐུགས་ཀྱི་གཏད་སོ་ཆེར་མི་མཛད་པར་བཏང་སྙོམས་སུ་འདོར་བར་བྱེད་དེ་སྲིད་པའི་བདེ་འབྱོར་མཐའ་དག་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པའི་ངང་ཚུལ་དུ་གཟིགས་པ་རང་ཆས་སུ་མངའ་བའི་འབྲས་རྟགས་སུ་མངོན་ནོ། །བསྔོ་རྟེན་སོགས་དད་གཤིན་གྱི་དངོས་འབུལ་རྣམས་ཀྱང་གྲྭ་སར་གཏོང་སྒོ་སོགས་ཀྱི་ཆེད་དུ་འཆང་བ་ཙམ་ལས་སྟོབས་འབྱོར་གྱི་འཁོར་ལོ་བསྐོར་བའི་དགོངས་བཞེས་གཏན་ནས་མེད་པ་ནི་དྲུང་ན་འཁོད་པའི་སྐྱེ་བོ་ཀུན་ལ་མཐུན་སྣང་བ་གྲུབ་བོ།། གཞན་ཡང་རྗེ་འདི་ཉིད་ཀྱི་དཔོན་རིགས་རྩོ་འགའ་ཚང་གི་བུ་ཆུང་ཞིག་ཡི་གེ་ཀློགས་འདོན་སོགས་ལ་བག་ཡངས་སུ་སྐད་ཅིག་ཀྱང་མ་གཏོང་བར་ཤིན་ཏུ་གཅུན་པར་མཛད་པ་ལ་འགའ་ཞིག་གིས་འདི་ལྟ་བུའི་བྱིས་པ་ཆུང་ངུ་སུན་འབྱིན་དྲག་པོ་དེ་འདྲ་མི་ལེགས་ཚུལ་ཞུས་ཀྱང་གསན་བཞེས་མི་གནང་བར་དགུན་དུས་གྲང་སྒང་ལའང་ནམ་ཕྱེད་ཙམ་གྱི་བར་དུ་སྐྱོར་སྦྱོངས་བྱེད་བཅུག་པ་དང༌། བར་བར་དུ་ཕྱག་འབེབས་གནང་ཞིང་ཞོགས་ཀར་ཡང་ཆབ་གཏོར་གཏོང་སར་ཁྲིད་ནས་གཏོར་ཆུས་བཤལ་བ་སོགས་མཛད་པ་ན། གཞན་མི་ཤེས་པ་ཕལ་ཆེར་གྱིས་བྱིས་པ་ཆུང་ངུ་འདི་ལ་འདི་ལྟ་བུ་མཛད་པ་ཅི་ཡིན་ཞེས་གླིང༌། རྗེས་སུ་ལོ་དྲུག་བདུན་མཚམས་གཞོན་ནུ་དེ་ཉིད་རྫ་བླ་མ་མཁན་སྤྲུལ་གྱི་སྐུ་སྐྱེར་ལྷ་བླས་ལུང་བསྟན། གཞན་ཡང་རྟའུ་ཆོས་སྐྱོང་དར་རྒྱས་ཟེར་བ་ཆུང་ངུ་ནས་རྗེ་ཉིད་ལ་གཞན་གྱིས་ཕུལ་བ་ཞིག་ཡིན་ཀྱང་ལྷ་ལྡན་འཕན་ཡུལ་སོགས་སུ་ཁེ་ཚོང་རང་དོན་སྒྲུབ་བཞིན་བག་ཡངས་སུ་བསྡད་པའི་སྐབས་ཤིག་ཁོ་པའི་རྟ་འབྲས་སྤུངས་གླིང་གསེབ་ཏུ་གར་སོང་ཆ་མེད་པར་བརླགས། དེ་རྗེས་ནད་ཀྱིས་ཐེབས་ཏེ་འཆིར་ཉེ་བ་ན་ལྷ་ཞིག་གི་བསྐུལ་བ་ལྟར་སྐྱབས་རྗེ་མཆོག་ལ་བྱིན་རླབས་དང༌། བཀའ་བསྒོ་ཞུས་པར་སྤྱན་བཙུམ་སྟེ་ཅུང་ཟད་དགོངས་པ་ལ་བཞུགས་ནས་ཨ་ཁ་སྙིང་རེ་རྗེ། ངེད་ཀྱི་སྲུང་མའི་འཁུ་ལྡོག་ཅིག་འདྲ། ཕྱིན་ཆད་ཚུལ་མཐུན་བྱེད་རྒྱུའི་དམ་བཅའ་བྱ་ནུས་ན་ལེགས་མོད་གསུངས་པ་དང༌། ཁོང་གིས་སྲོག་ཐུག་ཁ་ཞེ་མེད་པའི་དད་གུས་དང་བཅས་ཁས་བླངས། ཡུད་ཙམ་ནས་འཕོ་བ་ཞིག་མཛད་པས་ནད་པ་འདི་སྣང་འགགས་ཏེ་མེ་ཏོག་སྣ་ཚོགས་ཀྱིས་གང་བའི་ཡུལ་ལྗོངས་ཤིན་ཏུ་སྐྱིད་པ་ཞིག་ལ་སླེབས། དེར་ཐག་རིང་པོ་ན་མིང་ནས་འབོད་སྐད་ཀྱི་སྣང་བ་ཤར་ཏེ་ཕྱིར་བལྟས་པ་ན་སྔར་བཞིན་འདུག་པ་མཐོང་སྟེ་བླ་མ་ལ་ངུ་དབྱངས་ཀྱིས་རྒྱུ་མཚན་དང༌། སྐྱབས་འཇུག་ཞུས་པས། ད་རེས་སྐྱོན་མེད་ཅེས་གསུངས། དགའ་ལྡན་དམག་འཁྲུག་འབྱུང་བ་ལ་ཉེ་ཞིང་སུ་ལ་ཡང་དོགས་པ་མེད་པའི་སྐབས། ད་རེས་བསྟན་པ་ལ་གེགས་ཆག་ཆེན་པོ་ཞིག་ཡོད་པས་ཟློག་རིམ་སྒྲུབ་དགོས་གསུངས་ཏེ་ཁམས་ཚན་གཟིམས་ཆུང་ཤར་དུ་འཇིགས་མཛད་རྡོ་རྗེའི་ལྗགས་བསྙེན་གནང༌། བྲག་མགོ་ཇེ་སང་གི་བུ་ལ་ཁྱོད་ཕ་ཡུལ་དུ་མ་འགྲོ། གྲྭ་སར་སྡོད་པ་བཟང་ཞེས་ལན་གསུམ་གསུངས་ཀྱང་མ་ཉན་པར་སོང་བས། གླིང་ཚང་དུ་ཨ་མ་ཡུལ་ཤོར་བ་དང་འཕྲད། དེར་ཡང་ཁང་གསར་གྱི་དམག་བྱུང་བས་ཕུད་པ་སོགས་སྡུག་བསྔལ་བཟོད་དཀའ་བ་མང་པོ་ཐོག་ཏུ་བབས། ལན་གཅིག་ཁམས་ཚན་དུ་ཁོ་བོར་བཞེས་ཐུག་གི་ལྷག་མ་གནང་སྟེ་སྤྱན་དམིགས་དང་བཅས་ཁྱོད་རང་གྲྭ་སར་བསྡད་ན་བཟང་ཞེས་ཚར་གཉིས་གསུངས། ཡང་གསུང་གི་ཞོར་ཞིག་ལས་འཕྲོས་ཏེ་བླ་མ་རྡོ་རྗེ་འཆང་དངོས་ཁྱེད་ལྟ་བུ་དགའ་ལྡན་ཁྲི་ལ་མི་ཕེབས་ན་སུ་ཕེབས་ཞེས་ཞུས་པར། དེ་གར་འགྲོ་མཁན་ཁ་ཤས་ཡོད་པ་རེད་ཅེས་གསུངས། ཆུ་མིག་ལུང་དུ་ཏྲེ་ཧོར་ཁམས་ཚན་གདན་ཞུ་ཐབ་ཆའི་སྐབས་སྟན་མཐོ་དམན་མང་པོ་ཤོམས་གསུངས་པ་དེ་དག་ལ་རིམ་བཞིན་བཞུགས་ཏེ་གསོལ་ཞིབ་སོགས་བཞེས་ཤིང་མཐར་ཤིན་ཏུ་མཐོ་བའི་སྟེང་ནས་གུང་ཚིགས་ཆེན་པོ་གནང༌། བྲག་མགོ་དགོན་དང༌། དཔོན་པོ་མ་འདུམ་པའི་སྐབས། བདག་གི་སྤུན་ཟླ་ཚེ་དབང་དོན་འགྲུབ་སོགས་གྲྭ་པ་གསུམ་སྐུ་མདུན་དུ་བོས་ཏེ་ཞལ་གདམས་སྤྱི་དང༌། ཁྱད་པར་དགེ་འདུན་སྡེ་དཀྲུགས་ཀྱི་རྣམ་སྨིན་འདི་ཆེས་ཤིན་ཏུ་ལྕི་བས་ཕྱིན་ཆད་དེ་འདྲ་མི་བྱེད་པའི་ཁས་ལེན་བྱས་ན་ལེགས་མོད་ཀྱང་བྱེད་ཨེ་ནུས་ཞེས་སྩལ་བ་ན། ཁོང་གསུམ་གྱིས་མགྲིན་གཅིག་ཏུ་ད་རེས་ངེད་ཅག་ལ་སྡུག་ཚུར་བཞག་ཡིན་པས་ཁས་ལེན་ཞུ་མི་ཐུབ། རྗེས་སོར་ཅི་གསུངས་བཀའ་བཞིན་སྒྲུབ་ལགས་ཞེས་ཞུས་པར། ཨ་ཁ་སྙིང་རྗེ་ཚེ་ཕྱི་མར་བསམ་པ་ཡིན་མ་གཏོགས་ཚེ་འདིར་ཁས་ལེན་བྱས་ན་ཡང་ཕན་མ་སོང་སྙིང་རེ་རྗེ་ཨང་གསུང༌། རྗེས་སུ་རྒྱ་ཁྲིམས་སྐབས་ལས་འབྲས་ཀྱི་ཁྱད་པར་ཕྲ་མོ་ཡང་མི་བསླུ་བ་ཡིན་གཤིས་ད་ལན་ཚེ་དབང་དོན་འགྲུབ་ཅི་ཡང་མི་སྐྱོན། ཁྱེད་མ་བུ་འཕྲད་ཡོང་ཞེས་ཨ་མ་ལ་སེམས་གསོར་བཀའ་སྩལ། ཉ་མཚོའི་དགོན་གཤམ་དུ་ཚེ་དོན་དང༌། གྲོགས་བླ་རྒན་ཞིག་དང་གཉིས་ལྕགས་སྒྲོགས་གིས་བསྡམས་ཤིང་གཤེད་མ་མང་པོས་བསྐོར་བཞིན་བླ་མ་རྡོ་རྗེ་འཆང་ལ་ཞལ་མཇལ་གྱི་ཐ་མ་དང༌། སྐྱབས་འཇུག་ཞུ་དགོས་གསོལ་བ་བཏབ་པར་ཐུགས་བརྩེ་བ་ཆེན་པོས་བྱོན་ཏེ་བྱིན་རླབས་དང༌། འཕོ་བ་གནང༌། ལྷག་པར་བླ་རྒན་ལ་བྱམས་བརྩེ་བཟོད་གླགས་མེད་པ་མཛད། ཚེ་དོན་ལ་ཁྱོད་ཀྱི་ལུས་ངག་ཡིད་གསུམ་ཕུལ་བས་ཕྱིན་ཆད་སྡོད་ཚུགས་པ་གྱིས་ཞེས་བཀའ་བཀྱོན་པ་ལྟ་བུ་གནང༌། ཕྱིས་བླ་རྒན་ཁྲིམས་འོག་ཏུ་སྐེ་ཤོར། ཚེ་དོན་བཙོན་ཁང་ན་ཡོད་པའི་རྨི་ལམ་དུ་རྗེ་ཉིད་ཕེབས་ཤིང་སྐུ་བཟན་བརྐྱངས་པའི་སྣེ་མོར་འཇུས་པ་ན་སྐར་ཁུང་ནས་དྲངས་ཏེ་ནགས་འདབས་ཤིག་ཏུ་བཞག་པར་རྨིས་པ་དང་གཉིད་སད། དེ་རྗེས་ཉིན་གཉིས་ཙམ་ནས་ཐར་འདུག་པ་སོགས་ལྐོག་གྱུར་རྗེན་པར་གཟིགས་པའི་མངོན་ཤེས་ཐོགས་པ་མ་མཆིས་པར་ཆ་རྒྱུས་ཅན་ཕལ་ཆེར་གྱིས་འཚལ་ལོ། །དེ་སྐབས་ཉག་རོང་ལ་གཞུང་ས་མཆོག་ནས་དྲག་ཤུལ་མི་བཟད་པའི་གཡུལ་བཤམས་པས་འདི་ཕྱོགས་སུའང་དུས་ཟིང་ཆེ་བར་བྱུང༌། གླང་༡༨༦༥ལོར་རྟའུ་ཕྱོགས་སུ་ཆིབས་བསྐྱོད་དེ་སེར་སྐྱ་མཆོག་དམན་ཀུན་ལ་དམ་ཆོས་བདུད་རྩིའི་ཆར་སིལ་བུ་ལྷུག་པར་ཕབ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འཇིགས་མེད་རྒྱ་མཚོ་དཔལ་བཟང་པོའི་དྲུང་ནས་གནས་མཆོག་སྤང་ནང་རི་ཁྲོད་དུ་ལམ་རིམ་ཆེན་པོའི་ལྷག་མཐོང་གི་སྐོར་ལས་བརྩམས་པའི་ཁྲིད་སྨིན་རྒྱས་མན་ངག་མཐའ་ཡས་པས་ཟུར་བརྒྱན་ནས་རྒྱས་པར་གསན་ཞིང་ཟིན་བྲིས་བདག་འཛིན་དགྲ་དཔུང་འཇོམས་པའི་འཁྲུལ་འཁོར་མཛད། གཞན་ཡང་རྗེ་དེར་འཇམ་དབྱངས་དགའ་བློའི་ལྟ་ཁྲིད་འབྲིང་པོ་དེ་ཉིད་གསལ་བྱེད་ཀྱི་ཁྲིད་ལུང༌། ལམ་རིམ་ཆེན་མོ་སོགས་བྱང་ཆུབ་སེམས་ཀྱི་མན་ངག་ཁྱད་པར་ཅན་མཐའ་ཡས་པ་ཞིག་ཞུས། འདི་ཉིད་བཀའ་དྲིན་ཆེ་བའི་བླ་མའི་མཆོག་ཏུ་ཞལ་གྱིས་བཞེས་ཤིང༌། ཕྱིས་སུ་རྟའུ་ཕྱོགས་སུ་ཆིབས་བསྒྱུར་གནང་སྐབས་བཤེས་གཉེན་ཆེན་པོ་དེ་ཉིད་ཀྱི་གདན་སའི་ཐད་དུ་ནམ་ཕེབས་ལ་དབུ་ཞྭ་ཕུད་དེ་གཟིམས་ཁང་ཡང་ཡང་མཇལ་ཞིང་གསོལ་འདེབས་ནར་མར་མཛད་པ་ཡང་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཕལ་པའི་བློ་ཡུལ་དུ་མི་ཤོང་བ་ཞིག་གོ །སྐབས་དེར་ཞབས་གྲས་དབུ་མཛད་ལྕོ་ཕུ་གུམ་པ་ཕྱིས་སུ་སྙི་རྒྱལ་གྱི་ལྷོངས་ཡིན་ཞེས་གསུང༌། འདི་དུས་གཞུང་དམག་གིས་ཉག་རོང་མིང་གི་ལྷག་མ་ཙམ་དུ་བརླགས་འདུག་པར་དཀའ་ཆེན་བླ་མ་རིན་པོ་ཆེའི་ཞལ་ནས་ཉག་དཔོན་མགོན་པོ་རྣམ་རྒྱལ་འདི་མི་ཚེ་ཧྲིལ་པོར་སྡིག་ལས་ཚབས་ཆེན་འབའ་ཞིག་སྤྱོད་པ་དང༌། ལྷག་པར་ཁོ་རང་ལ་ཆོས་འབྲེལ་དངོས་སུ་ཡོད་པའི་བླ་མ་ཞིག་ཀྱང་བཀྲོངས་སྐད་འདུག་པས་མི་སྡིག་ཆེན་འདི་ལྟ་བུ་ཡང་ད་སྐབས་འཆི་རེས་ལ་བབ་གཤིས་འདི་དག་སྙིང་རྗེའི་ཡུལ་གཙོ་བོར་བཟུང་ནས་དམིགས་རྣམ་བསྐྱང་དགོས་ཞེས་བཀའ་ཕེབས་པ་བཞིན་དང་དུ་བླངས་ནས་མྱོང་བ་ཅི་ཐོན་བྱས་པས་བླ་མའི་དྲིན་གྱིས་བྱམས་སྙིང་རྗེ་ཟུང་འབྲེལ་ལ་མྱོང་བ་ཅུང་ཟད་སྐྱེས་ཉམས་ཀྱིས་མིག་སྒོར་མཆི་མ་ཐོན་པ་འགའ་རེ་བྱུང་ཞེས་དངོས་སློབ་བློ་བཟང་ཚེ་དབང་ལ་གསུངས་སོ། ། སྨྲས་པ། ཕྱོགས་དང་ཕྱོགས་ཀྱི་ཁོར་ཡུག་ན། ། གནོད་སྦྱིན་དགའ་བའི་སྤོས་ཀྱི་ཆུ། ། རྟག་ཏུ་འཛག་པའི་འཁྲི་ཤིང་དང༌། ། གནམ་ཀ་དཀར་པོ་བཙུགས་པའི་དབུས། ། ཕུལ་བྱུང་ཆོས་ཀྱི་རྒྱ་མཚོ་ཆེ། ། བཤད་སྒྲུབ་རླབས་ཕྲེང་གཡོ་བ་ལས། ། མང་ཐོས་ཀླུ་དབང་གཙུག་གི་ནོར། ། ངོམས་པར་བླངས་པའི་དེད་དཔོན་དག ། ཟབ་རྒྱས་འདོད་རྒུའི་ཆར་འཇོ་བས། ། ཏྲེ་ཡི་ཡུལ་འདི་ཅི་ཡང་མཛེས། ། དེ་ན་རྒྱུ་བའི་ཕལ་པ་ཡང༌། ། བསོད་ནམས་དབྱིག་གི་དཔལ་དང་མཛའ། ། དམ་པའི་སྐྱེས་མཆོག་རི་བོའི་དོགས། ། དབང་ལུང་མན་ངག་ལི་ཤིའི་ཚལ། ། ཟོས་པས་ལེགས་བཤད་སྒྲོགས་པ་ཅན། ། དཔལ་ལྡན་བླ་མ་གཉིས་འཐུང་བདག ། སྲིད་པའི་འབྲོག་དགོན་ཆེན་པོ་དང༌། ། མདོ་ཁམས་སྨད་ཀྱི་ནོར་འཛིན་མ། ། ཀུན་ནས་དཔལ་དང་བཀྲ་ཤིས་སུ། ། བགྱིད་པའི་ཐིག་ལེ་གཅིག་པུར་འབར། ། ཞེས་བྱ་བ་ནི། བར་སྐབས་ཀྱི་དོན་བསྡུ་བའི་ཚིགས་སུ་བཅད་པའོ། །


༤ སླར་ཡང་ལྷ་སར་ཕེབས་ནས་དབང་ལུང་མན་ངག་རྒྱ་ཆེར་མནོས་ཞོར་གསན་བསམ་འཕྲོ་མཐུད་དེ། ལྷ་ལྡན་སྨོན་ལམ་ཆེན་པོའི་ནང་གཞུང་ལུགས་རབ་འབྱམས་སྨྲ་བའི་གྲྭ་སྐོར་མཛད་པའི་ཚུལ།

རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁོ་ན་ཐུགས་ལ་བརྣགས་ཏེ་མདོ་སྔགས་ཡོངས་རྫོགས་ལ་ཐོས་བསམ་ཕུ་ཐག་ཆོད་པ་ཞིག་ངེས་པར་བྱ་དགོས་དགོངས་ནས་མེ་སྟག་༡༨༦༦ལོར་གངས་ཅན་སཱ་ལའི་སྨན་ལྗོངས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར། ཇོ་ཤཱཀ་སོགས་རྟེན་མཆོག་རྣམས་ཀྱི་སྤྱན་སྔར་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ་བཞེད་པའི་དོན་ལ་གསོལ་བ་ནན་ཏན་བཏབ། མཁས་གྲུབ་བྱེ་བའི་འབྱུང་གནས་དཔལ་ལྡན་འབྲས་སྤུངས་སུ་ཞབས་ཀྱི་པདྨོ་མཛེས་པར་བཀོད། ཚོགས་ཆེན་ལ་མང་ཇ་དང་སྐུ་འགྱེད་དུ་དངུལ་ཊཾ་རེ། གྲྭ་ཚང་དུ་གྲྭ་ཇ། སྤྱི་འབུལ་རྒྱན་དྲུག་མཆོག་གཉིས་ཀྱི་ཐང་སྐུ་བཟང་གོས་ལས་གྲུབ་པ། སྐུ་འགྱེད་ཊཾ་ཕྱེད་དང་གཉིས་རེ། ཁམས་ཚན་ལ་ཚོམས་ཇ། བཞེས་ཐུག་སྐུ་བགྱེད་ཊཾ་གཉིས་རེ། རྒྱུད་སྨད་དུ་མང་ཇ། སྤྱི་འཇོག་རྗེ་རིན་པོ་ཆེའི་ཐང་སྐུ་སྤུས་ལེགས་བཅས་ཕུལ། མཁས་མང་བློ་གསལ་གླིང་གི་ཆོས་གྲྭར་བྱོན། སྐབས་བཞི་པའི་འཛིན་གྲྭར་བཞུགས་ནས་ཉིན་མཚན་འཁོར་མོ་ཡུག་ཏུ་ཐུགས་བརྩོན་ཆུ་བོའི་རྒྱུན་བཞིན་མཛད། དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་བློ་བཟང་དབང་ཕྱུག་དང༌། མཁན་རིན་པོ་ཆེ་བློ་བཟང་དོན་འགྲུབ། བཤེས་གཉེན་བློ་བཟང་བསྟན་འཛིན་སོགས་ཀྱིས་རིགས་ལམ་ལ་རྩོད་ཟླའི་ཞབས་ཀྱི་ཕྱི་ཞུས་ཏེ་བགྲོ་གླེང་ཟབ་རྒྱས་ཕལ་གྱིས་དཔག་པར་དཀའ་བ་མཛད། གྲྭ་སར་ཕེབས་ནས་བཟུང་སྐུ་རིམ་ལ་དངུལ་ཀོང་མར་མེ་རེ་དང༌། ཊཾ་སྤོས་རྐང་གསུམ་རེ་ཆག་མེད་དུ་ཕུལ། དབུ་མའི་སྐབས། པཎ་ཆེན་བསོད་ནམས་གྲགས་པའི་སྤྱི་དོན་དང་མཐའ་དཔྱོད་ཐུགས་འཛིན་ཐོག དགོངས་པ་རབ་གསལ། རྩ་ཤེས་ཊིའཀ་ཆེན། ལྷག་མཐོང་ཆེན་མོ། སྟོང་ཐུན་སྐལ་བཟང་མིག་འབྱེད། གཞན་ཡང་གྲྭ་ས་ཕན་ཚུན་གྱི་ཡིག་ཆ་སོགས་རྒྱ་བོད་ཀྱི་གཞུང་ལུགས་མཐའ་ཡས་པར་གཟིགས་རྟོག་ཐོས་བསམ་རྡོ་རུས་ཐུག་པ་མཛད། ཡབ་རྗེ་དམ་པ་དེ་ཉིད་ཀྱི་ཆེད་དུ་སེ་འབྲས་དགའ་གསུམ་གྱི་ཁམས་ཚན་གསུམ་སོགས་ལ་བསྙེན་བཀུར་གྱ་ནོམ་པ་ཞུས། བཀའ་དྲིན་གསུམ་ལྡན་གཟིག་རྒྱབ་དཀའ་ཆེན་རིན་པོ་ཆེ་དང༌། ནགས་ཚང་རྡོ་རྗེ་འཆང་རྣམ་པ་གཉིས་ཀྱི་དགོངས་རྫོགས་སུ་སླར་ཡང་ཁམས་ཚན་གསུམ་ལ་སྐུ་འགྱེད་ཊཾ་རེ་ཕུལ་ཏེ་ཐུགས་སྨོན་ཡང་དག་གི་མཚམས་སྦྱོར་གནང༌། འདུལ་མཛོད་ལ་རྩ་བ་ཐུགས་བྱང་ཐོག་མཆིམས་ཊིའཀ་མངོན་པའི་རྒྱན་དང༌། མཚོ་ཊིའཀ་ཉི་མའི་འོད་ཟེར་གཉིས་དོན་གྱིས་འགངས་གྲོལ་བའི་གཙོ་བོར་བཟུང༌། རྒྱ་བོད་ཀྱི་མཁས་གྲུབ་མང་པོའི་གཞུང་གིས་ཟུར་བརྒྱན་ཏེ་ཚིག་སྤྱི་ཙམ་དུ་མ་ལུས་པའི་སློབ་གཉེར་རང་བློ་ཚིམ་ངེས་མཛད། འདི་སྐབས་གླིང་སྤྲུལ་པའི་སྐུ་རིན་པོ་ཆེ། སེམས་དཔའ་རིན་པོ་ཆེ། རྗེ་འདི་པ་སོགས་ངེས་དོན་སྐྱེས་མཆོག་དུ་མ་དམ་པའི་ཆོས་ཀྱི་བགྲོ་བ་ལ་གདན་འཛོམས་ཏེ་ལུང་རིགས་སེངྒེའི་ང་རོ་ཅི་ཡང་བསྒྲགས་པས་མཚན་སྙན་གཡུ་འབྲུག་སྟོང་གི་སྒྲ་དབྱངས་འཛམ་གླིང་ཡངས་པའི་ནོར་འཛིན་གྱི་ཁྱོན་མཐའ་དག་ལ་དུས་གཅིག་ཏུ་ལྡིར། བླ་མ་སངས་རྒྱས་དངོས་འདྲ་དུ་མའི་ཞབས་རྡུལ་གཙུག་གི་རྒྱན་དུ་བསྟེན་ཏེ་སྨིན་བྱེད་དབང༌། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་ངེས་བྱེད་མན་ངག་བཅས་གསན་པའི་ཚུལ་ནི། ལྕགས་རྟ་༡༨༧༠ལོར་ལྷ་ལྡན་བཤད་སྒྲའི་གཟིམས་ཤག་ཏུ་རྗེ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་ཞལ་སྔ་ནས་གྲུབ་དབང་ངག་དབང་རྡོ་རྗེ་དང༌། རྗེ་བཙུན་དྷརྨ་༅ྷ་དྲ་དཔལ་བཟང་པོ། རྗེ་རང་ཉིད་ཀྱི་གསུང་འབུམ་རྣམས་ཀྱི་ལྗགས་ལུང༌། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས། གྲོལ་བྱེད་བསྐྱེད་རྫོགས་ཀྱི་ཁྲིད། སྔགས་བཏུའི་རྗེས་གནང༌། བཀའ་སྡོད་ཞིང་སྐྱོང་གི་རྗེས་གནང་སོགས་གསན། ལྕགས་ལུག་༡༨༧༡ལོར་ནག་པ་ཟླ་བའི་ཚེས་ཉེར་བདུན་ནས་ཉིན་ལྔ་བཅུའི་རིང་ལྷ་ལྡན་རྨེ་རུའི་གྲྭ་ཁང་དུ་སོག་པོ་བླ་མ་རིན་པོ་ཆེ་འཇམ་དབྱངས་འཕྲིན་ལས་དཔལ་བཟང་པོར་དབང་ཆེན་ཟུར་བཀའ་བརྒྱ་རྩར་གྲགས་པའི་དཀྱིལ་འཁོར་བརྒྱ་དང་བརྒྱད་ཀྱི་དབང༌། དཔལ་མགོན་ཞལ་བཞི་པ་རྣམ་འགྱུར་མི་འདྲ་བ་བཅུ་བདུན་གྱི་རྗེས་གནང༌། ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། གུར་མགོན་བཀའ་ཆེན་བཅོ་ལྔའི་རྗེས་གནང༌། ལྷོ་བྲག་སྙན་བརྒྱུད་གྲས། ཐུབ་དབང་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། ཕྱག་རྡོར་སྐུ་ལྔ།། ཕྱག་རྡོར་སེམས་དཔའ་སུམ་བརྩེགས། ཕྱག་རྡོར་ཞལ་གསུམ་ཕྱག་དྲུག་པ། ཕྱག་རྡོར་གཏུམ་པོ་མེ་འབར་དྲག་པོ། ཕྱག་རྡོར་དྲག་པོ་སུམ་སྒྲིལ། ཚེ་དཔག་མེད་ལྷ་དགུའི་ཚེ་དབང་འཆི་བདག་བདུད་འཇོམས། སྒྲོལ་མ་འཇིགས་སེལ། རས་ཆུང་སྙན་བརྒྱུད་ཕྱག་རྡོར་གཏུམ་པོ་ཁྱུང་ཤམ་ཅན། སྤྱས་རས་གཟིགས་གཙོ་རྐྱང་ཟུང་འཇུག་སྒྲུབ་པ། འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཡུམ་བཅས། བིརྦ་ལུགས་རྡོ་རྗེ་རྣམ་འཇོམས་ལྷ་བདུན་ཅུ་རྩ་ལྔའི་བྱིན་རླབས། ཆོས་རྒྱལ་གྱི་ཡུམ་དུས་མཚན་འོད་ཆེན་འབར་བ། ལྷ་མོ་དུད་སོལ་མ་ཕྱི་སྒྲུབ་ཐུན་མོང་བ། གསང་སྒྲུབ་ཐུན་མོང་མ་ཡིན་པ། གཏུམ་མོའི་མེ་དབང༌། ཆོས་སྐྱོང་ལྕམ་སྲིང་འཁོར་མང༌། ཁྲོ་བོ་རྨེ་བརྩེགས་སོགས་ཀྱི་རྗེས་གནང༌། ལྷ་བཙུན་པས་ཕྱོགས་བསྒྲིགས་ཀྱི་ཟུར་བཀའི་རྗེས་གནང་བརྒྱ་རྩ་ཚང་མ། ཁྲིད་ཀྱི་སྐོར་ལ། རྗེ་འཇམ་དབྱངས་འཕྲིན་ལས་ཉིད་ཀྱིས་མཛད་པའི་ལམ་རིམ་སྟན་ཐོག་གཅིག་མ། ལམ་གཙོ་རྣམ་གསུམ། འཆད་ཁ་བའི་བློ་སྦྱོང་དོན་བདུན་མ། བློ་སྦྱོང་ཚིག་རྐང་བརྒྱད་མ། སྲད་རྒྱུད་ལུགས་ཀྱི་དགའ་ལྡན་ལྷ་བརྒྱ་མ། དམིགས་བརྩེ་མའི་ཊིའཀྐ། རིགས་གསུམ་སྤྱི་སྒྲུབ་སྙིང་ཞུགས་མ། སངས་རྒྱས་སོ་ལྔའི་ཆོ་ག ཐུན་དྲུག་བླ་མའི་རྣལ་འབྱོར། བཀའ་གདམས་ལྷ་བཞི་སོགས་ཀྱི་ཁྲིད། སྒྲོལ་དཀར་ཚེ་ཁྲིད། གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད། སྙིང་པོ་དོན་གསུམ། ཚེམ་བུ་དམར་ཁྲིད། འཇམ་དཔལ་ཞི་དྲག་གི་སྲུང་བའི་ཁྲིད། འཇམ་དཔལ་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས་ཀྱི་ཁྲིད། མ་ནིར་ཧ་འདོན། ནི་གུ་ཆོས་དྲུག་ཁྲིད་ཆེན་བརྒྱད། འཕོ་ཁྲིད་དཔའ་པོ་གཡུལ་འཇུག ནཱ་རོ་མཁའ་སྤྱོད། མཁའ་སྤྱོད་འཕོ་ཁྲིད། མེ་ཏོག་བཅུད་ལེན། ཆུ་བཅུད་ལེན། རྡོ་བཅུད་ལེན། གཏུམ་མོ་ཞག་གསུམ་མ། ཞག་བདུན་མ། མི་ཏྲའི་ལྷ་དྲུག མགོན་པོ་ལྷ་བཞི། མགོན་པོ་སྙིང་ཞུགས། སྒྲོལ་མ་རྣམ་འབྱོར་མ་སོགས་ཀྱི་ཁྲིད། རྗེ་རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང༌། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་བཀའ་འབུམ། བཀའ་གདམས་གཅེས་བཏུས་ནོར་བུའི་བང་མཛོད་པོད་གཅིག པཎ་ཆེན་ན་བཟའ་པའི་བེའུ་བུམ་ནོར་བུའི་བང་མཛོད། མགོན་པོ་ཚེ་དཔག་མེད་ཀྱི་བེའུ་བུམ་གྱི་ལུང་བཅས་གསན། ཀུན་སྤངས་བླ་མ་རིན་པོ་ཆེ་དཀའ་ཆེན་དཔལ་ལྡན་ཆོས་འཕེལ་བའི་མདུན་ནས་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང༌། མི་ཏྲའི་དཀྱིལ་འཁོར་དྲུག་ཅུ་རྩ་ལྔའི་དབང༌། རྗེ་རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང༌། སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང༌། བ་རི་བརྒྱ་རྩའི་རྗེས་གནང༌། སྣར་ཐང་བརྒྱ་རྩའི་རྗེས་གནང་བཅས་ཞུས། ཡོངས་འཛིན་དགེ་འདུན་རྒྱ་མཚོའི་ཞལ་སྔ་ནས་ཁྲི་གུང་ཐང་རིན་པོ་ཆེའི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང༌། མཁས་ཆེན་རྗེ་བཙུན་བླ་མ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་པོའི་དྲུང་ནས་གསང་འདུས་འཕགས་ལུགས་ཀྱི་དབང༌། བདེ་མཆོག་དྲིལ་བུ་ལྷ་ལྔ་དང༌། ལུས་དཀྱིལ་གཉིས་ཀྱི་དབང༌། ལམ་རིམ་མཆན་བཞི་མའི་ཁྲིད། དྲིལ་བུ་ལུས་དཀྱིལ་གྱི་བསྐྱེད་རིམ་དང༌། རྫོགས་རིམ་རིམ་ལྔའི་དམར་ཁྲིད། ལམ་རིམ་ཆུང་བའི་ཁྲིད། འདུལ་བ་མདོ་རྩ་བའི་བཤད་ལུང༌། བདེ་ལམ། ལམ་གཙོ། ལེགས་བཤད་སྙིང་པོ། ནཱ་རོ་ཆོས་དྲུག ནི་གུ་ཆོས་དྲུག་རྗེ་དེ་ཉིད་ཀྱིས་མཛད་པའི་ནི་གུ་ཆོས་དྲུག རྗེ་བཙུན་ཀུན་དགའ་གྲལ་མཆོག་གིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཁྲིད་བརྒྱར་གྲགས་པ་ཟབ་ཁྲིད་བརྒྱ་རྩ་བརྒྱད། བློ་སྦྱོང་མཚོན་ཆ་འཁོར་ལོ། འཇམ་དབྱངས་བཞད་པའི་གྲུབ་མཐའ་རྣམས་ཀྱི་ཁྲིད། ལུང་གི་སྐོར་ལ་གཉན་ཁྲིད་པ་ངག་དབང་ཕུན་ཚོགས་ཀྱི་མ་གཅིག་མཁའ་འགྲོའི་སྙན་རྒྱུད་འཁྱེར་བདེ། འཇམ་དབྱངས་བཞད་པའི་གཅོད་གདན་ཐོག་གཅིག་མ། རོང་པོ་སྐལ་ལྡན་རྒྱ་མཚོའི་གཅོད་ཕཊ་བདུན་མ། ངག་དབང་ཕུན་ཚོགས་ཀྱི་ཁྲོས་ནག་སྒྲུབ་ཐབས། མཁའ་འགྲོ་བཞེངས་བསྐུལ། འབུམ་བསྐུལ། དགོངས་སྤྱོད་མ། སྙན་བརྒྱུད་ཡིག་ཆུང༌། ལྷོ་བྲག་བཀར་འབུམ་གྲས་ཁྱུང་ནག་སྒྲུབ་ཐབས་གཉིས། པཎ་ཆེན་བསྟན་པའི་ཉི་མའི་གསུང་འབུམ། ས་སྐྱའི་ལྕགས་རི་ནང་ཆོས་སྐོར་རྡོ་རྗེ་གདན་པའི་གསུང་བ་རི་ལོ་ཙཱ་པས་བསྒྱུར་བ་ནོར་གྱི་ལྷ་མོ་དབྱུ་གུ་མ་མཆེད་གསུམ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཆ་ཚང༌། གསེར་ཆོས་གྲས་རྡོ་རྗེ་ཁྱུང་ཁྲའི་ལས་མཐའ་བཅས་ཀྱི་ལུང་རྣམས་གསན། རྗེ་བློ་བཟང་དོན་འགྲུབ་དཔལ་བཟང་པོར་དཔེ་ཆོས་རིན་ཆེན་སྤུངས་པ་དང༌། རྒྱལ་སྲས་ཐོག་མེད་ཀྱི་བཀའ་འབུམ་གྱི་ལུང་གསན། རི་བོ་དགེ་འཕེལ་དུ་ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས་ཚུལ་བཞིན་དུ་དཔྱད་དེ་ཉིན་བཅོ་ལྔ་ཙམ་གྱི་རིང་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པས་ཏིང་ངེ་འཛིན་གྱི་ཉམས་སྣང་མང་པོ་ཤར། ཁམས་ཚན་གཟིམས་ཤག་ཏུ་དགེ་བཤེས་དཔལ་ལུ། དགེ་བཤེས་སྐྱོར་དཔོན། ཆོས་གླིང་དགེ་རྒན་ལྷུན་འགྲུབ་འབུམ། བློ་བཟང་རྒྱལ་མཚན་སོགས་ཀྱིས་སྒྲུབ་གྲོགས་དང་བཅས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལྗགས་བསྙེན་ལ་བཞུགས། དགེ་བཤེས་རྒྱ་མཚོ་ནམ་མཁའ། དགེ་བཤེས་དཔལ་ལུ། སྐལ་བཟང་ཚེ་རིང༌། བློ་བཟང་རྒྱལ་མཚན། མགོན་པོ་ལྷུན་འགྲུབ་བཅས་དཔོན་སློབ་དྲུག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་གྱི་བསྙེན་སྒྲུབ་མཛད། ཆུ་བཟང་བླ་མ་རིན་པོ་ཆེ་དང༌། བྲག་མགོ་ཆོས་མཛད་སོགས་ལ་བཅོམ་ལྡན་འདས་མ་མཁའ་སྤྱོད་དབང་མོའི་བྱིན་རླབས་སྩལ། ལྷ་ལྡན་བཤད་སྒྲའི་གཟིམས་ཁང་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་ཆེན་སྟ་གོན་དང་བཅས་པ་གནང༌། ལྕགས་མོ་ལུག་༡༨༧༡ལོར་མཁན་རིན་པོ་ཆེས་ལྷ་རམས་པའི་བཀའ་བསྒྱུར་གནང་བས་ལེགས་སྐྱེས་ཀྱང་ཕུལ། དཔེ་ཐུབ་ཁམས་ཚན་དུ་པཎ་ཆེན་གྱི་བཞུགས་ཁྲིར་གྲགས་པ་དེར་དམ་བཅའ་དང་པོ་མཛད། རིམ་གྱིས་ཁམས་ཚན་ཉི་ཤུ་རྩ་གཅིག་ལ་དམ་བཅའ་མ་ཆད་པར་བཞག་ཅིང་ཕལ་ཆེར་མཚན་འཁྱོངས་ཤ་སྟག་གནང༌། ཁམས་ཚན་སོ་སོའི་སྤྲུལ་པའི་སྐུ་དང༌། དགེ་བའི་བཤེས་གཉེན་ཆེན་པོ་ལུང་དང་རིགས་པའི་གཏེར་མཛོད་དུ་གྱུར་པ་དུ་མས་རང་ལ་བློ་གྲོས་ཀྱི་རྩལ་ཅི་ཡོད་སྤུངས་པའི་རིགས་ལམ་ཞིབ་མོས་བགྲོ་གླེང་བྱས་ཀྱང་དམ་པ་འདིའི་མཁྱེན་རབ་ཀྱི་དཔལ་ལ་སུས་ཀྱང་འགྲན་མ་ནུས་པར་གཞུང་དོན་སོ་སོའི་དཀའ་གནད་མཐའ་དག་ལ་ཐོགས་མེད་དུ་ལན་མཛད་པས། བློ་གསལ་གཟུར་གནས་རྣམས་ཀྱིས་དོན་མཐུན་བསྔགས་བརྗོད་ཀྱི་མེ་ཏོག་ཅི་ཡང་འཐོར། རྒྱལ་བ་ཁམས་ཚན་དུ་དམ་བཅའ་རྗེས་མ་མཛད་ཅིང་ཐུབ་བསྟན་སྤྱི་དང་ཁྱད་པར་རྒྱལ་བ་གཉིས་པའི་རིང་ལུགས་དར་རྒྱས་སུ་འགྱུར་བའི་མཚམས་སྦྱོར་རྣམ་པར་དག་པ་གནང༌། དགུན་ཆོས་ལ་ལྷ་ལྡན་སྨོན་ལམ་རབ་འབྱམས་པའི་མཚན་སྙན་གསར་བཞེས་ཀྱི་དགྱེས་སྟོན་ཏུ་ཆུ་སྤྲེལ་༡༨༧༢ཟླ་བ་བཅུ་གཅིག་པའི་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བཤད་སྒྲུབ་བསྟན་པའི་འབྱུང་གནས་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་ལ་རྟེན་མཆོག་རྣམས་ཀྱི་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་བཞི། འབྲུ་དང་མང་ཇ་བཞི། སྤྱི་འབུལ་བསྐལ་བཟང་སངས་རྒྱས་ཡབ་སྟོང་ཡུམ་སྟོང་གི་ཐང་སྐུ་སྤུས་ལྡན་བརྒྱ་ལྷག་ཙམ། སྐུ་འགྱེད་རིན་གཉིས་ཞོ་གསུམ་རེ། གྲྭ་ཚང་དུ་མཆོད་སྤྲིན་བརྒྱ་ཚར་བཞི། འབྲུ་དང་པོའི་གྲྭ་ཇ་གསུམ། བཞེས་ཐུག སྤྱི་འབུལ་བདེ་ཅན་ཞིང་བཀོད། རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་འཐག་གྲུབ་སྤུས་ལྡན། སྐུ་འགྱེད་རིན་གཉིས་ཞོ་གསུམ་རེ། ཁམས་ཚན་ལ་རྟེན་དྲུང་མཆོད་སྤྲིན་གཟབ་རྒྱས། ཚོམས་ཇ། བཞེས་ཐུག སྐུ་འགྱེད་ཊཾ་བཞི་རེ། རྗེ་རིན་པོ་ཆེའི་སྐུ་དང་སྒྲོལ་མའི་གོས་སྐུ་བརྩེགས་གྲུབ་མ་བཅས་ཕུལ། དམ་བཅའ་ཆེན་པོ་ཉིན་གཉིས་ཀྱི་རིང་གནས་ལྔ་ཡོངས་སུ་རྫོགས་པའི་མཁས་གྲུབ་བརྒྱ་ཕྲག་དུ་མས་ལུང་རིགས་བརྒལ་བརྟག་གི་ཆར་ཆེན་ཇི་ལྟར་ཕབ་ནའང་སུས་ཀྱང་བརྫི་བར་མི་ནུས་པའི་མཁྱེན་རབ་ཀྱི་ཀློང་ནས་ཤིང་རྟ་ཆེན་པོ་རྣམས་དང༌། རྗེ་ཡབ་སྲས་ཀྱི་དགོངས་དོན་ལས་གཞན་དུ་ནམ་ཡང་མི་གཡོ་བའི་བཀའ་ལན་ཐོགས་པ་མེད་པར་སྩལ་བས་གྲགས་སྙན་ལྷའི་རོལ་མོ་སྲིད་རྩེའི་བར་དུ་ཁྱབ། ཆུ་མོ་བྱ་༡༨༧༣ལོར་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོ་ར་ས་འཕྲུལ་སྣང་གི་ཕོ་བྲང་སྔོན་བྱོན་མཁས་དང་གྲུབ་པའི་སྐྱེས་མཆོག་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ལྟ་བུས་གཞུང་ལུགས་གདོང་ལྔའི་སྒྲ་དབྱངས་བརྒྱུད་མར་བསྒྲགས་པའི་གནས་དེར་བསྡུས་གྲྭ་བློ་རྟགས་རྣམ་འགྲེལ་དབུ་ཕར་འདུལ་མངོན་སོགས་བཀའ་པོད་ཆེན་པོ་ལྔའི་དམ་བཅའ་གཞན་འགྲན་བྲལ་བ་འཇོག་པར་མཛད་པས་རིགས་པ་སྨྲ་བ་རྣམས་ལེགས་བཤད་ཀྱི་བགོ་སྐལ་མྱོང་བ་ལ་རྣམ་པར་རྒོད་པའི་འཛུམ་མདངས་ཆེར་སྤྲོས་ནས་འདི་ཉིད་ཀྱི་ཕྱོགས་སུ་དང་བའི་མགོ་ལྕོག་ལྡེམ་པ་དང༌། དུས་མཐའ་འདིར་ཡང་སྔོན་མེད་ཀྱི་ཉི་མ་ཆེན་པོ་འདི་ལྟ་བུ་ཤར་བ་ངོ་མཚར་རོ་ཞེས་དགའ་བའི་ཅ་ཅོ་སྒྲོག་ཅིང་གྲགས་པའི་རྒྱལ་རྔ་བརྡུང་བ་ལ་བརྩོན་པར་གྱུར། སྨོན་ལམ་ཆེན་མོའི་ཡར་ཚེས་དགེ་བའི་ཉིན་འཇིག་རྟེན་གསུམ་གྱི་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་བ་རྗེ་བཙུན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཁྱེན་རབ་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་ཚོགས་དབུར་གདན་དྲངས་ནས་དངོས་འབུལ་རྒྱ་ཆེར་བསྟར་ཞིང་སྐུ་མཆེད་རྭ་ལོ་སྤྲུལ་པའི་སྐུ་དང༌། དཔོན་དངོས་གྲུབ་ཕུན་ཚོགས་གཉིས་ཀྱིས་མབྲསྤྱལ་བཏེགས་ཏེ། རྗེ་ཉིད་ཀྱིས་འབུལ་བཤད་སྙན་འཇེབས་སྒྲ་དབྱངས་ལྷ་མོའི་མགྲིན་པའི་བཅུད་ཆགས་པ་མཛད། འདུས་པ་རྒྱ་མཚོར་མང་ཇ་ཉིན་འཁྱོངས་ཇོ་བོ་ཡིད་བཞིན་ནོར་བུ་སོགས་རྟེན་མཆོག་རྣམས་ཀྱི་དྲུང་དུ་མཆོད་སྤྲིན་སྣ་ལྔ་སྟོང་ཚར། སྐུ་འགྱེད་རིན་ཆེན་གཉིས་པ་ཞོ་གསུམ་རེ་ཕུལ། གསང་ཆེན་རྒྱུད་སྡེ་རྒྱ་མཚོར་གསན་སྦྱངས་མཛད་བཞེད་ཀྱིས་རིམ་གཉིས་ནོར་བུའི་འབྱུང་ཁུངས། སྨད་རྒྱུད་མཁན་རིན་པོ་ཆེ་ཚ་བ་མཆོག་སྤྲུལ་དཔལ་ལྡན་ཚུལ་ཁྲིམས་པའི་དྲུང་དུ་མཇལ་ཞུ་ཁ་བཏགས་ཕུལ་བར་རྗེ་དེ་ཉིད་ནས་གསུང་རབ་ཀྱི་དཀའ་གནས་ལས་བརྩམས་པའི་དྲི་མོལ་མཛད་པའི་ལན་རྣམས་ཐོགས་མེད་དུ་གནང་བས་ཐུགས་ཤིན་ཏུ་དགྱེས། ཞོགས་དང་པོར་རྒྱུད་གྲྭའི་སྒྲིགས་ལམ་བཞིན་གྲྭ་རྐྱང་གི་ཚུལ་གྱིས་ཞབས་ཐང་དུ་གསོལ་ལྷུང་ཤོ་ཀ་ལི་བཅས་སྐུ་རྒྱབ་ཏུ་བཞེས་ཏེ་བྱོན་པ་ན་སྐབས་ཤིག་ཞབས་སྙུན་ཞིང་ཆུ་བུར་རྡོལ་ཏེ་ཤིན་ཏུ་སྐྲངས་པ་སོགས་འོ་བརྒྱལ་བཞིན་ཕེབས། མཁན་རིན་པོ་ཆེའི་དྲུང་ནས་རྗེ་ཐམས་ཅད་མཁྱེན་པའི་དགོངས་བཅུད་འགྲེལ་པ་བཞི་སྦྲགས་དང་ཊིའཀྐ་སོགས་དཔེ་མནན་དང་བཅས་པ་ཁུངས་འཕྲོད་ངེས་སུ་ལེགས་པར་གསན། ཞབས་ལ་ཆུ་བུར་དང་སྐྲངས་པ་ཡོད་པའི་ཁར་ཚེར་མ་ཟུག་པའི་རྐྱེན་གྱིས་བརྣག་པར་དཀའ་ཡང་ཐུགས་རུས་བསྐྱེད་དེ། སླར་ལྷ་ལྡན་དུ་ཕེབས་པ་ན་ཤིན་ཏུ་སྙུན་པའི་ཚུལ་གྱིས་འབྲོམ་སྟོད་ནས་ཕེབས་དཀའ་དཀའ་ལྟར་ལས་སླང་རར་བཞུགས་ཞག་གནང༌། ཕྱི་ཉིན་ཕེབས་མ་ཐུབ་པར་ཞབས་གྲས་དག་གིས་རྒྱབ་ཏུ་གདན་དྲངས་ཏེ་ས་ཁུག་རེ་ཙམ་དང༌། དེ་ནས་ཞབས་གྲས་གཉིས་རེས་ལག་པར་བཟུང་སྟེ་དལ་བུར་འོངས་པས་རིམ་གྱིས་ལྷ་སར་ཕེབས་ནུས་ཙམ་བྱུང༌། འདི་སྐབས་ཕྱག་ཐལ་མོ་སྦྱར་ཏེ་ཐུགས་སྨོན་ཡང་ཡང་མཛད་ཀྱང་དོན་ཅི་ལ་སྨོན་པ་མ་ཤེས། ཚོགས་མཆོད་ལ་ཨེ་ཝཾ་དུ་ཕེབས། རྒྱུད་པར་གསོལ་ཇ་བཞེས་ཐུག་གཉིས་དང༌། སྐུ་འགྱེད་རིན་འཁོར་རེས་བསྙེན་བཀུར་ཞུས། སླར་ཞོགས་གཉིས་པའི་ཆོས་ཐོག་ཏུ་བྱོན། འགྲེལ་ཊིའཀ་སོགས་ལ་ཐུགས་བརྩོན་ཆིག་སྒྲིལ་མཛད་དེ་དུས་ཞབས་ཀྱི་མཛུབ་དཀྲིས་ཤིག་བློ་གླིང་མཁན་པོ་བློ་བཟང་དབང་ཕྱུག་ལ་གནང༌། དེས་ཀྱང་བྱིན་རླབས་ཀྱི་རྟེན་དུ་བཟུང་བས་སྐབས་ཤིག་མཛུབ་དཀྲིས་ཀྱི་ནང་ཀུན་འཕེལ་གདུང་གིས་གང་འདུག་ཅེས་མཁན་རིན་པོ་དེ་ཉིད་ཀྱི་ཞལ་ནས་དངོས་སུ་གསུངས། སྟག་རྩེར་རྒྱུད་གྲྭའི་འཆད་ཉན་གྱི་གཞུང་སྤྱི་དང༌། ཁྱད་པར་རྒྱུད་སྡེའི་སྐོར་ལ་གཟིགས་རྟོག་རྒྱ་ཆེར་གནང༌། འཕན་ཡུལ་དཔལ་འབྱོར་གླིང་དུ་རྒྱུད་གྲྭའི་ཚོགས་ཡོངས་ལ་གསོ་སྦྱོང་གི་མདོ་འཆད། འཕན་པོ་འབུམ་འདུས་སུའང་འགྲེལ་ཊིའཀ་སོགས་ལ་གཞན་གྱི་བློར་མི་ཤོང་པའི་གསན་བསམ་མཛད། གཞན་ཡང་བདེ་ཆེན། ཚལ། འབྲས་སྤུངས་ཧར་གདོང༌། སེ་ར་ཧར་གདོང༌། སེ་ར་ཆོས་ལྡིངས་རྣམས་སུ་རིམ་པར་བྱོན་ནས་སྔར་བཞིན་སྦྱངས། ཁྱད་པར་སེ་ར་ཆོས་ལྡིངས་སུ་དམ་བཅའ་མཛད་དེ། སེ་ར་ཐེག་ཆེན་གླིང་གི་སྡེ་སྣོད་འཛིན་པ་གྲངས་ལས་འདས་པས་རྟགས་གསལ་གྱི་བགྲོ་གླེང་བགྱིས་པར་གོ་རིམས་ཟུང་འབྲེལ་གྱི་ལན་ཐོགས་མེད་དུ་གནང་བས་དད་གདུང་སྤྲོ་གསུམ་གྱི་གནས་ལ་བཀོད། དབྱར་གནས་ལ་ཆུ་མིག་ལུང་དུ་བྱོན། ཆིབས་པའི་དགོངས་ཞུ་ཡོད་བཞིན་མ་མཛད་པར་རྒྱུད་གྲྭའི་སྒྲིགས་ཁྲིམས་གཏན་འཇགས་རྗེས་འཇུག་གི་མིག་ལྟོས་སུ་དགོངས་ཏེ་ཞབས་ཐང་གི་འོ་བརྒྱལ་མང་པོ་དང་དུ་བཞེས་ནས་ཕེབས། རྒྱུད་པའི་ཏྲེ་བོ་ཁམས་ཚན་དུ་ཚོམས་ཇ། བཞེས་ཐུག སྐུ་འགྱེད་ཊཾ་རེ། སྤྱི་འབུལ་གནས་བཅུའི་བདུན་ཐང༌། ཐོག་རྒྱན་རྒྱལ་མཚན། རྒྱ་རོང་མི་ཚན་དུ་ཚོམས་ཇ། བཞེས་ཐུག་སྐུ་འགྱེད་ཊཾ་རེ། གསེར་ཁང་དུ་ཚོམས་ཇ། བཞེས་ཐུག ཏྲེ་བོ་མི་ཚན་དུ་ཚོམས་ཇ། སྐུ་འགྱེད་ཏྲཾ་རེ་བཅས་ཕུལ། འདི་དུས་ཏྲེ་བོའི་སྤྱི་ཁང་གི་བར་རའི་ནང་དུ་སྔར་མེད་པའི་མེ་ཏོག་གི་སྡོང་པོ་ཐོག་བརྩེགས་ལ་སླེབ་པ་ཞིག་གསར་དུ་སྐྱེས་པ་དང༌། གཉེར་ཁང་དུ་སྦྲང་ཚང་བསགས་པ་སོགས་ལྟས་བཟང་ངོ་མཚར་ཅན་སྣ་ཚོགས་བྱུང༌། དེར་འགྲེལ་པ། ཊིའཀྐ་ཆེ་ཆུང༌། བསྐྱེད་རིམ་བཅས་ཐུགས་ལ་ལེགས་པར་ཟིན། དབྱངས་ར་སོགས་ལའང་རྒྱུན་དུ་བྱོན། ལྷ་ལྡན་འཇིགས་བྱེད་ཆོས་ཐོག་ལ་བསྐྱེད་རིམ་རྩི་བཞག་གསན་བཞེས་དང༌། དམ་བཅར་རྟགས་གསལ་སོགས་གང་ཅིར་བསྟན་པའི་མཛེས་རྒྱན་དུ་འགྱུར་ངེས་མཛད། གྲུ་འཛིན་གཉིས་པའི་ཕོ་བྲང་ཆེན་པོ་པོ་ཏ་ལར་དྲུག་ཅུའི་ལྕགས་མཁར་སོགས་རྒྱུད་གྲྭའི་སྒྲིགས་མཚུངས་སྐུ་ཉམས་སུ་བསྟར། བདེ་ཆེན་སྟོན་ཆོས་ལ་དཔལ་གསང་བ་འདུས་པའི་བདག་འཇུག་ཆེན་མོ་ཡང་ཚུལ་བཞིན་བཞེས། ལྷ་ལྡན་དུ་གསང་འདུས་ཆོས་ཐོག་སྐབས་བདེ་མཆོག་བསྐྱེད་རིམ་ལ་ཐུགས་གཉེར་དང༌། རྒྱུན་གྱི་ཐུགས་དམ་རྣམས་ཀྱང་མངོན་ཆུང་གིས་མ་ཆག་པར་མཛད། དགའ་ལྡན་དུ་དྭགས་པོའི་བསྐྱེད་རིམ་རྩི་བཞག་སྐོར། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། རྫོགས་རིམ་རིམ་ལྔ་གསལ་སྒྲོན་སོགས་ལ་ཕྲ་མཛངས་མཁྱེན་རབ་ཀྱི་རྩལ་སྤྲུགས་ཏེ་བརྟག་དཔྱད་ཕུ་ཐག་ཆོད་པར་གནང༌། བྱང་རྩེ་ཆོས་ར་ཆེན་མོར་དམ་བཅའ་མཚན་འཁྱོངས་སྐབས་ངོ་མཚར་བའི་རྣམ་བར་ཐར་བ་ལས་བརྩམས་ཏེ་མཁས་པ་རྣམས་ཀྱིས་སྙན་པའི་བ་དན་ཆེས་ཆེར་བསྒྲེངས། ཡངས་པ་ཅན་དུ་གཏོར་རྒྱབ་ཀྱི་རྡོར་སློབ་མཛད། ལྷ་ལྡན་བདེ་མཆོག་ཆོས་ཐོག་ཏུ་བསྐྱེད་རིམ་ལ་ཐུགས་གཉེར་ཆིག་སྒྲིལ་དང༌། རྟགས་གསལ་སོགས་རྒྱུད་གྲྭའི་སྒྲིགས་ཁྲིམས་རྣམས་ཚུལ་བཞིན་ཁུར་དུ་བཞེས་པའི་དབྱིངས་ནས་བདག་འཇུག་སོགས་ཀྱང་ཆག་མེད་གནང༌། འབྲས་སྤུངས་བསམ་བློའི་ཆོས་ཐོག་ལ་ཕེབས་ཏེ་གཏོར་རྒྱབ་ཀྱང་མཛད། སྨོན་ལམ་ཆེན་མོར་རབ་གནས་དང༌། སྒྲུབ་མཆོད་མ་ཆད་པ་གནང༌། སླར་ཞོགས་སུ་ཊིའཀྐ་ཆེ་བའི་རྩི་བཞག་གསན་ཏེ་བསླབ་གྲལ་ཆེན་པོ་ཟིན་པ་དང་དགོངས་ཞུ་མཛད། རྗེ་ཐམས་ཅད་མཁྱེན་པའི་སྒྲུབ་གནས་སོགས་ལྷོ་གནས་རྣམས་མཇལ་བར་དགོངས་ཏེ། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས། གསེར་གདུང་ཆེན་པོའི་སྐུ་མདུན་དུ་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང་ཚོན་སྣ་ལྔའི་སྙན་དར་ཕུལ་ཏེ་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། དེ་ལ་བརྟེན་ནས་མཐའ་དབུས་ཀྱི་སྐྱེ་འགྲོ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་བདེ་ལེགས་རྒྱུན་མི་ཆད་དུ་འབྱུང་བའི་ཐུགས་སྨོན་ཤུགས་དྲག་གནང༌། ཚོགས་ཆེན། ཡངས་ཅན། ཤར་བྱང་སོགས་ཀྱི་རྟེན་མཆོག་བཞུགས་སོ་འཚལ་ལ་སྲི་ཞུ་རྒྱ་ཆེར་སྤྲོས། ཏྲེ་བོ་ཁམས་ཚན་དུ་ཚོམས་ཇ་དང༌། སྐུ་འགྱེད་ཕུལ། གླིང་གསེབ་མཆོག་སྤྲུལ་རིན་པོ་ཆེ་གཙོས་དད་ལྡན་ཉིས་བརྒྱ་ལྷག་ལ་བློ་སྦྱོང་ཉི་མིའི་འོད་ཟེར། ལམ་རིམ་དམར་ཁྲིད་ཀྱི་བཤད་ལུང༌། རྒྱན་འཇུག་གཉིས་ཀྱི་བཤད་ལུང་སོགས་དགྱེས་བཞིན་སྩལ། བསམ་ཡས། རྫིང་ཕྱི། རྒྱ་སོག་ཕུ་སོགས་ཞིབ་མཇལ་དང་འབྲེལ་མཆོད་སྤྲིན། སྙན་དང༌། གསེར་ཆབ་ཕུལ་ཏེ་ཐུགས་སྨོན་སྤྱན་དམིགས་ཡུན་རིང་མཛད་པ་སོགས་བརྗོད་ཀྱིས་མི་ལང༌། འཕྱོང་རྒྱས། རྒྱལ་རྩེ་སོགས་བརྒྱུད་དེ་ཆོས་སྡེ་ཆེན་པོ་བཀྲ་ཤིས་དཔལ་གྱི་ལྷུན་པོར་ཕྱག་ཕེབས། པཎ་ཆེན་ཐམས་ཅད་མཁྱེན་པ་མཇལ། བསྙེན་བཀུར་རྒྱ་ཆེར་ཞུས། ཏྲེ་བོ་ཁམས་ཚན་དུ་མང་ཇ་དང༌། སྐུ་འགྱེད་ཕུལ། ས་སྐྱར་བྱོན་ཏེ་གནས་གཟིགས་སྲི་ཞུ་དཔེ་མེད་མཛད། གཙང་གཡས་རུ་བཞད་ཀྱི་དབེན་གནས་དངུལ་ཆུ་ཆོས་རྫོང་དུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་དཔལ་བཟང་པོའི་སྤྱན་སྔར་ཟླ་བ་གཉིས་ཙམ་བཞུགས། འཇིགས་བྱེད་བསྐྱེད་རིམ་དང༌། སྒྲའི་ཟབ་ཁྲིད་སོགས་གསན། དེ་ནས་བཟུང་བླ་མ་མཆོད་པ། རྡོ་རྗེ་རྣལ་འབྱོར་མ་ཡར་ངོ་མར་ངོའི་ཚེས་བཅུ་སོགས་ཆག་མེད་གནང༌། རིམ་གྱི་ལྷ་ལྡན་དུ་བྱོན། སླར་ཆུ་མིག་ལུང་གི་ཆོས་ཐོག་སྐབས་རྒྱུད་གྲྭ་བཅུ་དྲུག་ཙམ་དང་ལྷན་ཅིག་ཁྲིད་ཁང་དུ་ཕེབས། གསང་འདུས་མི་བསྐྱོད་པའི་ཐུགས་དམ་ལྷ་སོ་གཉིས་སོ་སོའི་བསྙེན་སྔགས་ལས་རུང་ལྷག་ཆད་ཟློས་སྐྱོན་དང་བྲལ་བ་མཛད། ཆོག་གྲོགས་རྣམས་ལ་བླ་མའི་རྣམ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང༌། མབྲསྤྱལ་ཚོམ་བུ་སོ་བདུན་མའི་ཁྲིད་བཅས་ལེགས་པར་སྩལ། སྐུ་འགྱེད་ཏྲཾ་རེ་དང་གསོལ་ཚིགས་ཀྱང་ཕུལ། ཁྲིད་དཔོན་གྱིས་ཞུས་ངོར་དེ་གའི་དཀར་ཆག་ལྗགས་རྩོམ་གནང༌། ཏྲེ་བོ་ཁམས་ཚན་དུ་ཡོལ་བ་སྤུས་ལྡན་ཞིག་ཕུལ་བར་མཛད། འདི་དག་གི་སྐབས་སྔ་ཕྱི་ཀུན་ཏུ་དབང་ལུང་ཁྲིད་མན་ངག་སོགས་ཟག་མེད་ཐུགས་ཀྱི་ཡོལ་གོར་རྒྱ་ཆེར་བསྐྱེལ་བ་རྣམས་ནི་ཞིབ་པར་གསན་ཡིག་ཏུ་གསལ་བས་འདིར་ཆེ་ལོང་ཙམ་ལས་མ་བྲིས་སོ།། སྨྲས་པ། འཕགས་ཡུལ་ནཱ་ལ༅ྷ་དང་རྣམ་གནོན་ཚུལ། ། སཱ་ལའི་སྨན་ལྗོངས་ངོགས་སུ་འཕོས་འདྲ་བ། ། འབྲས་དཀར་སྤུངས་པ་ཞེས་བྱའི་མཚན་གྱི་དབྱངས། ། སྲིད་དང་ཞི་བའི་ཁོངས་ལས་བརྒལ་བ་དེར། ། ལྔ་རིག་ཚི༅༼་མ་ཎིས་ཕྱག་མཛེས་པའི། ། པཎ་ཆེན་བྱེ་བ་འབུམ་སྡེའི་འཕྲོ་འདུ་ནི། ། ཆར་ལྡན་མཁའ་གླང་གཞོན་ནུའི་ཟློས་གར་དང༌། ། ཟླ་བའི་མ་མ་འཛུམ་པའི་དཔལ་ལ་ལྟ། ། དེ་ལས་བདག་གི་རིགས་བདག་རྡོ་རྗེ་སེམས། ། བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་ཆེ། ། འོད་སྙེམས་འཛིན་པའི་ཏོག་ཏུ་ཉི་མ་དང༌། ། གསེར་རིའི་དབུས་ན་ལྷུན་པོ་ལྟ་བུར་འབར། ། གང་གི་མཁྱེན་དཔྱོད་སྤོས་ཀྱི་གླང་པོའི་བུ། ། མཐའ་བྲལ་དབུ་མའི་འབྲོག་དགོན་ཉུལ་བ་ན། ། འཇིགས་མེད་བརྗེད་བག་མཐོང་བའི་རི་སྐྱེས་ཚོགས། ། ངོ་ཚའི་ཚང་ཚིང་སྟུག་པོར་ཡིབས་པར་རྩོམ། ། ཙ་དུར་སི་ནའི་ཟབ་དོན་མགྲིན་བཅུའི་གཟུགས། ། དགག་སྒྲུབ་གནང་བའི་སྤུ་རིས་ཕྲ་ཞིབ་ཏུ། ། འབྱེད་མཁས་ཧ་ནུ་མ༅སྣྲ་འདི་འམ་ཞེས། ། ཡོན་ཤཱཀ་སོམ་ཉིའི་སྤྱན་ཞགས་ཁྱེད་ལ་འཕེན། ། འདི་ནི་ཁོ་བོར་འཁྲུལ་ན་འཇིག་རྟེན་དུ། ། བྲམ་ཟེའི་རིགས་ཀྱི་ཆེ་བ་འཆོར་དོགས་ཏེ། ། དུས་ཀྱི་ཁྱད་པར་གསལ་བར་མཚོན་པའི་སླད། ། དབྱིག་གི་གཉེན་པོ་སྔ་ནས་གཤེགས་སམ་སྙམ། ། རབ་འབྱམས་སྨྲ་བའི་དམ་བཅའ་རྡོ་རྗེའི་རི། ། ཐུབ་བསྟན་འཛིམ་མའི་རྒྱན་དུ་འཕགས་པ་གང༌། ། མཁས་མང་ལུང་རིགས་ཐོག་སེར་འབུམ་ཕྲག་གིས། ། མ་འོངས་གྲགས་སྙན་ཚངས་པའི་འཇིག་རྟེན་བསྙེགས། ། གསང་བ་སྔགས་ཀྱི་ཆོས་ཚུལ་ལྷ་ཡི་ཆབ། ། རིག་འཛིན་གྲུབ་དབང་བྱེ་བའི་ལམ་བརྒྱུད་དེ། ། ཡབ་རྗེ་མགྲིན་སྔོན་རལ་པའི་ཀློང་འཁྱིལ་བ། ། རྫོགས་པར་འཐུངས་པའི་དྲང་སྲོང་ཁྱོད་མིན་སུ། ། མཛད་པའི་ཆ་ཤས་རེས་ཀྱང་བསྟན་དང་འགྲོར། ། སྨན་པའི་དཔལ་ཡོན་དཔག་པར་དཀའ་བའི་ཚུལ། ། རིས་མེད་མཁས་པ་མགུ་བའི་ཚིག་ལམ་ནས། ། བསྟོད་བསྔགས་རྒྱ་མཚོའི་དབྱངས་དང་ལྷན་གཅིག་ཏུ། །

  ཞེས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་ལས། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ་བསྟན་པའི་སརྒ་སྟེ་གཉིས་པའོ། །


ལེའུ་གསུམ་པ། མདོ་ཁམས་སུ་བསྟན་འགྲོའི་དོན་ མཛད་ཚུལ་སོགས་ཀྱི་སརྒ།

༡ དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང་སར་བྱང་ཆུམ་ལམ་གྱི་རིམ་པ་སོགས་མདོ་སྔགས་ཀྱི་དབང་ལུང་མན་ངག་རྒྱ་ཆེར་གནང་པའི་ཚུལ།

རེག་གཅོད་རལ་གྲིའི་མཚོན་རྣོན་འབར་བ་ཡིས། ། རྨོངས་པའི་དུག་ཤིང་དུམ་པུར་གསིལ་བའི་ལྷ། ། སྨྲ་བའི་སེངྒེ་མགྲིན་པའི་མཚོར་བཞུགས་ནས། ། མི་ཟད་ངག་གི་སྤོབས་པ་དགེ་བར་མཛོད། །

 གསུམ་པ་ལ་གཉིས། མདོ་སྨད་ཕྱོགས་སུ་བསྟན་འགྲོའི་དོན་མཛད་ཚུལ་དང༌། བོད་ཡུལ་དབུས་སུ་མཛད་ཚུལ་འཕྲོས་དང་བཅས་པའོ། །

དང་པོ་ནི། ཤིང་ཕག་༡༨༧༥ལོར་འབྲས་སྤུངས་སུ་ཏྲེ་བོ་ཁམས་ཚན་སྤྱི་ནས་གསོལ་བ་བཏབ་པ་བཞིན་སློབ་མའི་གཙོ་བོ་གཙང་པ་མཁན་ཆེན། ལོ་སེམས་དཔའ་རིན་པོ་ཆེ། འཕར་རའི་འཇའ་བླ་སྤྲུལ་སྐུ། ཉག་རེ་ལེགས་པའི་ཤེས་རབ་སྤྲུལ་སྐུ། ཏྲེ་བོ་རྒྱལ་བ་མཁན་པོ་བློ་བཟང་དབང་ཕྱུག བཀའ་རམས་དགེ་བཤེས་སོགས་དགེ་འདུན་ལྔ་བརྒྱ་ལྷག་ལ་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོའི་ཟབ་ཁྲིད་རྒྱས་པ་ལུང་རིགས་མན་ངག་མཐའ་ཡས་པས་ཟུར་བརྒྱན་ཏེ་སྩལ་བ་ན་ཆོས་གྲལ་དུ་བཞུགས་པ་རྣམས་ཡིད་རང་དབང་མེད་པར་འཕྲོག་སྟེ། ད་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་དུས་མཐའ་འདིར་ཡང་མགོན་དང་བཅས་པར་གྱུར་ཏོ་ཞེས་བསྔགས་པའི་མེ་ཏོག་འཐོར་ཞིང་ཕལ་ཆེར་གྱིས་ཐེག་པ་མཆོག་གི་ལམ་ལ་ངེས་པ་བརྟན་པོ་རྙེད། རྒྱ་རོང་ཁམས་ཚན་དུ་དགེ་བཤེས་སྟོང་ཕྲག་ཙམ་ལ་རྟེན་འབྲེལ་བསྟོད་པའི་བཤད་ལུང་ལྕང་སྐྱ་རོལ་པའི་རྡོ་རྗེའི་ཊིའཀ་ཆེན་གྱི་སྟེང་ནས་ལེགས་པར་སྩལ་ཏེ་མཁས་པ་མགུ་བ་སྐྱེད་པའི་ལེགས་བཤད་ཀྱི་གཏེར་ཆེན་པོ་བརྡོལ། འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་འཕར་ར་འཇའ་བླ་མཆོག་སྤྲུལ་ནས་གསོལ་བ་བཏབ་པ་བཞིན་དད་ལྡན་བཞི་བརྒྱ་ལྷག་ཙམ་ལ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ་གྱི་ལུང་དང༌། དགེ་འདུན་ཉིས་སྟོང་ཙམ་ལ་པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་གྱི་ལུང་གནང༌། ལྷ་ལྡན་བསམ་འགྲུབ་ཕོ་བྲང་དུ་གླིང་མཆོག་སྤྲུལ་རིན་པོ་ཆེ་དང༌། སེམས་དཔའ་རིན་པོ་ཆེ་སོགས་དགེ་འདུན་སུམ་བརྒྱ་ཙམ་ལ་གཏོར་མ་བརྒྱ་རྩ་དང༌། སྦྱོར་ཆོས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་གྱི་ཟབ་ཁྲིད། བཤད་སྒྲའི་གཟིམས་ཤག་ཏུ་ཆུ་བཟང་སྤྲུལ་སྐུ། སེམས་དཔའ་སྤྲུལ་སྐུ། གླིང་མཆོག་སྤྲུལ་སོགས་དད་པའི་སློབ་མ་ལྔ་བཅུ་ཙམ་ལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བསྐྱེད་རིམ་གྱི་ཟབ་ཁྲིད། ལྷ་ལྡན་བྱ་རའི་ཁང་དུ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཅས་སྩལ། སླར་ཡང་མདོ་སྨད་ཕྱོགས་ཀྱི་སྐྱེ་འགྲོ་ཀུན་ལ་དམ་ཆོས་བདུད་རྩིའི་བགོ་སྐལ་ལྷུག་པར་སྩོལ་བའི་ཐུགས་རྗེའི་ཤུགས་ཀྱིས་ཉེ་བར་བསྐུལ་ཏེ། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོར་སྨད་རྒྱུད་མཁན་སློབ་འདུས་སྡེ་དང་བཅས་པའི་ཚོགས་དབུར་ཁྲི་ཆེན་རྡོ་རྗེ་འཆང་གྲགས་པ་དོན་གྲུབ་གདན་དྲངས་ཏེ་གསང་འདུས་བདག་མདུན་དབང་ཆོག་དང་བཅས་པ་གནད་སྨིན་ཞུས། ཇོ་ཤཱཀ་སོགས་རྟེན་གསུམ་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་སྟོང་ཚར། ཚོགས་ཡོངས་ལ་མང་ཇ་ཉིན་འཁྱོངས། བཞེས་ཐུག་སྐུ་འགྱེད་ཊཾ་རེ་བཅས་བསྙེན་བཀུར་གྱ་ནོམ་པ་མཛད།

༢ ཁམས་སུ་ཕེབས་ཏེ་རྫ་སེར་ཤུལ་དང་ཧོར་སེར་ད་ར་ཁག་ལྔའིཡུལ་དགོན་སྡེ་གསུམ་ལ་མདོ་སྔགས་སྤྱི་དང༌། ལྷག་དོན་བྱང་ཆུབ་ལམ་རིམ་ཆེན་མོ་དང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྔ་ཕྱི་དུ་མ་སྩལ་བའི་ཚུལ།

ཧོར་ཟླ་ལྔ་པའི་ཚེས་ལ་ལྷ་ལྡན་ནས་ཆིབས་བསྐྱོད། སྟག་ལུང་རྭ་སྒྲེང་སོགས་བྱང་ལམ་བརྒྱུད་དེ་རྒ་ཁོག་བར་ཕེབས། དེ་ནས་སྒར་པ་བྱིངས་ལས་སྔོན་དུ་བྱོན་ཏེ་སེར་ཤུལ་དུ་རྫ་རྒྱལ་དཔལ་དགེ་སྤྲུལ་སྐུ་རིན་པོ་ཆེའི་སྤྱན་སྔར་ཕེབས། བྱ་བྲལ་དམ་པ་དེ་ཉིད་ནས་ཀྱང་བཀུར་བཟོས་བླ་ན་མེད་པ་མཛད། རྗེ་འདིས་གསོལ་བ་བཏབ་པ་བཞིན་རྒྱལ་སྲས་ཞི་བ་ལྷའི་མན་ངག་དམ་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཟབ་ཁྲིད་རྫོགས་པར་སྩལ་བ་གསན། དངོས་འབུལ་གྱིས་མཉེས་པར་མཛད་དེ་སླར་བྱོན་རིང་མིན་ཆིབས་བསུ་དང་བཅས། ཟླ་བ་དགུ་པའི་ཚེས་ཉེར་གསུམ་ལ་ཡབ་གཞིས་ཁང་གསར་རྒྱལ་ཁབ་ཀྱི་འདུ་ཆེན་འདོད་རྒུ་དབང་འདུས་སུ་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་ཞབས་ཟུང་རྣམ་པར་འཁོད་དེ་ལྗོངས་འདིའི་སྐྱེ་འགྲོ་རྣམས་ལ་ཞལ་བཟང་རི་དྭགས་འཛིན་གྱི་དཀྱིལ་འཁོར་མངོན་དུ་གྱུར་པའི་དགའ་སྟོན་གྱི་བགོ་སྐལ་སྩལ། ལྗོན་ཤིང་དང་སྨན་གྱི་ལྡུམ་བུ་དུ་མས་རྣམ་པར་མཛེས་པའི་སྐྱེད་ཚལ་ཞིང་ཐང་དུ་ཡུལ་འདིའི་དད་འདུས་རྣམས་ལ་དགའ་ལྡན་ལྷ་བརྒྱ་མ། ཡོན་ཏན་གཞི་གྱུར་མ། འཕོ་བ། མ་ཎིའི་ལུང་བཅས་ཐུགས་བརྩེ་བ་ཆེན་པོས་སྩལ་བར་མཛད། དེ་འཕྲལ་གཟིམས་ཁང་དགའ་ལྡན་བཤད་སྒྲུབ་ཕོ་བྲང་དུ་ཕེབས། ཞག་འགའ་ཞིག་ནས་ཆོས་སྡེ་ཆེན་པོ་དཀར་མཛེས་དགོན་གྱི་མདོ་སྔགས་རྣམ་རྒྱལ་གྲྭ་ཚང༌། མ་ཟུར་རྒྱལ་ཁབ། གཞན་ཡང་བླ་ཁག དགོན་སྡེ་ཆེ་ཕྲ་བཅས་ནས་གསོལ་བ་བཏབ་པ་བཞིན་ཞབས་ཀྱི་པདྨོ་བསྐྱོད་དེ་འདོད་ཆོས་ཅི་རིགས་པས་ཡིད་ཚིམ་པར་མཛད། སླར་གཟིམས་ཆུང་དུ་ལཱུ་ཨི་པའི་བསྙེན་སྒྲུབ་མཛད་ནས་སྐུ་མཚམས་དམ་པར་བཞུགས། བསྙེན་གྲངས་ཟིན་སྐབས་སྔར་སྟོད་ལུང་ཁྲིད་ཁང་དུ་གསང་བ་འདུས་པའི་ལྗགས་བསྙེན་མཛད་པའི་ཁ་སྐོང་སྦྱིན་སྲེག་བཅས་གནང༌། བྲག་མགོ་དགོན་དུ་སྐལ་ལྡན་རྣམས་ལ་ལེགས་བཤད་རྨད་དུ་བྱུང་བའི་སྒོ་བརྒྱ་ཕྱེས་ཏེ་བཅོས་མིན་དད་པའི་ས་ལ་བཀོད། རྟའུ་ཉ་མཚོ་དགོན་དུ་དབང་ལུང་མན་ངག་སོགས་ཞིབ་ཅིང་རྒྱས་པའི་སྒོ་ནས་ཞག་གྲངས་མང་བར་སྩལ་ཏེ་གསང་ཆེན་རྒྱུད་སྡེ་བཞིའི་ལམ་གྱི་རིམ་པ་ལ་ནང་བྱང་ཆུབ་པའི་བཀའ་དྲིན་གཞལ་དུ་མེད་པར་མཛད། སོག་མགོན་རི་ཁྲོད་དུ་མཁར་གསར་བླ་མ་རིན་པོ་ཆེའི་དྲུང་དུ་བྱོན། ཕན་ཚུན་དགྱེས་པ་ཆེན་པོའི་གསུང་གླེང་དང༌། རྒྱལ་བའི་གསུང་རབ་ཀྱི་འབེལ་བཏམ་མཐའ་ཡས་པ་གནང༌། རྗེ་ཉིད་ཀྱིས་གསོལ་བ་བཏབ་སྟེ་མེ་གླང་༡༨༧༧ཟླ་བ་གསུམ་པའི་ཡར་ཚེས་ལ་མཁར་གསར་རྡོ་རྗེ་འཆང་བློ་བཟང་ཐུབ་སྟོབས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་སྦྱོར་དངོས་མཇུག་གསུམ་དམ་པའི་མན་ངག་གིས་བརྒྱན་ཏེ་དགྱེས་བཞིན་སྩལ་བ་གསན། ལྕོག་རི་དགོན་དུ་ཕེབས་ཏེ་མཆོག་དམན་ཀུན་ལ་དམ་པའི་ཆོས་ཀྱི་འབྲེལ་བ་རྒྱ་ཆེར་སྩལ། གཟིག་རྒྱབ་དབེན་གནས་སུ་ལམ་རིམ་དངོས་གྲུབ་ཀུན་འབྱུང་གི་ཟབ་ཁྲིད་གསུང་བཤད་འབྱམས་ཀླས་པའི་སྒོ་ནས་སྩལ་ཏེ་སེམས་བསྐྱེད་མཆོད་པ་དང་བཅས་པ་མཛད། ནགས་ཚང་རི་ཁྲོད་དུ་ཉིན་བཅོ་ལྔའི་རིང་ལམ་རིམ་ཆེན་མོའི་ཞལ་ལུང་དང༌། སྟ་གོན་སེམས་བསྐྱེད་ཀྱི་རིམ་པའང་དམ་པའི་ཕྱག་ལེན་རྨད་དུ་བྱུང་བ་བཞིན་གནང༌། སྟོར་སྐོར་དགོན་གྱི་གཉེར་པ་དགེ་སློང་གནས་བརྟན་སོགས་ཀྱིས་གསོལ་བ་བཏབ་བ་ལྟར་མེ་གླང་༡༨༧༧ཧོར་ཟླ་ལྔ་བའི་གྲལ་ཚེས་ལ་ཆིབས་བསྐྱོད་དེ་ཆིབས་བསུ་སེར་སྦྲེང་བཅས་བླ་བྲང་དུ་ཞབས་པད་འཁོད། དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་པའི་དབང་དང༌། སྒྲུབ་མཆོད་གསར་འཛུགས་ཀྱི་སྔོན་འགྲོ་ས་ཆོག་དང༌། ཐིག་གི་སྐོར། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་སོགས་སླ་ཆོས་སུ་མ་སོང་བར་ཕྱག་ལེན་རྣམ་པར་དག་པ་གནང༌། གསོ་སྦྱོང་གི་མགོན་དུ་ཕེབས་ནས་མདོ་འཆད། སྟོང་སྐོར་ཞབས་དྲུང་སོགས་དད་འདུས་དུ་མ་ལ་གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང་བཞི་ཡོངས་རྫོགས་སྟ་གོན་དང་བཅས་གསུང་བཤད་འབྱམས་ཀླས་པས་སྤྲས་ཏེ་དགྱེས་པ་ཆེནཔོས་སྐུ་བཞིའི་ས་བོན་ཐེབས་ངེས་སུ་སྩལ། སྒྲུབ་མཆོད་ལོ་ལྟར་ཆག་མེད་ཀྱི་བཀའ་བཀོད་དང༌། རྟ་གདངས། དྲིལ་གསིལ། ཕྱག་རྒྱ། སྦྱིན་སྲེག་དང་བཅས་པ་གསང་སྔགས་སྨད་རྒྱུད་ཀྱི་ཕྱག་ལེན་འཕྱུག་མེད་ལས་གཞན་སུས་ཀྱང་བསྲེ་བསླད་བྱེད་མི་ཆོག་པའི་བཀའ་རྒྱས་བཏབ། བླ་བྲང་དུ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དབང་ཆེན་དང༌། གྲ་ཤག་འགའ་ཞིག་ཏུ་སོ་སོའི་མོས་པ་བཞིན་འདོད་ཆོས་ཅི་རིགས་པ་སྩལ། བྲག་རི་དང་ལྗོན་ཤིང་སོགས་ལ་རང་བྱོན་གྱི་ངོ་མཚར་མང་པོས་བརྒྱན་པ་སྟོང་སྐོར་གནས་གཟིགས་སུ་འཁོར་ལོ་སྡོམ་པའི་མངོན་རྟོགས་བཟླས་པ་བཅས་གསུང་བཞིན་ཕེབས། དེ་སྐབས་གར་བྱུང་ཆ་མེད་ཀྱི་རྒན་པོ་འབྲོག་པའི་ཆ་བྱད་ཅན་ཞིག་གིས་གུས་པའི་རྣམ་པས་མར་རྡོག་ཅིག་ཕུལ་བ་ཕྱིས་སུ་བསམ་ཚེ་དེ་འདྲ་འོང་དོན་མེད་པས་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དགྱེས་པའི་མཚན་མའམ༌། དཀར་ཕྱོགས་ཀྱི་གཞི་བདག་དགའ་བའི་ལྟས་གང་རུང་དུ་གསལ་ཏེ་རྗེ་ཉིད་ལ་གཟིགས་སྣང་ཅི་བྱུང་ཆ་མ་མཆིས། སླར་སྟོང་སྐོར་དགོན་དུ་ཞབས་དྲུང་རིན་པོ་ཆེ་དང༌། དཔོན་སྐུ་འཁོར་ཉུང་བསྡུས་ལ་མགོན་པོ་ཞལ་བཞི་པའི་རྗེས་གནང་སྩལ། འཇིགས་བྱེད་ལྷ་བཅུ་གསུམ་མའི་ལྗགས་བསྙེན་གྱི་སྐུ་མཚམས་དམ་པར་བཞུགས་ནས་ཁ་སྐོང་སྦྱིན་སྲེག་དང་བཅས་པ་རྒྱས་པར་མཛད་གཟིག་རྒྱབ་དུ་དབྱར་ཞལ་གྱིས་བཞེས་པའི་དབྱིངས་ནས་གཟིག་རྒྱབ་སྤྲུལ་སྐུ་དང༌། ནགས་ཚང་སྤྲུལ་སྐུ་སོགས་སེར་སྐྱ་མཆོག་དམན་དུ་མ་ལ་རྗེ་ཡབ་སྲས་ཀྱི་གསུང་འབུམ་བཀའ་རྒྱ་མ་དང་བཅས་པའི་ལྗགས་ལུང༌། དཀའ་སྤྱད་ཆེན་པོས་ཤིན་ཏུ་བཀའ་དོག་པའི་སྒོ་ནས་སྩལ་ཏེ་ཐམས་ཅད་དད་པའི་ས་ལ་བཀོད་ཅིང་བསོད་ནམས་རྒྱ་ཆེར་སྤེལ་བར་མཛད། མ་ཧཱ་གླིང་དུ་བྲག་དཀར་སྤྲུལ་སྐུས་ཞུས་ངོར་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན་གནང༌། ཡོངས་འཛིན་དམ་པ་བཟང་པོ་དཔལ་གྲགས་སོགས་ཀྱི་སྒྲུབ་གནས། བསམ་གཏན་གྱི་ཚེར་མ་དང་བྲལ་ཞིང་དབེན་པའི་ཡོན་ཏན་མཐའ་དག་མ་ཚང་བ་མེད་པས་ཁོར་ཡུག་ཀུན་ནས་ཡོངས་སུ་དཀྲིགས་པ་ཙ་བྲག་དབེན་གནས་སུ་རྗེ་རང་གིས་བསམ་གཏན་གྱི་ཁང་བུ་གསར་དུ་སྤེལ་བ་དེར་མེ་གླང་༡༨༧༧ཧོར་ཟླ་བརྒྱད་པའི་གྲལ་ཚེས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་མཛད། དགེ་ལྡན་སྙན་བརྒྱུད་ཀྱི་མན་ངག་མཆོག་ཐུན་དངོས་གྲུབ་བྱེ་བའི་གཏེར་མཛོད་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་གཞི་བསྙེན་ཆེན་མོའི་སྔོན་འགྲོ་ཁྲིད་ཆེན་བཞི་ཞེས་གྲགས་པ་རྣམས་སྐུ་ཉམས་སུ་བཞེས་ཤིང༌། ཕྱག་འབུམ་སྐབས་ཕྱག་གི་མཐིལ་དང༌། སོར་རྩེ་བརྡོལ་ཏེ་སྐུ་མཚལ་བབ་པ་དང༌། བཞེངས་དུས་གཞན་གྱིས་བསླང་དགོས་པ་སོགས་བཟོད་པར་དཀའ་བའི་སྤྱོད་པ་དང་དུ་བླངས། དངོས་གཞིར་ཐུན་བཞིའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལས་གཡོ་བ་མེད་བཞིན་ཞི་བཟླས་ལྗགས་བསྙེན་འབུམ་ཕྲག་བདུན་ལ་ཉེ་བ་ན། སྔ་ཐུན་ཞིག་ལ་རྗེ་བཙུན་འཇམ་དབྱངས་སྐུ་བལྟ་བས་ཆོག་མི་ཤེས་པ་ཉི་གདན་ལ་བཞུགས་པ་ཞིག་རྗེ་ཉིད་ཀྱི་མགྲིན་པའི་གནས་སུ་ཐིམ་པའི་མོད་ལ་སྔར་དང་མི་འདྲ་བའི་བདེ་ཉམས་ཁྱད་པར་ཅན་ཞིག་བྱུང་ཞེས་རྗེ་ཉིད་ནས་མཁར་གསར་རྡོ་རྗེ་འཆང་ལ་རྟོགས་པ་ཕུལ་བའི་ཕྱག་བྲིས་སུ་འཁོད་པ་མཁར་གསར་རིན་པོ་ཆེས་དགེ་རྒན་ཚེ་དབང་ལ་དངོས་སུ་གསུངས། ཞི་བཟླས་བྱེ་བ་ལྷག་ཐོན་པ་ན་ལས་རུང་གི་སྦྱིན་སྲེག་དང༌། ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་མཛད། ཐུན་མཇུག་རྣམས་སུ་དྲུག་ཅུ་མའི་གཏོར་བསྔོ་བརྒྱ་རྩ་བརྒྱད་ལྷག་དང༌། རས་བྲིས་ལ་བརྟེན་པའི་བདག་འཇུག་བརྒྱ་དང་བརྒྱད་ལྷག་སོང་སྟེ་ལས་སྔགས་ས་ཡ་ལྷག་ཙམ་གྱི་ལྗགས་བཟླས་གྲུབ་སྐབས་སྔར་ལས་ཀྱང་བཅད་རྒྱ་དམ་པར་མཛད་ནས་རྩ་སྔགས་འབུམ་ཕྲག་བཅུ་ལྷག་དང༌། སྙིང་པོ་འབུམ་ཕྲག་བདུན་ལྷག ཡེ་ཤེས་འབེབས་སྔགས་སོགས་ལེགས་པར་གསུངས་ནས་ཁ་སྐོང་སྦྱིན་སྲེག་ཀྱང་གཟབ་རྒྱས་ཕུལ། འཇིག་རྟེན་པའི་མེ་ལྷའི་བསྙེན་པ་ཁ་སྐོང་མཚན་ཐོག་ཏུ་བཅུ་ཆའི་སྦྱིན་སྲེག་དང༌། བསྙེན་སྒྲུབ་སྦྲགས་མའི་བསྙེན་པ་དེའི་བཅུ་ཆའི་སྦྱིན་སྲེག་བཅས་རྒྱུད་དང་དམ་པའི་མན་ངག་གིས་གཞུང་བསྲང་སྟེ་ཚུལ་བཞིན་མཛད། མཇུག་ཏུ་ཆོས་རྒྱལ་གྱི་བསྙེན་པ། བདེ་གསང༌། དུས་འཁོར་སོགས་ཀྱི་ལྗགས་བསྙེན་དང༌། དུས་འཁོར་གྱི་ཁ་སྐོངས་སྦྱིན་སྲེག་ཀྱང་མཛད། ཐུན་མཚམས་རྣམས་སུ་དུས་འཁོར་གྱི་ཆོ་ག་ཐུགས་འཛིན་དང༌། ལམ་རིམ་ཆུང་བ་ཤོག་བུ་བདུན་རེ་ཐུགས་ཐོག་ནས་ཆད་མེད་སྐྱོར། བརྒྱད་སྟོང་ཤོག་བུ་ཉེར་གཉིས་རེ། སྤྱོད་འཇུག་ཚིག་རྐང་ཉིས་བརྒྱར་གཏོར་མ་བརྒྱ་རྩ་སོགས་རྒྱུན་གྱི་ཞལ་འདོན་རྣམས་ཀྱང་ཉིན་གཅིག་ལ་དཔེ་མཛད་པ་ལྟ་བུ་བཅས་སྐྱེ་བོ་ཕལ་གྱི་བློ་ཡུལ་དུ་ཆུད་པར་དཀའ་བའི་རྣམ་པར་ཐར་པ་མཐའ་ཡས་སོ།། སྨྲས་པ། གནམ་འགྲོའི་འོད་ཐིགས་གང་དུ་ལྷུང་བ་དེར། ། མུན་པ་འབྲོས་ཤིང་མེ་ཏོག་འཛུམ་གྲོལ་བ། ། དེ་བཞིན་དམ་པའི་སྐྱེས་མཆོག་ནོར་བུའི་མཛོད། ། གཤེགས་བཞུགས་གཟིམས་དང་བལྟམས་པའི་ཕྱོགས་དེར་དགེ། ཡིད་འོང་བྱ་དང་རི་དྭགས་བག་ཕེབས་ཤིང༌། ། མི་དང་མི་མིན་གདུག་པའི་འཚེ་བ་བྲལ། ། འཁྲི་ཤིང་གཞོན་ནུ་གང་སྟབས་ལྷུར་ལེན་པའི། ། གནས་དེ་ཞི་བའི་ལམ་དུ་རྒྱལ་རྣམས་བཞེད། ། དེ་འདྲ་དེ་ན་ཆེ་མཆོག་༅ྷེ་ར་ཝ། ། བདེ་གསང་དུས་འཁོར་བ༽་ཡོ་གི་ནིའའི། ། ལྷ་སྔགས་ཏིང་འཛིན་རོལ་པར་འབྱམས་ཀླས་པའི། ། སྐྱེས་བུ་དེ་ལ་དད་པའི་སྙིམ་བ་འགོད། ། ཁོ་བོ་གང་ནས་སོང་བའི་ལམ་འདི་ལ། ། ཁྱེད་ཅག་གུས་པས་ཞུགས་ན་མི་བསླུ་ཞེས། ། གསལ་བར་འདོམས་མཁས་སྲིད་པ་གསུམ་གྱི་མིག ། ཡབ་རྗེ་དྲང་སྲོང་མཆོག་དེ་འདིར་ཡང་དྲན། །

 ཞེས་པའང་བར་སྐབས་ཀྱི་ངལ་བསོ་བའི་ཚིགས་སུ་བཅད་པའོ། །

དེ་ལྟར་ལོ་གཉིས་ཀྱི་བར་སྐུ་གསུང་ཐུགས་ཀྱི་བཅད་རྒྱ་དམ་པར་ཐུན་བཞིའི་རྣལ་འབྱོར་ལས་ནམ་ཡང་མི་གཡོ་ཞིང་ནམ་ཕྱེད་དུ་ཡུད་ཙམ་མནལ་བ་མ་གཏོགས་ཉིན་མཚན་ཁོར་མོ་ཡུག་ཏུ་དཀའ་སྤྱད་དྲག་པོའི་གསོལ་ཆས་ཙམ་ཡང་དལ་བར་མཛད་པའི་ལོང་མེད་པར་ཐུན་དང་ཐུན་མཚམས་ཀྱི་རྣམ་འབྱོར་རྣམ་པར་དག་པས་དུས་འདའ་བར་མཛད། སྐུ་མཚམས་གྲོལ་རྗེས་ཁང་གསར་ཕོ་བྲང་དང་སྡེ་སོ་སོར་ས་བཅུད་བུམ་གཏེར་སྒྲུབ་སྦ་གནད་སྨིན་དང་འབྲེལ་བསྟན་པ་རིནཔོ་ཆེ་ལ་སྲི་ཞུ་གུས་འདུད་ལྷུར་ལེན་པའི་སྦྱིན་བདག་སོགས་འགྲོ་རྣམས་སྡེ་བཞིའི་མངའ་ཐང་ཡར་ཟླ་ལྟར་རྒྱས་པའི་བདེན་བདར་ཐུགས་སྨོན་རྒྱ་ཆེར་གནང༌། ལི་ཐང་ཨོ་ཐོག་དཔོན་བསྐལ་བཟང་ཚེ་རིང་དང༌། གྲྭ་ཚང་གིས་ལི་ཐང་ཕྱོགས་སུ་བསྟན་འགྲོའི་དོན་ལ་ཆིབས་བསྐྱོད་དགོས་པའི་གསོལ་བ་ཡང་ཡང་བཏབ། གཟིམས་ཆུང་དུ་ལི་ཐང་བའི་དགེ་འདུན་བཞི་སོགས་ལ་དཔལ་རྡོ་རྗེ་ཇིགས་བྱེད་དཔའ་བོ་གཅིག་པའི་དབང་དང་བསྐྱེད་རྫོགས། གསེར་ཁང་བསྙེན་ཡིག་གི་ཁྲིད་དང༌། བླ་མ་མཆོད་པའི་ཁྲིད། ལམ་རིམ་དངོས་གྲུབ་ཀུན་འབྱུང་དང༌། བདེ་ལམ་གྱི་བཤད་ལུང་སྩལ། བེ་རི་འགྲོ་ཕན་གླིང་དུ་ཞབས་པད་བསྐྱོད་དེ་ཉིན་བཅུ་གསུམ་གྱི་རིང་རྒྱལ་བ་བསོད་ནམས་རྒྱ་མཚོའི་ལམ་རིམ་གསེར་ཞུན་མའི་བཀའ་ཆོས་གནང༌། གཟིག་རྒྱབ་ཏུ་ཞག་ཉེར་གཅིག་གི་བར་ལམ་རིམ་ཆུང་བའི་བཤད་ལུང༌། ནགས་ཚང་རི་ཁྲོད་དུ་ཞག་གོང་མཚུངས་སུ་ལམ་རིམ་མྱུར་ལམ་གྱི་བཤད་ལུང༌། བརྒྱད་སྟོང་བའི་ལུང༌། ལྕང་སྐྱ་རོལ་པའི་རྡོ་རྗེ་དང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གཉིས་ཀྱི་གསུམ་འབུམ་གྱི་ལུང༌། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོགས་སྩལ། བྲག་མགོ་དགོན་དུ་སྨོན་ལམ་ཆེན་མོར་སྐྱེས་རབས་སོགས་ཀྱི་གསུང་བཤད་རྒྱ་ཆེར་གནང་ནས་མཐོང་ཐོས་དྲན་པའི་སྐྱེ་བོ་བརྒྱ་ཕྲག་བརྒལ་བ་ལ་ཐར་པའི་ས་བོན་བསྐྲུན། ཏྲེ་བོ་རྒྱལ་ཁབ་དང༌། ལྕོག་རི་དགོན་སོགས་སུ་སྐལ་ལྡན་མཐའ་དག་ལ་དམ་པའི་ཆོས་ཀྱི་བགོ་སྐལ་སྩལ་ཏེ་གདན་སར་བྱོན། དད་ལྡན་ཨོ་རྒྱན་ཚེ་བརྟན་གྱིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གསོལ་བ་བཏབ་པ་བཞིན་ཟླ་བ་གསུམ་པའི་ཚེས་ལྔ་ལ་རྩིས་ཚང་དགོན་དུ་ཞབས་ཀྱི་པདྨོ་རྣམ་པར་བཀོད། དེ་ཉིན་ནས་ས་བརྟགས་པ་དང་དཀྱིལ་འཁོར་གྱི་སྟེགས་བུའི་དཀྱིལ་དུ་གཏེར་འཇུག་པ་དང༌། ལྟེ་བར་རྟགས་འཛུགས་པ་སོགས་ཕྱག་ལེན་ཞིབ་པར་མཛད་ཅིང་ཚེས་བརྒྱད་ལ་སློབ་མ་རྗེས་འཛིན་དང༌། ཚེས་དགུ་ལ་ས་སྦྱང་བསླང་སོགས་གནང༌། འགྲེལ་ཆེན་དྲི་མེད་འོད་དང༌། མཁས་གྲུབ་རིན་པོ་ཆེ་སོགས་ཚད་མའི་སྐྱེས་བུའི་གཞུང་མང་པོ་གུང་བསྒྲིགས་ཤིང་ཕྱག་ལེན་རྣམ་པར་དག་པས་གཞི་མཛད་དེ་ས་བཟུང་བ། རྫས་ལྔ་ལྷག་གནས་ཐིག་ཚོན་བཀྱེ་བ་སོགས་མཛད། ཚེས་བཅུ་གསུམ་ལ་རྡུལ་ཚོན་ཁ་སྐོང་བཅས་ལེགས་པར་གྲུབ་ནས་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་ཞུགས་ཤིང་དབང་བཞི་བཞེས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་སྐུར་བཞེངས་ཏེ་རྒྱལ་པོ་ཟླ་བ་བཟང་པོ་ལ་སོགས་པ་སྐལ་ལྡན་གྱི་སྐྱེས་བུ་དག་པའི་འཁོར་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའི་དུས་ཁྱད་པར་ཅན་ནི། རྣམ་གནོན་ཞེས་པ་ལྕགས་འབྲུག་༡༨༨༠ནག་པ་ཉ་བའི་ཚེས་འདི་ཡིན་པས། ཚེས་བཅུ་བཞི་བཅོ་ལྔ་བཅུ་དྲུག་གསུམ་གྱི་རིང་ལ་གྲུབ་པར་མཛད། དེ་ཡང་རྒྱ་མཚོ་རྣམ་གསུམ་ལྟར་ན། སྟོན་པ་སྐུ་བལྟམས་ནས་ལོ་ཉིས་སྟོང་བརྒྱད་བརྒྱ་སོ་བརྒྱད། སྟོན་པ་སངས་རྒྱས་ནས་ལོ་ཉིས་སྟོང་དགུ་བརྒྱ་དང་ལྔ།། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་དུས་འཁོར་རྩ་རྒྱུད་གསུངས་ནས་ལོ་ཉིས་སྟོང་བདུན་བརྒྱ་ང་བརྒྱད། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་བདུན་བརྒྱ་ང་བདུན་འདས། མཁས་གྲུབ་རྗེའི་དགོངས་པ་ལྟར་ན། སྟོན་པ་ཤིང་ཕོ་རྟའི་ལོ་ས་གའི་ཉ་ལ་སངས་རྒྱས་ནས་ལོ་ཉིས་སྟོང་བདུན་བརྒྱ་ང་བདུན། དུས་འཁོར་རྩ་རྒྱུད་གསུངས་ནས་ལོ་ཉིས་སྟོང་བདུན་བརྒྱ་ང་དྲུག་འདས། གང་ལྟར་ཤཁྲརྟལར་ཆོས་རྒྱལ་བདུན་དང༌། རིགས་ལྡན་བཅུ་དགུ་བྱོན་ཟིན་ནས་རིགས་ལྡན་ཉི་ཤུ་པ་སྟོབས་པོ་ཆེ་མེ་ཕག་ནག་པ་ཟླ་བའི་ཚེས་བཅོ་ལྔར་ཤཁྲརྟ་ལའི་སེང་ཁྲིར་ཕེབས་ཏེ་ལོ་ལྔ་བཅུ་ང་གསུམ་འདས། ང་བཞི་པའི་སྟེང་དུ་སླེབས་པ་རབ་བྱུང་བཅོ་ལྔ་པའི་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་༡༨༨༠ལོ་ནག་པ་ཟླ་བའི་ཚེས་བཅུ་བཞིའི་ཉིན་རེས་གཟའ་པ་ཝ་སངས། རྒྱུ་སྐར་དབོ། དབྱངས་ཨེ། གསལ་བྱེད་ས། འབྱུང་བ་རླུང༌། འདོད་ཡོན་རེག སྦྱོར་བ་རྨ་ཆེན། བྱེད་པ་སོགས་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན། གནས་ཕུན་སུམ་ཚོགས་པ་རྩིས་ཚང་དགའ་ལྡན་ཆོས་འབྱོར་གླིང་གི་ཉེ་འདབས་སུ། འཁོར་ཕུན་སུམ་ཚོགས་པ་འཁྲུངས་གསར་མཆོག་སྤྲུལ། གཟིག་རྒྱབ་མཆོག་སྤྲུལ། བྲག་དཀར་མཆོག་སྤྲུལ། ནགས་ཚང་མཆོག་སྤྲུལ། རབ་མཚར་མཆོག་སྤྲུལ། བྲག་ཟེ་མཆོག་སྤྲུལ། མ་ཟུར་དཔོན་བསོད་ནམས་དབང་རྒྱལ། སྲས་རྡོ་རྗེ་འགྱུར་མེད། རྩིས་ཚང་དགོན་པའི་ཚོགས་ཡོངས། དཀར་མཛེས། ཁང་དམར། དར་རྒྱས། བེ་རི། སྟོང་སྐོར། ལྕོག་རི། ཉ་མཚོ། རྟའུ། བྲག་མགོ་དགོན་པ་སོགས་ཧོར་གྱི་དགོན་སྡེ་ཁག རིས་མེད་གྱི་དགེ་འདུན་མང་པོ། ཡུལ་འདིའི་ཉིན་སྲིབ་དང་མཐའ་དབུས་ཀྱི་འགྲོ་བ་བགྲངས་ལས་འདས་པ་ལ་ཆོས་ཕུན་སུམ་ཚོགས་པ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་སྔོན་འགྲོ་སྟ་གོན་གྱི་རིམ་པ་དཀྱིལ་འཁོར་དུ་འཇུག་པའི་སྐོར་བྱིས་པ་ལྟར་འཇུག་པའི་དབང་བདུན། ཚེས་བཅུ་དྲུག་ལ་མཆོག་དབང་གོང་མ་བཞི་དང་གོང་ཆེན་བཞི། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་མཐའ་རྟེན་གྱི་རྗེས་གནང་བཅས་བསྐུར་ཅིང༌། ཆུ་དབང་སྐབས་དགེ་སློང་གི་ཁྲུས་དཀྱིལ་དུ་འཁྲུངས་གསར་བླ་མ་རིན་པོ་ཆེ། དགེ་ཚུལ་གྱི་ཁྲུས་དཀྱིལ་དུ་གཟིག་རྒྱབ་སྤྲུལ་སྐུ་རིན་པོ་ཆེ་དང༌། ཁྱིམ་པའི་ཁྲུས་དཀྱིལ་དུ་མ་ཟུར་དཔོན་བསོད་ནམས་དབང་རྒྱལ་བཀོད་དེ་སོ་སོར་ཆུ་དབང་རྒྱས་པར་བསྐུར་ཏེ་ཕྱག་ལེན་མཐའ་དག་འགྲེལ་ཆེན་དྲི་མེད་འོད་ཀྱི་དགོངས་པ་རྒྱ་བོད་ཀྱི་མཁས་གྲུབ་རྣམ་ཀྱིས་འགྲེལ་པའི་སྲོལ་མང་དུ་བཞུགས་པ་ལས། དུས་ཀྱི་འཁོར་ལོ་རང་ཉིད་ཀྱིས་རྒྱལ་པོ་ཟླ་བ་བཟང་པོ་ལྟར་བསྔགས་པར་མཛད་པ་རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་བཞེད་སྲོལ་ཐུན་མོང་མ་ཡིན་པ་དེ་ཉིད། ནང་ཐུགས་ཀྱི་སྲས་པོ་གཅིག་པུ་མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོའི་རྒྱུད་ཀྱི་འགྲེལ་ཆེན་དང༌། དཀྱིལ་འཁོར་གྱི་ཆོ་ག་ཆ་ལག་དང་བཅས་པས་ལེགས་པར་གཏན་ལ་ཕབ་པ་བཞིན་ཚད་མ་གསུམ་གྱིས་རྣམ་པར་དག་པའི་བཤད་པ་ཕྲ་ཞིབ་རྒྱས་པར་མཛད་ཅིང༌། ཕྱག་ལེན་རྣམས་ཀྱང་སླ་ཆོས་སུ་མ་སོང་བར་གཟབ་རྒྱས་གནང་བས་དབང་བརྡ་འཕྲོད་པ་ཙམ་དུ་མ་ཟད། ཕྱི་ནང་གཞན་གསུམ་གྱི་གནད་འགག་མཐའ་དག་ལ་མ་རྟོགས་ལོག་རྟོགས་ཐེ་ཚོམ་གྱི་དྲི་མ་མ་ལུས་པ་བསལ་ཏེ། དཔྱོད་ལྡན་མཁས་པ་རྣམས་ལ་རྒྱུད་དོན་རྗེན་པར་གསལ་བའི་གོ་བ་ཤ་ཆོད་རུས་ཆོད་དུ་སྟེར་བར་མཛད། ཚུལ་འདི་ལྟ་བུ་ནི་བསྟན་པའི་གནད་མཁྱེན་པའི་མཁས་པ་རྣམས་ཀྱིས་བརྟགས་ན། རྒྱལ་བའི་བསྟན་པ་འཛིན་པའི་རྣམ་ཐར་མཆོག་ཏུ་སྣང་ཞིང༌། ལྷག་པར་རང་རེ་དགེ་ལྡན་པ་རྣམས་ཀྱིས་འདི་ཁོ་ནའི་བཀའ་དྲིན་ཡང་བསབ་པར་དཀའ་བའི་གནས་སུ་གྱུར་མོད། ཆོས་པར་གྲགས་ཤིང་ཆོས་བརྒྱད་སྙིང་ལ་ཞུགས་པའི་ཚེར་མ་དར་བཏུམ་གྱི་ངང་ཚུལ་ཅན་དག་གིས་ཀྱང་གནས་མ་ཡིན་པ་ལ་གཙིགས་སུ་འཛིན་ཅིང་ཆོས་ཀྱི་བཀའ་དྲིན་ལ་ཅི་ཡང་མི་སེམས་པར་གདའ་ན། བླུན་པོ་ཆོས་ལ་བློ་ཁ་མི་ཕྱོགས་ཤིང་ཁྱིམ་པ་དང་ཐུན་མོང་དུ་གྱུར་པ་རྣམས་ལ་སྟ་སྨྲོས་ཀྱང་ཅི་དགོས། དེའི་མཇུག་ཏུ་བྱང་སེམས་དང་སྔགས་ཀྱི་སྡོམ་ཚིགས་རྗེ་རང་ཉིད་ཀྱིས་མཛད་པའི་ལུང་ཡང་སྩལ་ཏེ་དམ་སྡོམ་རྣམས་ལ་ཤིན་ཏུ་འབད་དགོས་པའི་གདམས་པ་སྙིང་གི་ཐུར་མ་ལྟ་བུར་ནན་ཏན་གནང༌། རྡུལ་ཚོན་ཆབ་འདྲེན་ཀྱང་མཆོད་རོལ་སེར་སྦྲེང་གིས་བསུ་བ་བཅས་ཚུལ་བཞིན་མཛད། བེ་རི་དགོན་དུ་སེར་སྐྱ་མཆོག་དམན་བརྒྱ་ཕྲག་བརྒལ་བ་ལ་ལམ་གྱི་གཙོ་བོ་རྣམ་གསུམ་དང༌། ལམ་རིམ་ཆེན་མོའི་ཟབ་ཁྲིད་སྨིན་རྒྱས་སྩལ། གཟིག་རྒྱབ་ཏུ་ཕེབས་ནས་སྔར་གྱི་འཆད་ཉན་གྱི་འཕྲོ་བསྐྱངས། བར་སྐབས་རྣམས་སུ་གཟིག་རྒྱབ་སྤྲུལ་སྐུ་དང༌། ནགས་ཚང་སྤྲུལ་སྐུ་སོགས་བློ་གསལ་འགའ་ཞིག་ལ་སུམ་རྟགས་ཀྱི་མཛུབ་ཁྲིད་གནང༌། ནགས་ཚང་རི་ཁྲོད་དུ་ལམ་རིམ་ཆེན་མོའི་ཞི་གནས་ཡན་ཆད་ཀྱི་ཁྲིད་རྒྱས་པ་ཞག་ལྔ་བཅུ་ང་དགུའི་བར་དུ་སྩལ། སེམས་བསྐྱེད་མཆོད་པ་དང་ཚོགས་འཁོར་གྱི་རིམ་པ་ཡང་རྒྱ་ཆེར་མཛད། གཟིག་རྒྱབ་མཆོག་སྤྲུལ་སོགས་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དང༌། བསྐྱེད་རྫོགས་ཀྱི་ཁྲིད་རྣམས་སྩལ། རབ་མཚར་བླ་མ་རིན་པོ་ཆེ་བློ་བཟང་གཞན་ཕན་ལུང་རིགས་ཉི་མ་སོགས་ལ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་དང༌། སྤྱོད་འཇུག་གི་ཁྲིད་མདོ་རྒྱུད་ཀྱི་དགོངས་དོན་དམ་པའི་མན་ངག་གིས་བརྒྱན་ཏེ་ཟུར་ཕྱིན་པར་གནང༌།

༣ ཧོར་ཁོག་དགོན་སྡེ་བཅུ་གསུམ་ལ་ཞབས་ཀྱིས་བཅགས་ཏེ་གཞི་གསུམ་གྱི་ཉམས་བཞེས་ལ་དག་ཐེར་དང༌། དཀར་མཛེས་དགོན་གྱི་མཚན་ཉིད་ཆོས་གྲྭ་ཉམས་གསོ་དང་རྒྱ་བསྐྱོད་ཐོག་སྔགས་པ་གྲྭ་ཚང་དུ་དུས་འཁོར་སྒྲུབ་མཆོད་གསར་འཛུགས་དང༌། དགོན་འདིའི་བཅའ་ཡིག་ཆེན་མོ་ལྗགས་རྩོམ་མཛད་པ་སོགས་ཀྱི་ཚུལ།

རྗེ་འདི་ཉིད་ཀྱིས་ནང་མར་རང་རེ་མདོ་སྨད་འདིར་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུགས་རྗེ་དང་བཀའ་དྲིན་ལས་གྲུབ་མཐའ་རིས་སུ་མ་ཆད་པའི་དགོན་སྡེ་མང་ཞིང༌། རི་བོ་དགེ་ལུགས་པའི་ཆོས་བརྒྱུད་འཛིན་པའི་དགོན་གནས་ཀྱང་བཅུ་གསུམ་མམ། བཅུ་གཅིག་ཙམ་བཞུགས་ལ། དེ་དག་གི་ལེ་ལག་ཏུ་རི་ཁྲོད་ཀྱང་མང་བར་བཞུགས་ན་ཡང་དུས་ཀྱི་མཐའ་འདིར་བཤད་སྒྲུབ་ཀྱི་བསྟན་པ་ཤིན་ཏུ་ཉམས་ཤིང་ནམ་མཇུག་གི་ཆུ་ལྟར་ཉག་ཕྲ་བར་འདུག དེ་དག་གི་ནང་ནས་དཀར་མཛེས་འདི་གཞན་གྱི་གཞི་མ་ལྟ་བུ་ཆེ་བའི་ཁུངས་སུ་སྣང་ནའང་སྐྱེས་མཆོག་དག་གི་ཐུགས་རྗེར་བརྟེན་སོ་ནམ་རྣམ་བཞི་སོགས་མི་དགོས་ཤིང༌། གཞི་གསུམ་ཕྱག་ལེན་གྱི་རྒྱུན་མ་ཆད་ཙམ་ཡོད་པ་དང༌། མཚན་ཉིད་གྲྭ་ཚང་དུ་སྔོན་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་དང༌། ལམ་བྲག་སྐལ་བཟང་རྣམ་རྒྱལ་སོགས་ཀྱི་སྐུ་དུས་སུ་ཆོས་ར་དང་ཆོས་མཚམས་ཀྱི་དབྱེ་བས་ཐོས་བསམ་སློབ་གཉེར་སོགས་འཕེལ་པོ་ཡོད་སྐད་གདའ་ཡང༌། དུས་ཀྱི་འགྱུར་བའམ། སྐྱེ་འགྲོ་བསོད་ནམས་དམན་པ་སོགས་ཀྱིས་ད་སྐབས་མིང་གི་ལྷག་མ་ཙམ་དུ་གྱུར་འདུག་པ་དང༌། སྔགས་པ་གྲྭ་ཚང་ལའང་སྨད་རྒྱུད་དུ་གྲྭ་རྒྱུན་འགའ་རེ་རྒྱུན་མ་ཆད་པའི་སྟོབས་ཀྱིས་གསང་བདེ་འཇིགས་གསུམ་གྱི་སྒྲུབ་མཆོད། རབ་གནས་སྦྱིན་སྲེག་བསྐང་གསོ་སོགས་ཀྱི་ཕྱག་ལེན་གཙང་མ་ཙམ་མཆིས་རུང༌། རྒྱུད་སྡེ་རིན་པོ་ཆེ་རྣམས་ལ་ཐོས་བསམ་འཆད་ཉན་གྱི་མིང་ཡང་མི་གྲགས་པ་བཅས་ལུང་རྟོགས་བརྟན་པའི་རྩ་བ་ཆད་པ་ལྟ་བུ་འདི་འདྲ་སྙིགས་དུས་ཀྱི་སེམས་ཅན་བསོད་ནམས་དམན་པའི་བགོ་སྐལ་རང་དུ་འདུག འོན་ཀྱང་དགོན་སྡེ་ཆེན་པོ་འདི་ལྟ་བུ་ལ་ཐོས་བསམ་རྣམ་པར་དག་པ་ཞིག་མེད་ན། ཇི་སྐད་དུ་སློབ་དཔོན་དབྱིག་གཉེན་གྱིས། དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པ་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་སྒྲུབ་པར་བྱེད་རྒྱུ་ཅི་ཡང་མ་མཆིས་ཤིང༌། རྒྱུ་མེད་པའི་འབྲས་བུ་རེ་བ་ལས་མ་འདས་པ་དེས་ན། མཚན་ཉིད་གྲྭ་ཚང་འདི་ལ་སྔོན་སྲོལ་བཟང་པོ་ལྟར་ཆོས་ར་དང༌། ཆོས་མཚམས་ཀྱི་དབྱེ་བས་ཐོས་བསམ་དམར་པོ་ཁུར་དུ་མི་འགྲོ་རྒྱན་དུ་འགྲོ་བ་ཞིག་བྱུང་ན་ཅི་མ་རུང༌། དེ་བཞིན་སྔགས་པ་གྲྭ་ཚང་ལའང་སྔོན་གྱི་དམ་པ་མང་པོའི་བཀའ་དྲིན་ལས་གསང་བདེ་འཇིགས་གསུམ་གྱི་སྒྲུབ་མཆོད་ཙམ་གོང་སྨོས་བཞིན་བཞུགས་ཤིང༌། དེ་དག་གི་ཁར་མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བ། དཔལ་ལྡན་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་རྒྱུད་འགྲེལ་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པ། སྙིགས་དུས་ཀྱི་ཀུན་མཁྱེན་གཉིས་པ་བུ་སྟོན་ཞབས་དང༌། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱིས་ལེགས་པར་བཀྲལ་བ་བཞིན་དཀྱིལ་འཁོར་སྒྲུབ་མཆོད། བདག་འཇུག་དབང་བསྐུར། བསྙེན་སྒྲུབ་སོགས་ཀྱི་ཕྱག་ལེན་རྣམ་པར་དག་པ་རིགས་ལྡན་ཕྱག་དམར་བའི་རྣམ་རོལ་ནགས་ཚང་རྡོ་རྗེ་འཆང་བློ་བཟང་བསྟན་པ་དར་རྒྱས་ཀྱི་བཀའ་དྲིན་གྱིས་དེང་སང་དབེན་གནས་བཀྲ་ཤིས་རིན་ཆེན་གླིང་དུ་ལེགས་པར་བཞུགས་འདུག་པ་འདི་བཞིན་སྒྲུབ་མཆོད་དང༌། ཕྱག་ལེན་རྣམས་ཉིན་གྲངས་གང་འཚམས་པ་ཇི་སྲིད་རྒྱལ་བསྟན་ནམ་གནས་ཀྱི་བར་རྒྱུན་ཚུགས་པ་ཞིག་བྱུང་ན་འཇམ་མགོན་རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེའི་ཞབས་འདེགས་རྨད་དུ་བྱུང་བར་འགྱུར་རོ་སྙམ་དུ་དགོངས་ཤིང་གཞན་ལའང་དེ་བཞིན་བཀའ་སྩལ་ཅིང་ཡོད་པ་ན། ལྕགས་འབྲུག་༡༨༨༠ཧོར་ཟླ་དྲུག་པའི་ཚེས་ལ་དད་སྟོབས་རྣམ་དཔྱོད་བསོད་ནམས་ཀྱི་དཔལ་གྱིས་མངོན་པར་ཕྱུག་པ། ཧོར་མ་ཟུར་དཔོན་བསོད་ནམས་དབང་རྒྱལ་གྱིས་སྲིད་ན་རིང་བའི་ལྷ་རྫས་ཀྱིས་སྣ་དྲངས་ཏེ་གུས་ཕྱག་དང་བཅས་པའི་འདི་སྐད་དུ། ཁོ་བོ་ནས་ལྷག་བསམ་རྣམ་པར་དག་པས་མཚན་ཉིད་གྲྭ་ཚང་ལ་བཤད་སྒྲུབ་བསྟན་པའི་རྩ་བ་ཆོས་གྲྭ་ཞིག་གི་འཛུགས་རྟེན་འབུལ་བ་ལགས་པས། བླ་མ་ཐུགས་རྗེ་ཅན་ཉིད་ཀྱིས་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་དབུ་འདྲེན་དང༌། ཞལ་འདོན་རྩོད་གྲྭ་ཆོས་ཐོག་མང་ཉུང་སོགས་བསྟན་པ་རིན་པོ་ཆེའི་སྲི་ཞུར་འགྱུར་ངེས་ཤིག་དང༌། དེ་མཚུངས་སྒྲིགས་ཁྲིམས་ཀུན་སྤྱོད་དང༌། ཐོས་བརྩོན་སློབ་གཉེར་གྱི་རིམ་པ་རྣམས་ཀྱང་རྗེ་ཉིད་ཀྱི་ཐུགས་བཞེད་ལྟར་མཛད་དེ་ཡུན་རིང་མཐའ་འཁྱོངས་འོང་བ་དང༌། རྒྱབ་གནོན་བཅའ་ཡིག་རྩ་ཚིག་གི་མཐའ་སྡོམ་བཅས་ལེགས་པ་ཞིག་ཐུགས་རྗེས་སྐྱོང་འཚལ། དེ་བཞིན་སྔགས་པ་གྲྭ་ཚང་དུ་ཡང་དུས་འཁོར་སྒྲུབ་མཆོད་རྒྱུན་འཛུགས་ཀྱི་རྟེན་འབུལ་རྒྱུ་ཡིན་པས་འདོད་དོན་འགྲུབ་པའི་དབུ་འདྲེན་དང༌། སྒྲིག་ཁྲིམས་བཅའ་ཡིག་བཅས་ཐུགས་རྗེས་སྐྱོང་འཚལ། གལ་ཏེ་རང་གི་མངའ་འོག་ཏུ་གཏོགས་པ་རྗེ་ཉིད་ཀྱི་གསུང་ལ་མི་ཉན་ཞིང་རས་སུ་བོར་བ་སྲིད་ཚེ་གང་འཚམས་ཀྱི་ཆད་ལས་དྲག་པོ་བྱེད་ངེས་ཡིན་ཞེས་གསོལ་བ་ཤུགས་དྲག་བཏབ་སྟེ་ཆོས་རའི་རྟེན་དུ་དཔོན་རང་གིས་རྒྱ་དངུལ་ཐུར་སྲང་བཞི་བརྒྱ། གཤོང་གཉེར་ཚང་གིས་སྲང་བརྒྱ། དུས་འཁོར་སྒྲུབ་མཆོད་ཀྱི་གཏོང་རྩར་དཔོན་པོས་རྒྱ་དངུལ་ཐུར་སྲང་བརྒྱ་དང་ལྔ་བཅུ་བཅས་ཕུལ་ཏེ་ཡང་ཡང་གསོལ་བ་ཕུར་ཚུགས་སུ་བཏབ། རྗེ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་རིང་དུ་གནས་པའི་ཐབས་ཚུལ་འབའ་ཞིག་ལ་དགོངས་ཏེ་བཀའ་ལས་སྩལ་པ། མི་དབང་མཆོག་གི་ལྷག་བསམ་རྣམ་པར་དག་པའི་དོན་བཞིན་ཁོ་བོས་ཀྱང་རིན་ཆེན་གསུམ་ལ་གསོལ་བ་འདེབས་པའི་མུ་ནས་བཞེད་དགོངས་ཅི་འགྲུབ་བྱེད་ཅེས་གསུང༌། མཚན་ཉིད་ཀྱི་ལས་སྣེ་རྣམས་ལ་དེ་ཚུལ་ཐབས་མཁས་ཀྱིས་བརྡ་སྦྱོར་གནང་བར། དེ་དག་གིས་གུས་པ་ཆེན་པོས་དང་བླངས་ཞུས་ཀྱང་གྲྭ་བ་རྣམས་དཔོན་ཁག་ཐ་དད་པའི་མངའ་ཞབས་སུ་སོང་གཤིས་ཕྱོགས་གཉིས་སུ་ཕེབས་མི་ཡོད་འདུག་པ་དང༌། ཁྱད་པར་དུས་ངན་སྙིགས་མའི་སྐྱེ་བོ་བསྟན་པའི་གཞི་མ་ཆད་པ་ལ་ཇི་མི་སྙམ་པ་དག་གིས་རྩ་བ་བོར་བའི་ཡལ་ག་ལ་འཐེན་རྩོད་ཕྲན་བུས་དཀའ་བ་ལྟར་བྱུང་ཡང༌། རྗེ་ཉིད་ཀྱི་ཐུགས་རྗེའི་ཤུགས་ཀྱིས་མ་བཏང་བས་རེ་ཞིག་སྟབས་འགྲིག་སྟེ་ལྕགས་འབྲུག་༡༨༨༠ཟླ་ཚེས་དགེ་བའི་ཉིན་མཆོག་གསུམ་ལ་བདེན་བསྐུལ་དང༌། ཐུགས་སྨོན་མཚམས་སྦྱོར་རྣམ་པར་དག་པས་གྲྭ་ཚང་གི་ཆོས་རར་ཕེབས་ཏེ་ཐོག་མའི་རྟེན་འབྲེལ་དུ་ཐུགས་རྗེའི་སྤྱན་རས་གཡོ་བཞིན་གསུང་གདངས་སྙན་ཞིང་བརྗིད་ཆགས་པས་རྩི་བཞག་གནང༌། བསྟན་འགྲོར་ཅི་ཕན་གྱི་ལྷག་བསམ་མི་དམན་པ་དགོས་པའི་བཀའ་སློབ་རྒྱས་པར་སྩལ། དེ་མཚུངས་ཁང་གསར་ས་སྐྱོང་དངོས་གྲུབ་ཕུན་ཚོགས་ནས་ཀྱང་རྗེ་ཉིད་ཀྱི་བཀའ་བཞིན་ཉིན་སྲིབ་དེད་ཀྱི་ཆོས་ར་བ་བརྒྱབ་ཆོག་པའི་ཁས་ལེན་ཞུས། བླ་མ་དབུ་ཆོས་གཉིས་གཙོས་ཉིན་སྲིབ་སེར་འབྲས་དེད་ཀྱི་བཀའ་རམ་ཉེར་ལྔ་དང༌། གྲ་གཞོན་ཉེར་ལྔ་བཅས་ཆོས་ར་བ་ལྔ་བཅུས་ལོ་ལྟར་དཔྱིད་ཆོས་ཉིན་ཉི་ཤུ། དབྱར་ཆོས་ཟླ་ཆོས། སྟོན་ཆོས་ཉི་ཤུ། དགུན་ཆོས་བཅུ་བཅས་ཞག་གྲངས་བརྒྱད་ཅུ་ཐབ་པ་ལ་འདོན་ཆ་དང༌། ཡིག་ཆ་སོགས་ཕྱེད་བློ་གསལ་གླིང་དང༌། ཕྱེད་བྱེས་པ་གྲྭ་ཚང་གི་ཕྱག་ལེན་ལྟར་ཕན་ཚུན་སོ་སོ་ནས་མ་འདྲེས་པ་དང༌། ཕྲ་ཞིང་ཆད་ལུས་མེད་པར་མཛད་དགོས་རྒྱུའི་བཀའ་བཅད་མཛད། སྔགས་པ་གྲྭ་ཚང་དུ་ཡང་ལོ་ལྟར་ནག་པ་ཟླ་བའི་ཡར་ཚེས་ལ་དཔལ་ལྡན་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་འཛུགས་པའི་བཀའ་བཀོད་གནང་བ་བཞིན་ཁས་བླངས་ཞུས། སླར་ཡང་ཙ་བྲག་དབེན་གནས་སུ་སྐུ་མཚམས་དམ་པར་བཅད་དེ་གསང་བདེ་འཇིགས་གསུམ་གྱི་ལྗགས་བསྙེན་ལས་རུང༌། ཁ་སྐོང་སྦྱིན་སྲེག་བཅས་མཛད། ཨ་ཁུ་བུམ་ཅན། རིན་ཆེན་ཚེ་བསྟན། བྱམས་པ་རྒྱ་མཚོ། སྟག་ལུང་སོགས་ཀྱི་ངོར་དར་རྒྱས་དགོན་དུ་ཕེབས་ཏེ་ཉ་རྒྱས་སྤྲུལ་སྐུ། སྟོང་སྐོར་ཞབས་དྲུང་སྤྲུལ་སྐུ། བཀའ་རམས་དགེ་བཤེས་མང་པོ། ཡས་མས་ཀྱི་སེར་སྐྱ་མཆོག་དམན་སྟོང་ཕྲག་བརྒལ་བ་ལ་ལྕགས་སྦྲུལ་༡༨༨༡ནག་པ་ཟླ་བའི་ཚེས་བརྒྱད་ཉིན་འདུ་ཁང་སྒོ་ཁྱམས་སུ་མཆོག་གི་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་དབང་གི་སྔོན་འགྲོ་སློབ་མ་རྗེས་འཛིན་དང༌། སྔགས་ཁང་དུ་དཀྱིལ་འཁོར་གྱི་སྟེགས་བུ་བྱས་ཏེ་དབུས་རྟགས། ས་སྦྱང་བཟུང་སོགས་ས་ཆོག་ཐིག་ཚོན་གྱི་རིམ་པ་རྣམས་ཕྲ་ཞིང་ཕྱག་ལེན་རྣམ་དག་གི་སྒོ་ནས་གྲུབ། དཀྱིལ་འཁོར་བསྒྲུབས་ཏེ་བདག་ཉིད་ཞུགས་ཤིང་དབང་བླངས་པ་དང་འབྲེལ་བར་ཚེས་བཅུ་བཞི་ནས་ཉིན་གསུམ་གྱི་རིང་ལ་སྟ་གོན། བྱིས་པ་ལྟར་འཇུག་པའི་དབང་བདུན། གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་མཐའ་རྟེན་དང་བཅས་པ་རྒྱུད་དང་དམ་པའི་མན་ངག་གི་གསུང་བཤད་མཐའ་ཡས་པས་བརྒྱན་ཏེ་སྦྱང་བྱ་སྦྱོང་བྱེད། དབང་གི་ངོ་བོ། གོ་རིམ། ནུས་པ་སོགས་ལ་འདི་དང་འདིའོ་ཞེས་མཐིལ་ཕྱིན་པའི་ངེས་ཤེས་གཞན་དྲིང་མི་འཇོག་པར་བསྐྱེད་དེ། མཐའ་འཁོབ་མུན་པའི་ཕྱོགས་འདི་དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པའི་བཀའ་དྲིན་དུས་ཀྱི་མཐར་ཡང་གཞལ་དུ་མ་མཆིས་པ་ཁོ་ནར་འཁུམས་སོ། །མཇུག་ཏུ་དམ་ཚིག་དང་སྡོམ་པ་རྣམས་སྲོག་བསྡོས་སུ་སྲུང་དགོས་ཚུལ། ཁྱད་པར་བརྟུལ་ཞུགས་ཉེར་ལྔ་སོགས་རྒྱུད་སྡེ་འདིའི་ཐུན་མོང་མ་ཡིན་པའི་དམ་ཚིག་རྣམས་ཀྱང་ཚུལ་བཞིན་སྲུང་བ་ལ་བརྩོན་དགོས་ཚུལ་དུས་འཁོར་དང་བླ་མེད་གཞན་གྱི་རྩ་ལྟུང་ཐུན་མོང་མ་ཡིན་པའི་ཁྱད་པར་ཕྲ་ཞིབ་སོགས་ཐུགས་བརྩེ་བ་ཆེན་པོས་ལེགས་པར་འདོམས་པར་མཛད་པ་ནི། བསྟན་པའི་གནད་མཁྱེན་བའི་རྣམ་པར་ཐར་པ་མཁས་པ་རྣམས་ཀྱིས་མཆོག་ཏུ་བསྔགས་པར་བྱ་བའི་འོས་སུ་སྣང༌། རྡུལ་ཚོན་ཆབ་འདྲེན་ཀྱང་མཛད། གཞན་ཡང་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་དང༌། རས་བྲིས་ལ་བརྟེན་པའི་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང་སྟ་གོན་དང་བཅས་པ་དགྱེས་བཞིན་གནང༌། དབེན་གནས་བཀྲ་ཤིས་རིན་ཆེན་གླིང་དུ་མཆོག་སྤྲུལ་རྣམ་གཉིས་ཀྱི་གཙོས་སྤོང་བ་པ་རྣམས་དང༌། ཕྱོགས་འདུས་ཀྱི་སེར་སྐྱ་མཐའ་ཡས་པ་ལ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པའི་ཚུལ། བདག་ཉིད་ཆེན་པོ་ཞི་བ་ལྷའི་མན་ངག་མཐར་ཐུག ཇོ་བོ་བཀའ་གདམས་པ་རྣམས་ཀྱི་ཐུགས་དམ་གྱི་མཐིལ། བཀའ་གདམས་གཞུང་དྲུག་གི་ཡ་གྱལ་སྤྱོད་འཇུག་ཆེན་མོའི་ཁྲིད་ཞག་གྲངས་ཉེར་གཅིག་གི་བར་དུ་རྒྱས་པར་སྩལ། རྗེ་བླ་མ་ཉིད་ཀྱིས་གཞུང་འདི་མན་ངག་དང་བཅས་པ་སེར་ཤུལ་རྫ་རྒྱལ་དུ་སྐུ་ཚེ་ཧྲིལ་པོར་བྱ་བྲལ་གྱིས་སྒྲུབ་པ་སྙིང་པོར་མཛད་པའི་གྲུབ་བརྙེས་དམ་པ་དཔལ་སྤྲུལ་ལམ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་དྲུང་ནས་རྟག་ཏུ་ངུ་དང་ནོར་བཟང་ལྟ་བུར་དཀའ་བ་དུ་མས་གསན་ཚུལ་ཞལ་ནས་དངོས་སུ་ཐོས། གཟིག་རྒྱབ་བྱང་ཆུབ་འཕེལ་རྒྱས་གླིང་དུ་ཉིན་དགུའི་རིང་ལམ་རིམ་ཆུང་བའི་བཤད་ལུང་སྨིན་རྒྱས་དང༌། སེམས་བསྐྱེད་མཆོད་པ་གསུང་བཤད་འབྱམས་ཀླས་པ་དང་བཅས་གནང་སྟེ་ཚོགས་པ་མཐའ་དག་རྒྱལ་བའི་སྲས་ཀྱི་སྡོམ་པ་དང་ལམ་བཟང་པོ་ལ་འགོད་པར་མཛད། རབ་མཚར་རི་ཁྲོད་དུ་དམར་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་དུས་ཆེན་ཁྱད་པར་ཅན་ནས་ཉིན་བདུན་གྱི་རིང་དེ་གའི་མཆོག་སྤྲུལ་སྐུ་མཆེད་སོགས་ལ་རྡོ་རྗེ་རྣམ་འབྱོར་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དང༌། བསྐྱེད་རྫོགས་ཀྱི་ཁྲིད་ཞིབ་པར་སྩལ། དཀར་མཛེས་གཟིམས་ཆུང་དུ་ལི་ཐང་དགེ་སློང་བཞི་སོགས་དད་ལྡན་འགའ་ཞིག་ལ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ལྟ་གོན་སོགས་དང༌། བསྙེན་ཡིག་གི་ཁྲིད་གནང༌། དེ་སྐབས་རྗེ་བཙུན་བླ་མ་དམ་པ་འཇམ་དབྱངས་འཕྲིན་ལས་དཔལ་བཟང་པོ་དབུས་གཙང་ཕྱོགས་ནས་དབང་ལུང་མན་ངག་སོགས་ཀྱིས་ཐུགས་ཚིམ་པས་ཚོང་པ་ཁེ་སྤོགས་གྲུབ་པ་ལྟར་སླར་སོག་ཡུལ་དུ་གྲྭ་རྐྱང་གི་ཚུལ་གྱིས་ཞབས་ཐང་དུ་བྱོན་པ་ན་སྔོན་གྱི་ཐུགས་བསྐྱེད་ཀྱི་མཐུས་རྗེ་འདི་དང་མཇལ། སྲི་ཞུ་གུས་འདུད་ཆེན་པོས་གཟིམས་ཆུང་དུ་གདན་དྲངས་ཏེ་བསྙེན་བཀུར་བླ་ན་མེད་པར་མཛད། ལྷ་བཙུན་ཡེ་ཤེས་དོན་འགྲུབ་བསྟན་པའི་རྒྱལ་མཚན་གྱིས་ཕྱོགས་བསྡུས་མཛད་པའི་ཟུར་བཀའ་བརྒྱ་རྩ་རྗེས་གནང་མ་ལུས་པ་དང༌། གཞན་ཡང་ལུང་ཁྲིད་རྗེས་གནང་དབང་མན་ངག་བེའུ་བུམ་སོགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན། སྙི་དར་རྒྱས་གླིང་དུ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་འཕགས་ལུགས་ཀྱི་དབང་ཆེན་སྟ་གོན་དང་བཅས་པ་རས་བྲིས་ལ་བརྟེན་ནས་སྨིན་རྒྱས་སུ་སྩལ་ཞིང་གསང་འདུས་སྒྲུབ་མཆོད་དང༌། ཆོས་རྒྱལ་བསྐང་གསོ་གསར་འཛུགས་ཀྱི་ཞལ་བཀོད་གནང༌། ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་ཕུལ། ལྕགས་སྦྲུལ་༡༨༨༡ཟླ་བ་གསུམ་པར་རྗེ་འདིའི་ཐབས་མཁས་ཐུགས་རྗེ་རྨད་དུ་བྱུང་བའི་མཐུས་སྐུ་མཆེད་ཁང་གསར་དཔོན་དངོས་གྲུབ་ཕུན་ཚོགས་ནས་ལྷག་བསམ་རྣམ་པར་དག་པས་མཚན་ཉིད་གྲྭ་ཚང་གི་ཆོས་གྲྭའི་རྟེན་དུ་རྒྱ་དངུལ་ཐུར་སྲང་བཞི་བརྒྱ། འབུམ་ཤུག་ཚང་གི་སྲང་ཉིས་བརྒྱ་དང་བཅུ་གཉིས་དང་ཞོ་དོ་ཕུལ་ཏེ། ཆོས་ར་བ་བཀའ་རམས་ཉེར་ལྔ་དང༌། གྲྭ་གཞོན་ཉེར་ལྔ་གོང་ལྟར་སྤེལ་ནས་ཧོར་ཁག་ཕན་ཚུན་དགོངས་མཐུན་གྱིས་ཆོས་ར་བ་བརྒྱ་ཐམ་པ་ལ་ཕོགས་རྟེན་དང༌། གྲྭ་ཚང་གཞུང་ནས་ཀྱང་དགེ་འདུན་རེ་ལ་ཇ་སྦག་གཉིས་རེའི་གསོལ་ཕོག་གཏན་འཇགས་ཞུས་ཏེ་ཡང་སྐྱར་མ་ཟུར་ཁང་གསར་གཉིས་ཀས་འདི་སྐད་དུ། ཐུགས་རྗེ་ཅན་ནས་ཆོས་གྲྭ་འདི་ཉིད་བསྟན་པ་རིན་པོ་ཆེའི་འཛེས་རྒྱན་དུ་འགྱུར་བའི་དབུ་འདྲེན་གཟིགས་སྐྱོང་དང༌། སྐུ་ཕྲེང་རིམ་བྱོན་གྱིས་ཐོག་མར་ཆོས་ར་བ་བསྐོ་བཞག བར་དུ་སྒྲིགས་ལམ་ཀུན་སྤྱོད་དང་ཐོས་བརྩོན་སློབ་གཉེར། ཐ་མར་ལས་ཁུར་ཆག་ཡང་བཟང་ལ་ངོ་བསྟོད། ངན་ལ་དམའ་འབེབས་ཚར་གཅོད་ཞི་དྲག་གང་ཐད་བཀའ་ཐག་ཆོད་ངེས་མཛད་རྒྱུ་དང༌། དེ་དག་གི་རྒྱབ་གནོན་ཁོ་བོ་དཔོན་ཁག་ཟུང་ནས་ཀྱང་བཀའ་བཞིན་སྒྲུབ་ངེས་ལགས་ཤིང༌། དགོངས་པ་དང་བསྟུན་པའི་བཅའ་ཡིག་ཀྱང་ཐུགས་རྗེས་སྐྱོང་དགོས་ཞེས་ཡང་ཡང་གསོལ་བ་ནན་ཏན་དུ་བཏབ་པའི་དོན་ལྟར་ཞལ་གྱིས་བཞེས་ཏེ། བཅའ་ཡིག་རིན་པོ་ཆེ་ཞིབ་རྒྱས་ལྗགས་རྩོམ་གནང༌། སྔགས་པ་གྲྭ་ཚང་དུ་ཡང་དཔལ་ལྡན་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་རྟེན་དུ་ཁང་གསར་དཔོན་རང་ནས་རྒྱ་དངུལ་ཐུར་སྲང་བརྒྱ་དང་ལྔ་བཅུ། འབུམ་ཤུག་ཚང་གིས་སྲང་བཅུ་གཉིས་དང་ཞོ་དོ། དགེ་སློང་ཚེ་དབང་ཆོས་འཕེལ་གྱིས་སྲང་བརྒྱ་དང་ཉི་ཤུ་རྩ་ལྔ་ཕུལ་ཏེ་སྔར་བཞིན་གསོལ་བ་བཏབ་པ་ན། ལོ་ལྟར་ནག་པ་ཟླ་བའི་ཚེས་བདུན་ནས་ཉིན་དགུའི་རིང་སྒྲུབ་གྲྭ་ཉེར་ལྔ་ཟུར་ཚོགས་ཀྱིས་ཡི་དམ་གྱི་བདག་མདུན་བུམ་སྒྲུབ་བདག་འཇུག་སྦྱིན་སྲེག་བཅས་རྗེ་ཉིད་ཀྱི་དགོངས་མཐུན་ཕྱག་ལེན་རྣམ་དག་འཇམ་མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེའི་ཞབས་འདེགས་སུ་འགྱུར་ངེས་ཤིག་དགོས་པའི་བཀའ་སྩལ་པ། གྲྭ་ཚང་ནས་ཀྱང་དེ་ལྟར་དང་བླངས་ཞུས། རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་རྟེན་དུ་རྗེ་ཉིད་ནས་སྲང་ཉེར་ལྔ།། དཀའ་བཅུ་སྐལ་བཟང་དོན་འགྲུབ་ཀྱིས་སྲང་ཉེར་ལྔ།། འབུམ་ཤུག་ཚང་གིས་སྲང་བརྒྱ་དང་ལྔ་བཅུ། དགེ་སློང་རིན་དར་གྱིས་སྲང་ཉེར་ལྔ།། དགེ་སློང་རྟ་ཕུན་གྱིས་བཞི་རུ་གཅིག གཉེར་བའི་འཕྲོ་ལྷག་བཞི་རུ་གཅིག སྐལ་བཟང་བསྟན་འཛིན་གྱིས་སྲང་ཉེར་ལྔ།། དཀོན་མཆོག་ཚེ་རིང་གིས་སྲང་ཉེར་ལྔ།། དཀོར་གཉེར་གྱི་འཕྲོ་ལྷག་སྲང་ཉེར་ལྔ།། གྲྭ་ཚང་གཞུང་གིས་སྲང་ལྔ་བཅུ་བཅས་འབྱོར་འཇགས་དང་འབྲེལ། ཧོར་ཟླ་གཉིས་པའི་ཉེར་བརྒྱད་ནས་ས་ཆོག་དང༌། རྡུལ་ཚོན་གཞུང་བཞིན་བྱེད་དགོས་དང༌། རྡོར་སློབ་སྤྲུལ་སྐུ་མཐོང་བརྒྱུད་ཕྱག་ལེན་མཁྱེན་ངེས་རེ་དགོས་རྒྱུར་བཅས་ཀྱི་བཀའ་སློབ་ཞིབ་རྒྱས་སྩལ་ཞིང་རྒྱལ་བསྟན་ནམ་གནས་བར་མི་ནུབ་པའི་རྐྱེན་དུ་འགྱུར་བའི་བཅའ་ཡིག་བཙན་བརྗིད་མཐའ་སྡོམ་དང་བཅས་པ་ཕྱིས་སུ་མཛད། དེ་ལྟར་རྗེ་བླ་མ་འདི་ཉིད་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁོ་ན་ཐུགས་ལ་བརྣག་སྟེ་དཀའ་བ་དཔག་ཏུ་མེད་པ་དག་ཁྱད་དུ་བསད་ནས། ལུགས་གཉིས་གང་འཚམས་གྱི་ཐབས་ལ་མཁས་པའི་མཛད་བཟང་གོང་ན་མ་མཆིས་པས་བཤད་སྒྲུབ་ཀྱི་བསྟན་རྩ་ཆོས་གྲྭ་དང༌། བསྐལ་པ་དཔག་ཏུ་མེད་པར་མཚན་ཙམ་ཡང་ཐོས་པར་དཀའ་བའི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་སོགས་གྲུབ་ཅིང༌། གཞན་ཡང་གཞལ་བར་དཀའ་བའི་དབང་ལུང་མན་ངག་ཁྲིད་སོགས་མདོ་སྔགས་ཀྱི་དམ་ཆོས་བདུད་རྩིའི་ཆར་རྒྱུན་འབེབས་བཞིན་སྟོད་སྨད་ཀུན་ཏུ་རིས་སུ་མ་ཆད་པའི་སྐྱེ་འགྲོ་རྣམས་སྐལ་བ་བཟང་པོའི་དཔལ་ལ་བཀོད་པའི་བཀའ་འདྲིན་གཞལ་དཀའི་གནས་སུ་གྱུར་པ་དག་ལ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་དང་ལྡན་པའི་སྐལ་ལྡན་ཧོར་མ་ཟུར་དཔོན་བསོད་ནམས་དབང་རྒྱལ་གྱིས་རང་གི་མངའ་འོག་ན་རྟ་བདག་དུད་ཁག་བཞི། རྐང་ཐང་དུད་ཁག་གསུམ་སྟེ་མི་ཁྱིམ་བདུན་རྗེ་འདི་ལ་ལྷ་སྡེར་ཕུལ་བས་མངའ་དག་ཁྲི་རལ་པ་ཅན་གྱི་མཆེད་ཟླར་བྱས། དེ་བཞིན་དུ་དད་སྟོབས་དཔལ་འབྱོར་གྱིས་མངོན་པར་མཐོ་བ་ཁང་གསར་དཔོན་དངོས་གྲུབ་ཕུན་ཚོགས་ནས་མི་ཁྱིམ་དུད་ཁག་སུམ་ཅུ་སོ་གསུམ། བྲག་མགོ་དཔོན་དབང་ཆེན་དགྲ་འདུལ་གྱིས་ཕུ་ཡུལ་ནང་ནས་སྡེ་དུད་གསུམ། ཏྲེ་བོ་དཔོན་བསོད་ནམས་སྟོབས་ལྡན་གྱིས་གོ་ལང་ནང་ནས་སྡེ་དུད་ལྔ།། མཐོ་རིས་ཀྱི་འབྱོར་བ་མ་ཚང་བ་མེད་པས་བསྟན་པ་རིན་པོ་ཆེ་ལ་གཅིག་ཏུ་ལྷག་བསམ་རྨད་དུ་བྱུང་བ་རྗེ་ཉིད་ཀྱི་སྐུ་ཚ་ཁང་གསར་སྲས་མོ་དབྱངས་ཅན་མཁའ་འགྲོ་ནས་ལྷ་སྡེ་བཟང་རབ་དུད་ཁག་ལྔ་བཅས་ཕུལ་བ་དེ་དག་ལ་དགྱེས་པའི་སྤྱན་རས་ཡུད་ཙམ་བཙས་ཏེ་དམིགས་མེད་ཐུགས་རྗེའི་ཀློང་དུ་གཏན་ཆུབ་ཀྱི་སྐྱབས་སྲུང་འདོར་མེད་གནང༌། དགེ་འདུན་བརྒྱ་ཕྲག་ཙམ་གྱིས་ཐོས་བརྩོན་ཁྲམ་ཆོས་སུ་མ་སོང་བར་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་བདུད་རྩི་ལྟ་བུ་རང་རང་གི་བགོ་སྐལ་དུ་ཤེས་ནས་བརྩོན་པ་བསྐྱེད་དེ་དགེ་སྒྲུབ་ཕལ་བ་འབུམ་ཕྲག་གིས་དོ་ཟླ་མ་མཆིས་པ་བྱུང་འདུག་ན་ཡང་སྙིགས་མའི་དུས་འདིར་རི་ཀླུང་ཐམས་ཅད་དུད་འགྲོ་མིའི་ཤ་ཚུགས་ཅན་འགའ་ཞིག་ནས་ལོག་པར་འཁུ་བའི་ཡིད་ཀྱིས་ལོ་ངོ་གཉིས་ཙམ་ནས་དོན་མེད་ཀྱི་འཐེན་རྩོད་སྣ་ཚོགས་པའི་རྐྱེན་ལས་ཆོས་གྲྭ་ལོ་ངོ་དགུ་ལ་ཆད་ཀྱང་བྱེད་པོ་རྣམས་མནར་མེད་མི་བཟད་པའི་བུད་ཤིང་དུ་གྱུར་ཡོད་པར་སྣང་སྟེ། རྗེ་ཉིད་ཀྱིས་མཛད་པའི་ཆོས་རའི་བཅའ་ཡིག་ལས། བཀའ་ཆད་མ་རུངས་སྤྱང་ཀིའི་མཆེ་བ་ཡིས། །ཟོས་པར་མ་ཟད་མནར་མེད་བཙོན་དུ་ལྷུང༌། །ཞེས་གསུངས་པ་ལྟར་རོ། ། རབ་མཚར་རི་ཁྲོད་དུ་མཆོག་སྤྲུལ་བློ་བཟང་གཞན་ཕན་ལུང་རིགས་ཉི་མ། མ་ཟུར་དཔོན་བསོད་ནམས་དབང་རྒྱལ་སོགས་སྐལ་ལྡན་གྱི་སློབ་མའི་ཚོགས་མཐའ་ཡས་པ་ལ་ལམ་རིམ་དངོས་གྲུབ་ཀུན་འབྱུང་གི་ཁྲིད་སེམས་བསྐྱེད་མཆོད་པ་དང་བཅས་པ་ཟབ་རྒྱས་གནང༌། མཆོག་སྤྲུལ་དེ་ཉིད་དང་ཞལ་སློབ་ཉུང་བསྡུས་ལ་ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཟབ་ཁྲིད་ཉིན་བདུན་གྱི་བར་དུ་སྩལ། ལྕགས་སྦྲུལ་༡༨༨༡ཧོར་ཟླ་བཅུ་གཅིག་པའི་གྲལ་ཚེས་དགེ་བར་དར་རྒྱས་དགོན་དུ་སྨོན་ལམ་ཆེན་མོར་ཐུབ་པའི་སྐྱེས་རབས་སྔོན་གསོལ་ལྟར་དང༌། ཉ་རྗེ་མཆོག་སྤྲུལ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཞུས་ངོར་བླ་མ་མཆོད་པའི་ཁྲིད་དང༌། སྤྱན་རས་གཟིགས་ཀྱི་རྗེས་གནང་སོགས་ཆོས་བཀའ་ཅི་རིགས་པ་རྒྱས་པར་སྩལ་ཏེ་ཐར་པ་བླ་ན་མེད་པའི་ས་བོན་ཐེབས་པར་མཛད། རྟའུ་ཉ་མཚོ་དགོན་དུ་དབྱར་ཞལ་བཞེས་མཛད་ཅིང་གསོ་སྦྱོང་གི་མདོ་འཆད། དད་ལྡན་གྱི་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་མང་པོ་ལ་ཆེ་བ་བཞི་ལྡན་གྱི་གསུང་རབ་མཐར་ཐུག རྗེ་ཐམས་ཅད་མཁྱེན་པའི་ཐུགས་ཀྱི་བཅུད་ཕྱུང་བ། བྱང་ཆུབ་ལམ་རིམ་ཆེན་མོའི་ཁྲིད་གསུང་བཤད་མཐའ་ཡས་ཤིང་མན་ངག་གནད་དུ་ཁེལ་བས་ཟུར་བརྒྱན་ཏེ་དགྱེས་བཞིན་སྩལ་བས་ཚོགས་པ་མཐའ་དག་གིས་སྐྱེས་བུ་གསུམ་གྱི་ལམ་ལ་ངེས་པ་བརྟན་པོ་རྙེད། བོན་དགོན་ཆོ་ལོ་སྣའི་གྲྭ་པ་འགའ་ཞིག་ལ་དགེ་བསྙེན། བར་མ་རབ་བྱུང༌། དགེ་ཚུལ་གྱི་སྡོམ་པ་སྩལ། འདི་ཕྱི་ཀུན་ཏུ་ཕན་པའི་བཀའ་སློབ་ཞལ་གདམས་ཡིད་ལ་འབབ་པ་གནང༌། ཀེའུ་ཚང་བླ་མ་རིན་པོ་ཆེས་གཙོས་ཉ་མཚོ་དགོན་གྱི་སྡེ་སྣོད་འཛིན་པ་ཉི་ཤུ་སྐོར་ལ་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཆེན་དང༌། བསྙེན་ཡིག་སོགས་ཀྱི་ཁྲིད་ལུང་དང༌། ཉེ་བརྒྱུད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་ཚེ་དབང་སྩལ། ཀུན་ལ་ཡིག་དྲུག་བཟླ་བའི་དམ་བཅའ་བྱེད་བཅུག་པ་སོགས་སྡིག་སྤོང་དགེ་སྒྲུབ་ཀྱི་ལམ་བཟང་པོ་ལ་བཀོད། བྲག་མགོ་དགོན་དུ་ཀེའུ་ཚང་བླ་མ་རིན་པོ་ཆེ་སོགས་སྐལ་ལྡན་རྣམས་དམ་ཆོས་བདུད་རྩིའི་རྒྱུན་གྱིས་ཚིམས་པར་མཛད། རྫ་བླ་བྲང་མཁན་སྤྲུལ་དེ་ཉིད་ཀྱི་ཡང་སྲིད་མཆོག་སྤྲུལ་གསར་ཚེས་ལ་སྐྱེལ་ཐུང་མཇལ་དར་སོགས་གནང་ནས་ཀེའུ་ཚང་རི་ཁྲོད་དུ་བྱོན། བླ་མ་རིན་པོ་ཆེ་དེ་ཉིད་ཀྱིས་ཞུས་པ་བཞིན་དགྱེས་པ་ཆེན་པོས་ཆོས་འབྲེལ་སྩལ་ཞིང་གསུང་རབ་ཀྱི་འབེལ་གཏམ་མཐའ་ཡས་པ་གནང༌། རྫ་ནང་རི་ཁྲོད་དུ་དཔོན་སློབ་ཉུང་ཤས་ཤིག་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྗགས་བསྙེན་སྐུ་མཚམས་དམ་པར་གནང་སྟེ་རྒྱུད་སྡེ་འོག་མའི་དགོངས་པ་ཇི་ལྟ་བ་བཞིན་གསོལ་བ་དཀར་གསུམ་ཙམ་ལ་བརྟེན་ཅིང༌། ཐུན་མཚམས་སུ་ཉེ་རེག་ཟིན་ནས་གསུང་བཅད་དང༌། རྒྱུན་གྱི་ཐུགས་དམ་རྣམས་ཀྱང་ཆག་མེད་གནང་བཞིན་པ་ལ་བླ་མ་རྡོ་རྗེ་འཆང་འདི་ཉིད་ཀྱི་ཞབས་སེན་མཛེས་པར་བཀོད་དེ་གངས་ཀྱི་རི་ལ་ཟླ་ཟེར་ཕོག་པ་བཞིན་འཕེལ་རྒྱས་སུ་གཏོང་མཚན་ཐོག་ཐག་ཏུ་ཐུན་མ་གྲོལ་བར་ནམ་ལངས་པའང་མང་པོ་བྱུང་སྣང༌། འདི་ཙམ་མ་ཟད་གཞན་དུ་ཡང་ཐུགས་དམ་གྱི་ངང་དུ་འབྱམས་ཏེ་ནམ་ཡལ་བ་མང་པོ་འོངས་པར་གྱུར་ཀྱང༌། ཕྱི་ཉིན་ཡང་སྔར་ལྟར་ཐུན་བཞིའི་རྣལ་འབྱོར་ལས་མི་གཡོ་བའི་ངོས་ནས་རྒྱུན་གྱི་རྣལ་འབྱོར་ཆག་མེད་འགྱིད་པ་ལ་གཟིམས་ཁུག་ཚུལ་ཙམ་ཡང་མི་མཛད། དེ་ལྟར་རྫ་ནང་དུ་ཟླ་བ་གཅིག་ལྷག་ཙམ་སྐུ་མཚམས་དམ་པར་བཞུགས། བར་སྐབས་སུ་བྲག་མགོ་དགོན་ནས་དགེ་འདུན་ཉི་ཤུ་སྐོར་སོགས་གཞི་བསྙེན་ཁས་བླངས་པ་རྣམས་ལ་འཇིགས་བྱེད་དཔའ་གཅིག་གི་དབང་དང༌། ཁྲིད་ཀྱི་སྐོར་རྣམས་དགྱེས་བཞིན་སྩལ། གསུང་ལས། ཀེའུ་ཚང་བླ་མ་རིན་པོ་ཆེས་སྦྱིན་སྲིག་མཛད་སྐབས། ཡམ་ཤིང་ཡ་ཡོ་ཀྱ་ཀྱོག་མེད་པར་ཕྲ་སྦོམ་མཐེ་བོང་ཙམ་གཅིག་གི་བཅད་ཁའི་སྟེང་དུ་གཅིག་བསྡོད་པ་བྱས་ཏེ་གཅོད། འབྲས་མ་གྲུགས་པར་འབྲས་རྐྱལ་གང་རེའི་ནང་ནས་རེ་རེ་བཞིན་བསལ། རྗེས་གཞན་རྣམས་ཀྱང་དེ་བཞིན་ཁོ་ནར་མཛད་པ་ཡིན་གསུངས། བྲག་མགོ་དགོན་དུ་སྨོན་ལམ་ཆེན་མོའི་དབུར་སྔ་དྲོ་ཐུབ་པའི་སྐྱེས་རབས་ཀྱི་ཕྲེང་བ་ལས་བརྩམས་ཏེ་ལམ་ཉམས་ལེན་གྱི་རིམ་པ་དང་སྦྱར་བའི་གསུང་བཤད་ཟབ་ཅིང་བརླིང་བར་མཛད་པས། སྡེ་སྣོད་འཛིན་པ་རྣམས་དང༌། ཚོགས་པ་སྟོང་ཕྲག་བརྒལ་བ་མཐའ་དག་ཐེག་པ་མཆོག་གི་དགའ་སྟོན་ལ་ཅི་དགར་རོལ་པའི་སྐལ་བཟང་མཆོག་དང་སྦྱར། ཕྱི་དྲོ་འདུས་པ་རྒྱ་མཚོ་དང་བཅས་སྤྱན་འདྲེན་ཁྲུས་མཆོད་རྨད་དུ་བྱུང་བ། མཇུག་ཏུ་བསྟན་འགྲོའི་བདེ་སྐྱིད་འཕེལ་བའི་ཐུགས་སྨོན་རྒྱུན་རིང་ལ་ཤུགས་དྲག་པ་མཛད། ཝ་ལྷུང་ཚང་ནས་ཞུས་ངོར་ལྷ་མོའི་གཏོར་སྒྲུབ་གནང༌། ཀེའུ་ཚང་བླ་མ་རིན་པོ་ཆེས་གཙོས་དད་འདུན་གྱི་སློབ་མ་ཉི་ཤུ་སྐོར་ལ་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཆེན་དང༌། བསྙེན་ཡིག་སོགས་ཀྱི་ཁྲིད་དང༌། འཆི་མེད་རྡོ་རྗེའི་སྲོག་ཤིང་གི་ཚེ་དབང་བཅས་སྩལ་ནས་ཉིན་བཞིན་གྲངས་བཅད་ཀྱིས་མ་ཎི་རྒྱུན་དུ་འདོན་རྒྱུའི་དམ་བཅའ་འཇོག་དགོས་ཞེས་བཀའ་གནང༌། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་ཐོག་མར་སློབ་མ་རྗེས་འཛིན། ས་ཆོག རྡུལ་ཚོན་སོགས་ཕྱག་ལེན་ཕྲ་ཞིབ་ཀྱི་སྒོ་ནས་ཚེས་བཅུ་བཞི་བཅོ་ལྔ་བཅུ་དྲུག་བཅས་ལ་སྟ་གོན། བྱིས་པ་ལྟར་འཇུག་པའི་དབང་བདུན། གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་གྱི་དབང་མཐའ་རྟེན་རྗེས་གནང་དང་བཅས་པ། རྡུལ་ཚོན་ཆབ་འདྲེན་སོགས་མཇུག་ཆོག་མ་ལུས་པ་གཞུང་དང་དམ་པའི་མན་ངག་བཞིན་ཏུ་ཞིབ་ཅིང་རྒྱས་པ་གནང༌། བོན་དགོན་ཚོ་ལོ་སྣ་པའི་གྲྭ་བ་སོ་སོ་ལ་རབ་བྱུང་དང་ དགེ་ཚུལ་སློང་གི་སྡོམ་པ་སྩལ་ནས་ཉ་མཚོ་དགོན་གྱི་ཆོས་སྒོར་འཇུག་པར་གནང་སྟེ། དེ་དག་ཐུགས་བརྩེ་བ་ཆེན་པོས་བསླབ་བྱ་འདི་ཕྱི་གཏན་བདེའི་ཐབས་ཚུལ་དུ་མ་གདམས་པས་དགའ་སྤྲོའི་དཔལ་ལ་བཀོད། དད་ལྡན་འགའ་ཞིག་གིས་ཞུས་ངོར་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་ཆེན་དགྱེས་བཞིན་དུ་སྩལ་ཏེ་སྐུ་བཞིའི་ས་བོན་བཞག ཆུ་རྟ་༡༨༨༢ལོར་རྟའུ་ཉ་མཚོ་དགོན་དུ་ནག་པ་ཟླ་བའི་ཡར་ངོའི་ཚེས་བརྒྱད་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་གི་སྔོན་འགྲོ་སློབ་མ་རྗེས་འཛིན། ས་ཆོག ཐིག་ཚོན་གྱི་སྐོར་རྣམས་ཕྱག་ལེན་ཕྲ་ཞིབ་ཀྱི་སྒོ་ནས་ལེགས་པར་གྲུབ་པ་དང༌། བསྟན་འགྲོའི་དཔལ་མགོན་ཆེན་པོ་ཀེའུ་ཚང་བླ་མ་རིན་པོ་ཆེ་སོགས་བླ་སྤྲུལ། དཀའ་རམས་དགེ་བའི་བཤེས་གཉེན། དགེ་འདུན་གྱི་སྡེ་དང་བཅས་པ་སེར་སྐྱ་མཐའ་ཡས་པ་ལ་ཁྱབ་བདག་དཔལ་དུས་ཀྱི་འཁོར་ལོའི་སྐུར་བཞེངས་ཏེ་སློབ་མ་སྟ་གོན། བྱིས་པ་ལྟར་འཇུག་པའི་དབང་བདུན། གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་མཐའ་རྟེན་དང་བཅས་པ་ཉིན་གསུམ་གྱི་རིང་ལ་གསུང་བཤད་བསམ་གྱིས་མི་ཁྱབ་པའི་སྒོ་ནས་དགྱེས་བཞིན་སྩལ། མཇུག་ཆོག་རྡུལ་ཚོན་ཆབ་འདྲེན་སོགས་ཀྱང་ལེགས་པར་མཛད། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་ཡང་གནང༌། ཉ་མཚོ་དགོན་འདིར་དུས་དབང་གིས་འདུལ་ཁྲིམས་དང༌། སྒྲིགས་ལམ་ཧ་ཅང་ཉམས་ཆག་ཆེ་སྟབས་ཐུགས་བརྩེ་བ་ཆེན་པོས་དགོན་དང༌། ཁམས་ཚན་སོ་སོའི་ལས་ཀྱི་སྣེ་མོ་རྣམས་ལ་འདུལ་ཁྲིམས་སྤྱི་དང་ཁྱད་པར་རྩ་བ་བཞི་ཆང་དང་བཅས་པ་དམིགས་མེད་ཀྱི་སྤང་བླང་ཚུལ་མཐུན་ཞིག་འཇམ་མགོན་བླ་མའི་རྗེས་འཇུག་ཡིན་ན་ངེས་པར་དགོས་རྒྱུ་དང༌། གལ་སྲིད་འགལ་རིགས་ཤར་ན་ལུགས་གཉིས་ཁྲིམས་ཀྱི་མཐའ་འདེད་དང་འབྲེལ་ཉེས་མཐུན་གྱི་ཆད་པ་རྒྱུ་ངོ་ཟོལ་འཇོག་ཏུ་མ་སོང་བ་ཕབ་སྟེ་རྒྱལ་བསྟན་ནམ་གནས་བར་རྒྱུན་འཇགས་བྱ་དགོས་རྒྱུའི་བཀའ་སློབ་གནང་བ་ཐམས་ཅད་ཀྱིས་ཅི་གསུང་དད་སྒྲུབ་ཞུས་ཏེ་བསྟན་པ་རིན་པོ་ཆེ་མི་ནུབ་པའི་ཆ་རྐྱེན་དུ་བཅའ་ཡིག་ཀྱང་སྩལ། གནས་བཅུའི་རྟོགས་བརྗོད་སྐུ་ཐང་ཉེར་གསུམ་ཁྱད་པར་དུ་འཕགས་པ་ཞིག་སྤྱི་འཇོག་ཏུ་ཕུལ་བར་མཛད། སྡེ་ཐོག་རྣམས་སུ་སོ་སོའི་མོས་པ་བཞིན་བྱོན་ཏེ་བསླབ་སྟོན་དང་འདོད་ཆོས་ཅི་རིགས་སྩལ་ཏེ་སྡིག་སྤོང་དགེ་སྒྲུབ་ཀྱི་བསོད་ནམས་རྒྱ་ཆེན་པོ་ལ་བཀོད། ཝ་ཞབས་བུའུ་མི་ཚན་དུ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར་ཏེ་ཁྱེད་རྣམས་ནས་འདུལ་ཁྲིམས་ཡོངས་སུ་དག་པའི་སྒོ་ནས་སྤོང་བ་བསམ་གཏན་གྱི་འཁོར་ལོ་ལ་ཆིག་སྒྲིལ་མཛད་དགོས་ཞེས་བཀའ་སྩལ་ཞིང་རྡོར་དྲིལ་ཆ་དང་བྱིན་རྟེན་གནང༌། ལོ་ལྟར་བླ་མཆོད་དང་འབྲེལ་བའི་སྟོང་མཆོད་ཉིན་གཉིས་རེར་ཆག་མེད་འབུལ་རྒྱུའི་གཏོང་རྩ་སྦྱོར་འཇགས་སོགས་ལུགས་གཉིས་ཀྱི་སྒོ་ནས་ཡིད་ཚིམས་པར་མཛད། མཛོད་པ་བསོད་རྒྱལ་དུས་ཆོས་སུ་གྱུར་པའི་ཆེད་དུ་ཉ་མཚོ་དགོན་དང༌། བྲག་མགོ་དགོན་སོགས་ལ་ལྗོན་ཇ་འཁོར་བཞི་བཅུ་ཙམ་རེས་གསུང་བསྐུལ་དང༌། རྗེ་ཉིད་ནས་ཀྱང་ཐུགས་བརྩེ་བའི་སྤྱན་དམིགས་ནན་ཏན་གནང༌། རྟ་༡༨༨༢ལོར་རྟའུ་ཉ་མཚོ་དགོན་གྱི་སྨོན་ལམ་ཆེན་མོའི་མགོན་དུ་བཞུགས་ཏེ་སྔ་དྲོ་སྐྱེས་རབས་ཀྱི་འཆད་ཉན་རྨད་དུ་བྱུང་བས་སེར་སྐྱ་མཐའ་དག་གི་རྒྱུད་ལ་བྱང་ཆུབ་མཆོག་གི་ས་བོན་བསྐྲུན། ཕྱི་དྲོ་འདུས་པ་རྒྱ་མཚོའི་དབུས་སུ་སྤྱན་འདྲེན་ཁྲུས་གསོལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང༌། བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང༌། འགྲོ་བ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་བདེ་ལེགས་རྒྱུན་མི་འཆད་དུ་འབྱུང་བའི་ཐུགས་སྨོན་ཞལ་འདོན་གྱི་རིམ་པ་རྒྱ་ཆེར་གནང༌། སྐབས་ཤིག་དེའུ་ཕྱུག་མོའི་ལྷ་རིའི་ནགས་ཚལ་ལ་མེ་ཤོར་བས་ལུང་ཁོག་འུར་སྒྲ་དང༌། ཚག་སྒྲས་གང་བར་གྱུར། དགོང་ཀར་ཞབས་གྲས་དཀོན་མཆོག་རྡོ་རྗེས་དེ་ལུགས་ཞུས་པར་ཨ་ཁ། ད་ཅི་ནས་ང་ལ་མི་ཟེར་བ་གསུང༌། དེ་མ་ཐག་སྐར་ཁུང་ནས་གཟིགས་ཏེ་ཀ་པཱ་ལའི་ནང་མཆོད་ཞལ་དུ་བཞེས་ཏེ་དེ་ཕྱོགས་སུ་གཏོར་བས་རིང་པོར་མ་ལོན་པར་མེ་རྣམས་རང་ཞིར་སོང་བ་ནི། ཕར་ཕྱིན་ཐེག་པ་ལྟར་ན་ཕྱིར་མི་ལྡོག་པའི་རྟགས་དང༌། སྔགས་ལྟར་ན་ཏིང་འཛིན་ཙམ་གྱིས་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པའི་རྣམ་འབྱོར་པ་ཆེན་པོའི་རྟགས་སུ་མངོན་ནོ། །སྨོན་ལམ་གྱི་ཕྱག་ལེན་རྣམས་དབུས་གཙང་དང་མི་མཐུན་པར་འདུག་པས། ཕྱིན་ཆད་གྲྭ་བགྲེས་གཞོན་ཀུན་གྱི་ཐུགས་ཡུལ་དུ་བཞག་སྟེ་ཁུངས་བཙུན་བྱ་དགོས་པའི་བཀའ་ཕེབས། བྲག་མགོ་དགོན་དུ་ལམ་རིམ་བདེ་ལམ་གྱི་བཤད་ལུང་ཕྲ་ཞིབ་ཉིན་བཅོ་ལྔའི་བར་གནང་ཞིང་སེམས་བསྐྱེད་མཆོད་པར་མཛད། རྗེ་གྲུབ་པའི་དབང་ཕྱུག་ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱི་སྒྲུབ་ཕུག་ཏུ་ཐུགས་དམ་རྣམ་འབྱོར་གྱི་རིམ་པ་ཟབ་རྒྱས་དང༌། རི་ཁྲོད་པ་རྣམས་ལའང་མོས་མཚམས་དམ་པའི་ཆོས་ཀྱི་གྲུ་ཆར་དང་འབྲེལ་བར་ཡིད་འཁུལ་བའི་བསླབ་སྟོན་རྗེན་པར་གནང༌། རྒྱ་དཔོན་ཆེན་ཏཱ་ཞིན་ཟེར་བ་མ་ཟུར་ཕོ་བྲང་དུ་འབྱོར་བས། རྗེ་འདི་ཉིད། གདོང་ཐོག་སྤྲུལ་སྐུ། རབ་མཚར་སྤྲུལ་སྐུ་གསུམ་གདན་འདྲེན་ཞུས་ཏེ་ཁོ་རང་དང་ལྷན་དུ་གསོལ་ཚིགས་དྲངས། སྐྱབས་རྗེ་དམ་པ་འདི་ལ་བཀུར་བཟོས་གཞན་འགྲན་མ་མཆིས་པས་ཕྱག་རྟགས་ཕུལ་བ་བཞེས། རྒྱའི་ཐུ་སུ་ཆུང་བར་ཚིག་བཀྱོན་ཕོག་པའི་ཞུ་སྦྱོར་ངོ་ཆེན་ཀྱང་མཛད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དུལ་བའི་ཆོ་ག་རབ་རྫོགས་སྲིན་བུའི་བལ། ། མཐོང་ན་འདུན་པའི་རྩེ་མོ་གཡོ་བ་བཞིན། ། ཁྲོ་གཏུམ་སྲོག་ལ་འཚེ་བས་འཚོ་བ་ཡང༌། ། མགོན་འདིའི་སྐུ་ལ་མཆོད་པའི་མེ་ཏོག་འཛིན། ། འོན་ཀྱང་བྱང་ཆུབ་སེམས་ཀྱི་གནམ་འགྲོའི་རླབས། ། ནག་ཕྱོགས་མུན་པས་བཟོད་དཀའ་གཤིས་ལགས་ཏེ། ། གཞུང་བཟང་རིག་པའི་ར་བ་འགྲིམས་མྱོང་བའི། ། དཔྱོད་ལྡན་སུ་ཞིག་དེ་ལ་མཚར་དུ་བརྩི། ། འགྲོ་བའི་བླ་མས་བསྐལ་མང་བསྒྲུབས་པ་ཡི། ། གཡུང་དྲུང་འཁྱིལ་པས་བརྒྱན་པའི་ཞབས་དྲུང་ན། ། རབ་འབར་སེམས་མེད་མེ་ཡི་ཕུང་པོ་ཡང༌། ། བསིལ་བའི་རྣམ་འགྱུར་ངོམ་པ་མ་ཡིན་ནམ། ། མི་སྡུག་ལྟ་བ་ངན་པའི་བཞིན་རིས་ཅན། ། བོན་སྟོན་གཤེན་རབ་རྗེས་འབྲང་འགའ་ཞིག་ཀྱང༌། ། རྨོངས་ཞེན་གྲུབ་མཐའི་དྲེགས་པ་ཀུན་བཏང་ནས། ། འདི་ལ་ཞི་བ་བདུད་རྩིའི་ཆབ་རྒྱུན་འཐུངས། །

 ཞེས་བྱ་བ་ནི། བསྡུས་དོན་གྱི་ཉམས་འཆར་བའི་ཚིགས་སུ་བཅད་པའོ།།

༤ ལི་ཐང་ཐུབ་ཆེན་དགོན་དུ་སྨོན་ལམ་ཚོགས་དབུར་ཕེབས་ཏེ་ཁུལ་དེའི་ཡུལ་དགོན་སྡེ་གསུམ་ལ་དུས་འཁོར་དབང་ཆེན་དང་བྱང་ཆུམ་ལམ་རིམ་ སོགས་མདོ་སྔགས་ཀྱི་བཀའ་ཆོས་དུ་མ་སྩལ་བའི་ཚུལ། ཆུ་ལུག་༡༨༨༣ལོར་ལི་ཐང་ནས་གསོལ་བ་བཏབ་ཚུལ་གོང་གསལ་ལྟར་ཆིབས་བསྒྱུར་གནང་བའི་ལམ་དུ་འབྲུག་སྨན་མཚོ་མ་བུས་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་གི་སྐུ་བརྙན་ཞིག་ཕུལ་བ་རྟེན་འབྲེལ་ལེགས་པར་དགོངས་ཏེ་བཞེས། བཞུགས་ཞག་སོ་སོར་སྐྱེ་བོའི་ཚོགས་གྲངས་མེད་པ་ལ་ཕྱག་དབང༌། མ་ཎི། སྒྲོལ་མ། འཕོ་ལུང་སོགས་འདོད་ཆོས་ཅི་རིགས་བརྩེ་བ་ཆེན་པོས་སྩལ། སྟག་སེང་སུམ་མདོར་གདུགས་དཀར་གྱི་རྗེས་གནང༌། ལམ་གཙོའི་ཁྲིད། བཟང་སྤྱོད་ཀྱི་ལུང་བཅས་གནང༌། བཀྲ་ཤིས་ཤར་དུ་སྐྱེ་བོའི་ཚོགས་མཐའ་ཡས་པར་ཕྱག་དབང་སོགས་གནང་ཞིང་ཡིག་དྲུག་རྒྱུན་འདོན་ཁས་ལེན་མཁན་ཡང་མང་དུ་བྱུང༌། ཁྲ་ཆེན་ཐང་དཀར་དུ་ཧོར་ཟླ་དྲུག་པའི་ཡར་ཚེས་ནས་རྒྱུད་ཀྱི་དགོངས་པ་དང་མཐུན་པར་ཕྱོགས་བརྟག ལྟོ་འཕྱེ་བརྟག་པ། སའི་ཟུག་རྔུ་བསལ་བ་སོགས་ཞིབ་རྒྱས་མཛད། ས་སྟེགས་གཞའ་ཚོན་ཆེ་སྟབས་ཉིན་བཞིན་ཕུར་བུར་མཆོད་པ་མ་ཆད་པའི་མུར་ལམ་རིམ་ཆེན་མོའི་བཤད་ཁྲིད་སྩལ་ཞིང༌། བར་སྐབས་རྣམས་སུ་རུ་ཐོག་སོ་སོར་བསྐྱོད་དེ་གང་ལ་གང་འདུལ་གྱི་དམ་ཆོས་བདུད་རྩིའི་གྲུ་ཆར་ཅི་ཡང་ཕབ། ཟླ་བ་དེ་གའི་ཚེས་བཅུར་དཔའ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང་ཆེན་སྟ་གོན་དང་བཅས་པ། མར་ངོའི་ཚེས་བཅུ་ལ་རྗེ་བཙུན་མཁའ་སྤྱོད་དབང་མོའི་བྱིན་རླབས་དང་སྔགས་བཏུའི་རྗེས་གནང༌། བཀའ་སྲུང་དུར་བདག་གི་རྗེས་གནང་ཚོགས་མཆོད། ཟླ་བ་བདུན་པའི་ཞི་ཕྱོགས་ཀྱི་ཚེས་དགེ་བ་ནས་སྔར་གྱི་དུས་འཁོར་ས་ཆོག་གི་འཕྲོ་དང༌། ཐིག་ཚོན་གྱི་སྐོར་རྣམས་ཞིབ་པར་གནང་སྟེ་བཅུ་བཞི་ལ་སྟ་གོན། བཅོ་ལྔ་ལ་བྱིས་པ་ལྟར་འཇུག་པའི་དབང་བདུན། བཅུ་དྲུག་ལ་གོང་མ་གོང་ཆེན་སློབ་དཔོན་གྱི་དབང་མཐའ་རྟེན་བཅས་སྔོན་མེད་ལེགས་བཤད་གདོང་ལྔ་འབར་བའི་དབྱིངས་ཀྱིས་སྩལ། རྡུལ་ཚོན་གྱི་དཀྱིལ་འཁོར་ཞག་བདུན་ཕྲག་གཅིག་གི་བར་བཞུགས་སུ་གསོལ་ཏེ་སྐལ་བཟང་དད་ལྡན་རྣམས་ལ་ཕྱག་མཆོད་བསོད་ནམས་ཀྱི་སྒོ་འཕར་ཡངས་པོར་ཕྱེས། ས་ཕྱོགས་དེར་འབུ་སྲིན་གྱི་གནོད་འཚེ་བཟོད་དཀའ་བ་ལྟ་བུར་ཡོད་ཀྱང་ཉིན་བཅོ་ལྔའི་རིང་དཀྱིལ་འཁོར་སོགས་ལ་གླགས་འཇུག་གནོད་ཕྲ་མོ་ཙམ་ཡང་མ་བྱུང་བས་ཐམས་ཅད་ངོ་མཚར་དང་དགའ་བདེའི་དཔལ་ལ་སྦྱར། མཇུག་ཏུ་ཚོགས་ཀྱི་འཁོར་ལོ་མཛད། དཀྱིལ་འཁོར་གཤེགས་ཤིང་རྡུལ་ཚོན་མཆོད་རོལ་དང་བཅས་ཆབ་ལ་སྤྱན་དྲངས་ཏེ་འཇིག་རྟེན་ཀུན་ཏུ་བདེ་ལེགས་རྒྱུན་མི་འཆད་དུ་འབྱུང་བའི་ཐུགས་སྨོན་རྒྱ་ཆེར་གནང༌། རྗེས་སུ་དད་ལྡན་དག་གིས་དཀྱིལ་འཁོར་གྱི་སྟེགས་བུའི་ཁར་རྣམ་རྒྱལ་མཆོད་རྟེན་ཐོག་བརྩེགས་གསུམ་མ་ཞལ་ཧོར་ཕྱོགས་སུ་གཟིགས་པ། བུམ་ནང་དུ་རྣམ་རྒྱལ་རྡོ་སྐུ་མི་ཚད་བཅས་རྗེ་ཉིད་ཀྱི་ཞབས་བརྟན་ལ་དམིགས་ཏེ་བཞེངས། གཞན་ཡང་མདོ་སྔགས་ཀྱི་ལམ་རིམ་ཆེན་མོ་གཉིས་ཀྱི་ཁྲིད། རྗེ་རང་གི་ཟིན་བྲིས་ཀྱི་ལུང༌། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན་སྔ་ཕྱི་གཉིས་བཅས་སྩལ་ཏེ་ཆོས་གྲལ་དུ་འཁོད་པའི་སྐྱེ་བོ་མཐའ་དག་ལ་ཆོས་གཟུགས་ཀྱི་སྐུ་གཉིས་མྱུར་བར་འགྲུབ་པའི་རྟེན་འབྲེལ་བསྒྲིགས། འདི་སྐབས་ཉག་སྨད་པ། རྒ་པ། གཞག་གསར་རྙིང༌། གྱོང་པ་སོགས་ནས་སྐྱེ་བོ་དཔག་མེད་འདུས་པ་རྣམས་ཀྱིས་སོ་སོའི་ནུས་པ་དང་འཚམས་པའི་སྡིག་སྤོང་དགེ་སྒྲུབ། ཁྱད་པར་སྲོག་གཅོད་སྤོང་བ། ཡིག་དྲུག་རྒྱུན་འདོན་དམ་བཅའ་བ་མང་དུ་བྱུང་ཞིང་དམ་པའི་ཆོས་ཀྱིས་རེ་བ་བསྐངས་ཏེ་མི་ལྡོག་དད་པའི་ས་ལ་བཀོད། ལི་ཐང་དུ་དཔོན་སྐལ་བཟང་ཚེ་རིང་ཕ་བུ་སོགས་སེར་སྐྱ་གྲངས་ལས་འདས་པ་ལ་ཐུགས་བརྩེ་བ་ཆེན་པོས་བརྡ་དོན་འཕྲོད་ངེས་ཀྱི་གསུང་བཤད་མཐའ་ཡས་པའི་སྒོ་ནས་བྱང་སེམས་ཀྱི་སྡོམ་པ་འབོགས་པར་མཛད་དེ་དགེ་རྩ་རྣམས་ཀྱང་ཐེག་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་རྒྱས་པའི་རྒྱུར་བསྔོ་བ་གནང༌། སོག་ལོག་མགུ་ཐང་དུ་སེར་སྐྱ་མང་པོར་ཐུགས་རྗེ་ཆེན་པོའི་དབང་ཆེན་ཡིག་དྲུག་བཟླས་ལུང༌། འཕོ་ལུང་སོགས་སྩལ། མགོ་ལོག་དགོན་གསར་དུ་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་ཆེན་སྟ་གོན་དང་བཅས་པ་གནང༌། རབ་གནས་ཆེན་མོའི་དབུ་བཞུགས་མཛད། ལི་ཐང་དགོན་ཆེན་དུ་བསུ་བ་སེར་སྦྲེང་སོགས་རྒྱལ་བ་པཎ་ཆེན་ལྟ་བུར་གུས་པའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་ཅིང་རྗེ་བླ་མ་ཉིད་ཀྱིས་ཀྱང་དབུ་ལ་པཎ་ཞྭ་སྣེ་རིང་དང༌། སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་གསོལ་ཞིང་དགེ་སྦྱོང་མཆོག་གི་ཆ་ལུགས་བལྟ་བས་ཆོག་མི་ཤེས་པས། འཆི་མེད་དབང་པོའི་ནོར་བུ་རིན་ཐང་དང་བྲལ་བའི་རྒྱན་རྣམས་ཀྱང་མོག་མོག་པོར་བྱེད་པའི་གཟི་བརྗིད་ཀྱི་ཕུང་པོ་ངོམ་བཞིན་གཞུང་ལམ་ནས་ཕེབས་ཏེ་འདུ་ཁང་ཆེན་མོར་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའི་གསེར་ཁྲི་ལ་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལྷང་ངེར་བཀོད། དེ་ཡང་རྗེ་ཉིད་ཀྱི་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཞུགས་ཁྲི་ལ་བདག་ལྟ་བུ་སྡོད་པར་ག་ལ་འོང་ཞེས་ཐུགས་ཤིན་ཏུ་མི་དགྱེས་པར་མཛད་ཀྱང་མཁན་པོ་གདན་ཟུར་སོགས་སེར་སྐྱ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་ནན་ཏན་བཏབ་པའི་ངོ་ཟློག་པར་མ་ནུས་སོ། །དེར་འཁོད་རྣམས་ལ་མཇལ་ཁ་གནང༌། འདུ་ཁང་ཆེན་མོར་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ས་བརྟག་གནང༌། ཐུབ་ཆེན་གྱི་མདུན་དུ་སློབ་དཔོན་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་མཐའ་ཡས་པ་ལ་ལམ་རིམ་བདེ་ལམ་གྱི་བཤད་ལུང་གི་དབུ་བཙུགས། ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ལ་སློབ་མ་རྗེས་འཛིན་མཛད། སྟེགས་བུའི་དབུས་སུ་བུམ་གཏེར་འཇུག་པ་དང་རྟགས་འཇོག་པ་སོགས་ས་ཆོག་དང༌། རྡུལ་ཚོན་གྱི་སྐོར་རྣམས་ཕྱག་ལེན་ཕྲ་ཞིབ་རྣམ་པར་དག་པའི་སྒོ་ནས་ཚེས་བཅུ་གསུམ་ལ་དཀྱིལ་འཁོར་ལེགས་པར་གྲུབ་སྟེ་བཅུ་བཞིའི་ཉིན་མཁན་པོ་གདན་ཟུར། མཆོག་སྤྲུལ་ཁག དགེ་བའི་བཤེས་གཉེན་སོགས་སྡེ་སྣོད་འཛིན་པ་སུམ་སྟོང་དུ་ཉེ་བ་དང༌། སྡེ་ཁག་ཕན་ཚུན་གྱི་ཁྱིམ་པ་ཕོ་མོ་སེར་སྐྱ་གྲངས་མེད་པ་ལ་སྟ་གོན་གྱི་རིམ་པ་དམིགས་ཕུག་པའི་གསུང་བཤད་བཅས་ཞིབ་རྒྱས། བཅོ་ལྔ་ལ་བྱིས་པ་ལྟར་འཇུག་པའི་དབང་བདུན་བཅུ་དྲུག་ལ་གོང་མ་གོང་ཆེན་བཞི་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་མཐའ་རྟེན་རྗེས་གནང་དང་བཅས་པ་སྨིན་རྒྱས་ཀྱི་མཇུག་ཏུ་དམ་ཚིག་རྣམས་སྲོག་བསྡོས་སུ་སྲུང་དགོས་ཚུལ་ནན་ཏན་དུ་གདམས་ཤིང་བརྟུལ་ཞུགས་ཉེར་ལྔའི་ངོ་བོ་དང་གྲངས་ངེས་ཀྱང་ཞིབ་གསལ་དཀྱིལ་འཁོར་གྱི་ཡོལ་བ་བསལ་ཏེ་སྐལ་ལྡན་རྣམས་ལ་མཇལ་ཁ་གནང༌། ཚོགས་ཀྱི་འཁོར་ལོ་དང་རྡུལ་ཚོན་ཆབ་འདྲེན་སོགས་སྦྱོར་དངོས་མཇུག་གི་ཆོ་ག་མཐའ་དག་འཇམ་མགོན་རྒྱལ་བ་གཉིས་པའི་བཞེད་དགོངས་འཁྲུལ་མེད་གཟུགས་སུ་ཤར་བ་ལྟ་བུས་དུས་ཀྱི་མཐའ་འདིར་དང་པོའི་སངས་རྒྱས་ཤྲིའཀ་ལ་ཙ་ཀྲའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། གཞན་ཡང་བདེ་ལམ་གྱི་འཕྲོ་ལམ་རིམ་ཆེན་མོའི་བཤད་ལུང༌། སྔགས་རིམ་ཆེན་མོའི་ཁྲིད། བླ་མ་མཆོད་པའི་ཁྲིད། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་དང་བསྐྱེད་རྫོགས་ཀྱི་ཁྲིད། བཀའ་སྲུང་དུར་བདག་གི་རྗེས་གནང༌། འཇིགས་བྱེད་དཔལ་བོ་གཅིག་པའི་དབང་ཆེན་དང་བསྙེན་ཡིག་གི་ཁྲིད། མགོན་པོ་ཕྱག་དྲུག་པ། ཞལ་བཞི་པ། ཆོས་རྒྱལ། ལྷ་མོ། ལྕམ་སྲིང་རྣམས་ཀྱི་རྗེས་གནང༌། མགོན་དཀར་གཏོར་ཆོག་གི་ལྗགས་ལུང་སོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། འཇིགས་བྱེད་དཔའ་གཅིག་གི་བསྙེན་ཆེན་ཁས་ལེན་མཁན་སྡེ་སྣོད་འཛིན་པ་བརྒྱ་དང་བཅུ་གཅིག་ཙམ་དང༌། བླ་མ་མཆོད་པ་དང༌། མཁའ་སྤྱོད་མའི་བསྒོམ་བཟླས་རྒྱུན་གྱི་རྣལ་འབྱོར་དམ་བཅའ་བའང་དེ་མཚུངས་བྱུང༌། ཕྱོགས་འདིར་གྲུབ་མཐའི་ཆགས་སྡང་ཤིན་ཏུ་ཆེ་ཡང་རྗེ་འདི་གཞན་འགྲན་མ་མཆིས་པའི་དབང་གིས་རྙིང་མ་གྲྭ་ཚང་ནས་བཀུར་སྟི་བསམ་གྱི་མི་ཁྱབ་པས་གདན་དྲངས་ཏེ་ཚོགས་ཡོངས་ལ་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་སྩལ། གཡོན་རུའི་གྲྭ་ཚང་དུ་ཐུགས་རྗེ་ཆེན་པོའི་དབང་ཆེན། འཕོ་ལུང་དཔའ་བོ་གཡུལ་འཇུག་ཡིག་དྲུག་བཟླས་ལུང་བཅས་གནང༌། ཁྱིམ་ཁག་སོ་སོར་མོས་པ་བཞིན་བྱོན་ཏེ་ཡིག་དྲུག་བཟླ་བ་སྲོག་བཅོད་སྤོང་བ། གཟུངས་སྔགས་གང་ཟབ། བཟང་སྤྱོད། ལྟུང་བཤགས། སྒྲོལ་མ་རྒྱུན་འདོན་སོགས་གང་འོས་ཀྱི་བསོད་ནམས་ལ་སྦྱར། ཁྱད་པར་སྡེ་འདི་དག་ཏུ་རྒྱ་ལུག་ཟེར་བ། རྒྱ་མིར་ལུག་མང་པོ་བཙོང་སྟེ་མི་གཅིག་གཉིས་རེས་ཀྱང་ལུག་སྟོང་ཕྲག་ཏུ་ཉེ་བ་དེད་ནས་འགྲོ་བ་དང༌། ལུག་དེ་རྣམས་འགྲོ་ལམ་དུ་མཚན་མོ་ཁ་ཕྱིར་འཁོར་ཏེ་མགོ་ཕ་ཡུལ་ཕྱོགས་སུ་བསྟན་ནས་ཉལ་བ་དང༌། རྒྱ་ཡུལ་དུ་སྔ་མ་བཙོང་ནས་ཕྱི་མ་མ་ཚོང་བ་རྣམས་ལ་ལྟོ་མི་སྟེར་ཞིང་ལྕེ་ཤིང་སྡོང་ལ་ལྕགས་གཟེར་གྱིས་བརྡབ་པ་སོགས་སྡུག་བསྔལ་བའི་རྒྱུ་མཚན་རྣམས་གསན་པས་བདག་གཞན་གཉིས་གར་འདི་ཕྱི་ཀུན་ཏུ་གནོད་འཚེའི་རྒྱུར་གཟིགས་ཏེ་སྤྱན་ཆབ་རང་དབང་མེད་པར་ཤོར། བརྩེ་བ་ཆེན་པོས་མ་བཟོད་པར་རྒྱ་ལུག་བཙོང་མཁན་རྣམས་ལ་དངོས་པོའི་གནང་སྦྱིན་གང་འདོད་དུ་སྩལ་ནས་ཕྱིན་ཆད་དེ་འདྲ་མི་བགྱིད་པའི་དམ་སྡོམ་དགོས་ཞེས་རེ་རེ་བཞིན་ཆེད་གཉེར་གྱིས་བཀའ་ནན་ཏན་གནང༌། རི་དྭགས་བཤོར་བ་རྣམས་ལ་ཡང་དེ་ལྟར་མཛད་པས་ཧ་ཅང་སྐལ་བ་ངན་པ་རེ་ཟུང་མ་གཏོགས་ཕལ་ཆེར་གྱིས་སྲོག་དང་བསྡོས་ཏེ་ཁས་བླངས། གཡོན་རུའི་ཆོས་ཐོག་ཏུའང་སྔར་ཕན་ཤ་འབའ་ཞིག་གིས་གཏོང་སྒོ་བྱེད་སྲོལ་ལྟར་ལོ་རེར་མ་མཐའ་གཡག་བཞི་བཅུ་ཁ་གྲངས་གསོད་དགོས་འདུག་པ་ལ་ཕྱིན་ཆད་ཤའི་དོད་འབྲས་དང་མར་ཁུས་བྱེད་རྒྱུ་བཀའ་སྩལ་པ་དེ་དག་གིས་ཀྱང་དད་འདུན་རྩེ་གཅིག་པས་དང་དུ་བླངས་ཏེ་ཕན་བདེ་ཚད་མེད་པ་ལ་བཀོད། དེ་ནས་ལྔ་བཅུ་གྲྭ་ཚང་དུ་འཕགས་པ་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན། ཡིག་དྲུག་བཟླས་ལུང༌། འཕོ་ལུང་བཅས་གནང༌། སྦྲ་ཁག་སོ་སོར་བྱོན་ཏེ་འདོད་ཆོས་སྩལ། བྲག་རི་ཁར་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་ཆེན། ཡིག་དྲུག་བཟླས་ལུང༌། འཕོ་ལུང༌། རུ་ཐོག་སོ་སོར་འདོད་ཆོས་ཚིམས་པར་གནང༌། ཡུལ་ཉེར་བཞིའི་ཡ་གྱལ་གནས་མཆོག་ཀཱ་མ་རུ་པར་གྲགས་པ་ཀ་འབུར་གནས་གཟིགས་སུ་བྱོན་སྐབས། གནས་བདག་རྡོ་རྗེ་དཔལ་བརྩེགས་ཀྱི་ལྷ་རིའི་རྩེ་ནས་བསང་དུད་བྱུང་བ་མཆོག་དམན་མཐའ་དག་གིས་མངོན་སུམ་དུ་མཐོང༌། གནས་དེའི་རི་ཀླུང་ཐམས་ཅད་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རང་བྱོན་གྱིས་གང་བ་དང༌། ཆུ་སྒྲ་ལས་ཡི་གེ་བདུན་པ་དངོས་སུ་ཉན་རྒྱུ་ཡོད་པ་དང༌། ཕ་བོང་ལ་ཀ་ཡིག་འབུར་དུ་དོད་པ་སོགས་རྟེན་ཡ་མཚན་ཅན་རྣམས་ལ་ཞིབ་ཏུ་མཇལ་ཞིང༌། ཕུག་པར་བླ་མཆོད་ཀྱི་སྒོ་ནས་ཐུགས་དམ་གནང༌། ཆོས་འབྱུང་མཐིལ་དུ་དཔལ་འཁོར་ལོ་སྡོམ་པའི་ཚོགས་འཁོར་དང༌། དཔའ་བོའི་དཔྱིད་གླུ་སོགས་ཀྱི་གནས་གསུམ་མཁའ་འགྲོའི་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་ཚིམ་པར་མཛད་པས། ལྷ་སྲུང་དགྱེས་པའི་མཚན་མའི་དབྱར་རྔ་དལ་གྱིས་རྒོད་ཅིང་སྦྲང་ཆར་ཟིམ་བུར་འབེབས་པ་དང༌། མཚར་སྡུག་འཇའ་སྤྲིན་གྱི་ཚོགས་རྣམས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཁོར་ཡུག་ཀུན་ནས་དཀྲིགས་པར་གྱུར། དབྲ་ཕུ་གྲོག་ཚང་དུ་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན་དང༌། མ་ཎིའི་ལུང་བཅས་སྩལ། འཕོས་རུ་རྫོང་དུ་གདུགས་དཀར་ལྷ་བཅུ་བདུན་གྱི་དབང་ཆེན་གནང༌། རུ་ཁག་སོ་སོར་ཡང་ཟབ་ཆོས་ཀྱི་འབྲེལ་པ་བཞག ལི་ཐང་གདོང་གྲལ་བ་རྣམས་ལ་སེང་གདོང་མའི་རྗེས་གནང་དང༌། ཆོ་གའི་ལྗགས་ལུང་བཅས་སྩལ། ཐུབ་ཆེན་གྱི་མདུན་དུ་སློབ་མའི་ཚོགས་མཐའ་ཡས་པ་ལ་གསང་འདུས་འཕགས་ལུགས་ཀྱི་དབང་ཆེན་སྟ་གོན་དང་བཅས་པ་རྒྱུད་སྡེའི་གནད་ཕྱུང་བའི་གསུང་བཤད་ཀྱིས་བརྒྱན་ཏེ་ངེས་ཤེས་འདྲོངས་ངེས་སུ་གནང༌། གྲྭ་ཤག་སོ་སོར་མོས་པ་བཞིན་བྱོན་ཏེ་སོ་སོའི་འདོད་ཆོས་དང༌། ཁྱད་པར་རང་ཅག་དུས་མཐའ་འདིར་ཡང་རྗེའི་བསྟན་པ་དང་མཇལ་བ་སྐལ་བ་ཆེས་བཟང་བས། རང་གི་ཁས་བླངས་པའི་བསླབ་པ་ལ་གཅེས་སྤྲས་ཡགས་པོ་དགོས་པའི་ཞལ་ཏ་མཛད། རྗེ་ཉིད་ཀྱི་སྣམ་སྦྱར་བྱིན་བརླབས་ཅན་དང༌། ནང་མཛོད་དྲི་བྲལ་བཅས་ཕུལ་ཏེ་ཐུགས་སྨོན་ཡུན་རིང་པོའི་བར་དུ་གནང༌། ཚ་ལྟག་རི་ཁྲོད་དུ་ཉེ་བརྒྱུད་འཆི་མེད་རྡོ་རྗེ་སྲོག་ཤིང་གི་ཚེ་དབང་སྩལ་ཞིང༌། ཡིག་དྲུག་ཉིན་ལྟར་གྲངས་བཅད་ཆག་མེད་དགོས་པའི་བསླབ་སྟོན་མཛད། དེར་སྐུ་མཚམས་དམ་པར་བཅད་དེ་ཚེ་དཔག་མེད་ལྷ་དགུ་དང༌། གསང་འདུས་འཇིག་རྟེན་དབང་ཕྱུག་གི་གཟུངས་སྔགས་ཟབ་མོའི་ལྗགས་བསྙེན་ཁ་སྐོང་གི་སྦྱིན་སྲེག་བཅས་གནད་སྨིན་མཛད། སླར་ཡང་དགོན་ཆེན་དུ་གདུགས་དཀར། མི་འཁྲུགས་པ་ལྷ་དགུ། ཚེ་དཔག་མེད་ལྷ་དགུ། གསང་འདུས་འཇིག་རྟེན་དབང་ཕྱུག་རྣམས་དགྱེས་པ་ཆེན་པོས་གནང༌། ཚོགས་ཆེན་དུ་མང་ཇ་ཉིན་འཁྱོངས་དང༌། སྐུ་འགྱེད་ལྗོན་ཇ་འཁོར་ཕྱེད་རེ་ཕུལ་ཏེ། ཆོས་དང་ཟང་ཟིང་གི་བསྙེན་བཀུར་ཀུན་བཟང་མཆོད་པའི་སྤྲིན་གྱི་མཆེད་ཟླར་མཛད། དགུ་གཏོར་ཆེན་མོའི་འཆམས་ཀྱི་གཟིགས་མོར་བྱོན། མཁན་རིན་པོ་ཆེས་སྨོན་ལམ་ཆེན་མོའི་དབུ་བཞུགས་འཆད་ཉན་གྱི་གསོལ་བ་བཏབ་པ་ཞལ་གྱིས་བཞེས། གནམ་ལོ་གསར་ཚེས་ཀྱི་ཐོ་རངས་སུ་མ་གཅིག་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་ཞིབ་རྒྱས་ཕུལ། སྨོན་ལམ་ཆེན་མོར་སྔ་དྲོ་སྟོན་པ་ཐུགས་རྗེ་ཅན་གྱི་སྐྱེས་རབས་ཉམས་ལེན་དང་སྦྱར་བའི་གསུང་བཤད་རྒྱས་བསྡུས་འཚམས་ཞིང་གོ་བ་སྟེར་ཕུ་ཆེ་བ། སྙན་ཞིང་འཇེབས་པས་མཁས་པ་རྣམས་ཀྱི་ཐུགས་རང་དབང་མེད་པར་འཕྲོག ཕྱི་དྲོ་ཐུབ་ཆེན་རིན་པོ་ཆེའི་མདུན་དུ་འདུས་པ་རྒྱ་མཚོའི་ཚོགས་དང་ལྷན་ཅིག་སྤྱན་འདྲེན་ཁྲུས་གསོལ་མཆོད་འབུལ། ཆོས་སྤྱོད་སྨོན་ལམ་གྱི་རིམ་པ་གང་རྒྱས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཐུགས་སྨོན་མཚམས་སྦྱོར་ཤུགས་དྲག་གི་སྒོ་ནས་གནང༌། འདི་སྐབས་སྨོན་ལམ་གྱི་ཕྱག་ལེན་དང༌། ཞལ་འདོན་སྐོར་རྣམས་ལྷ་ལྡན་སྨོན་ལམ་ཆེན་མོ་དང་མི་མཐུན་པར་འདུག གཞན་སུ་ཞིག་གི་རྗེས་སུ་འབྲངས་པ་ཡིན་ཁོ་བོས་མ་ཤེས། ངེད་ཀྱི་ཡུལ་དུ་དཀར་མཛེས་དགོན་གྱི་སྨོན་ལམ་གྲྭ་ས་སེར་འབྲས་དགེ་གསུམ་གྱི་ཕྱག་ལེན་ཇི་བཞིན་བྱེད་ཅིང༌། སྔགས་ཆོག་སྐོར་དཔལ་ལྡན་སྨད་རྒྱུད་ཀྱི་ཕྱག་ལེན་བྱེད་པ་ཡིན། བྲག་མགོ་དགོན་པ་ལྟ་བུར་མཚོན་ན། སྦྱིན་བདག་དཔོན་པོས་བྱེད་ཅིང་སྨོན་ལམ་གྱི་རིང་དཔོན་གྱི་མངའ་འོག་གི་ཁྲིམས་རྣམས་ཀྱང་དགེ་བསྐོས་གྱིས་བཅོད་དགོས། གཏོར་རྒྱབ། སེར་སྦྲེང༌། ཐ་ན་མེ་མདའ་རྒྱག་ལུགས་ཚུན་ཆད་གཞུང་ས་མཆོག་གི་ཕྱག་ལེན་ཇི་བཞིན་ཡིན། འདིར་གྲྭ་ས་སོ་སོའི་དགེ་བཤེས་ཆེན་པོའང་ཞལ་གྲངས་ལྔ་བཅུ་ཙམ་བཞུགས་འདུག་ན། རྗེ་ཐམས་ཅད་མཁྱེན་པའི་མཛད་ཆེན་བཞིའི་ཡ་གྱལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཕྱག་ལེན་འདི་རྣམས་རྗེ་རང་ཉིད་ཀྱི་སྐུ་དུས་ནས་ལྷ་ལྡན་དུ་བཙུགས་པ་དེང་སང་གི་བར་དུ་མ་ཉམས་པ་ཡིན་སྣང་ན། འདི་ལ་དགག་བྱ་དགོས་པ་ཆེན་པོ་རེ་ཡོད་ཤས་ཆེ་བས། ཁྱེད་རྣམས་ནས་ཀྱང་སྣང་བ་གང་དྲན་མ་ཡིན་པར་དཀའ་ལས་ཀྱིས་བསྒྲུབས་པའི་བྱ་བ་འདི་རྣམས་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ཐུགས་རྗེ་ཅན་དེ་ཉིད་ཀྱི་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་འགྱུར་བ་ཞིག་ཅི་ནས་མཛད་དགོས་ཞེས་ཕྱག་ཐལ་མོ་སྦྱར་ཏེ་གསུང་གདངས་མཐོན་པོས་གསུང༌།

༥ ཧོར་ཁོག་ཏུ་ཕྱིར་ཕེབས་ཏེ་རྒྱལ་བའི་དཀའ་འགྱུར་རིན་པོ་ཆེ་ལྗགས་ལུང་དང༌། བཀྲ་ཤིས་དར་རྒྱས་དགོན་སོགས་ཧོར་ཁོག་གི་དགོན་སྡེ་རྣམས་དང་ མགར་ཐར་སོགས་སུ་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཤིང༌། མདོ་སྔགས་ཀྱི་དཀའ་ཆོས་དུ་མ་སྩལ་བའི་ཚུལ།

སླར་རང་གནས་གཟིམས་ཆུང་གཡུ་ལོ་འཁྱིལ་དུ་ཞབས་པད་དྲི་མ་མེད་པ་མངོན་པར་འཁོད། དེ་སྐབས་གནམ་གཤིས་འཇམ་ཞིང་ཉི་འོད་གསལ་བཞིན་པའི་ངང་ནས་མེ་ཏོག་འདབ་མ་བཞི་པ་དང་བརྒྱད་པ་དང༌། འཁོར་ལོའི་དབྱིབས་སོགས་རྣམ་པ་སྣ་ཚོགས་པའི་ཆར་གྱི་རྒྱུན་བབས་པས་ངོ་མཚར་བསམ་གྱིས་མི་ཁྱབ་པ་སྐྱེ་བོ་ཀུན་གྱི་མིག་གི་བདུད་རྩིར་གྱུར། སྐུ་མཆེད་དཔོན་དངོས་གྲུབ་ཕུན་ཚོགས་ཡུམ་བློན། ཨ་ནེ་བློ་བཟང་ཆོས་སྒྲོན། ལྕམ་སྲིང་ནོར་འཛིན་དབང་མོ། སྐུ་ཚ་དབྱངས་ཅན་མཁའ་འགྲོ་སོགས་ཀྱིས་ཞུས་ངོར་ཤིང་སྤྲེལ་༡༨༨༤ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་ཁང་གསར་རྒྱལ་ཁབ་ཏུ་རྒྱལ་བའི་བཀའ་འགྱུར་རོ་ ཅོག་གི་ལྗགས་ལུང་སྩལ། འདི་སྐབས་ཉི་མ་ཤར་བ་ནས་མ་ནུབ་ཀྱི་བར་ཉིན་གུང་གསོལ་ཚིགས་དང༌། ཉི་དྲོས་དང༌། དགོང་ཁར་གྲོལ་ཆུང་རེ་མ་གཏོགས་ཉིན་རངས་པོར་གསུང་ཞིང་ཐུགས་དམ་ཞལ་འདོན་མཐའ་དག་མཚན་མོར་མཛད། མཚན་མོ་ཤིན་ཏུ་ཐུང་བའི་དུས་ཡིན་གཤིས་གཟིམས་ལོང་གཏན་ནས་མེད་པ་གྲངས་བརྩེགས་པས་ཉིན་མོར་ཆོས་ཁྲིའི་སྟེང་དུ་ཡང་གཟིམས་ཁུག་པར་ཆབ་གཏོར་ན་ཡང་མི་ཕན་པས་སྐུ་སྟོད་ཀྱི་ན་བཟའ་རྣམས་བསལ་ཏེ་ཞབས་པུས་བཞུགས་ཁྲིར་བཙུགས་ནས་ཕྱག་གཉིས་ཀྱིས་དཔེ་ཚན་རེ་མཐོན་པོར་བཏེགས་ནས་ཡུན་རིང་པོའི་བར་དུ་གསུང་དགོས་པ་སོགས་འོ་བརྒྱལ་བའི་ཚུལ་ཚད་མེད་པ་གནང༌། སྐུ་དྲུང་དུ་རབ་མཚར་སྤྲུལ་སྐུས་སྣར་ཐང་བཀའ་འགྱུར་དང༌། ཞལ་སློབ་མཁས་པ་གཞན་ཞིག་གིས་ལི་ཐང་བཀའ་འགྱུར་དཔེ་མནན་བགྱིས་ཏེ་ཡིག་འབྲུ་གཅིག་ཙམ་མི་གསལ་བ་ཚུན་ཆད་ཀྱང་ནན་ཏན་ཆེན་པོས་གསོ་བར་མཛད་བཞིན་གཉིད་བསྲུང་བའི་ཕྱིར་རྗེ་ཉིད་ནས་གསུང་རྟེན་དུ་བཀའ་འགྱུར་སྣར་སྤར་གདན་འདྲེན་གསར་ཞུས་གནང་བ་དེ་ལ་སྤར་སྐྱོན་སེལ་བ། ཤོག་ལྷན། དབུ་དར་སོགས་ལུང་ཞུ་བ་ལག་བདེ་དག་བྱེད་དུ་བཅུག བསྟན་པའི་བྱུར་ཆག་ཞིག་གིས་རབ་མཚར་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཁམས་ལྟེམ་པས་བཀའ་ཆོས་ལ་དགོངས་པ་ཞུས། སྙུན་བབ་ལྕི་བས་དེ་གའི་བླ་བྲང་ནས་ཞུས་ངོར་ཆིབས་བསྐྱོད་དེ། ཞབས་པད་བརྟན་པའི་གསོལ་འདེབས་མཛད། ཟླ་བ་གསུམ་ཙམ་ན་ཞི་བར་གཤེགས་པས་སྐྱབས་རྗེ་མཆོག་འདིས་སྐུ་གདུང་ཞུགས་འབུལ་སོགས་རྗེས་ཀྱི་བགྱི་བ་རྣམས་དང༌། མྱུར་འབྱོན་གསོལ་འདེབས་ཀྱང་ལྗགས་རྩོམ་གནང༌། མ་ཟུར་དཔོན་བསོད་ནམས་དབང་རྒྱལ་འདས་པར་ཆོས་ཀྱི་ས་སྐྱོང་ཆེན་པོར་སོང་གཤིས་ལུང་མཚམས་མཛད་དེ་བྱོན། ཆོས་གྲོགས་རྣམས་ཀྱིས་ཞུས་ངོར་འཇམ་དཔལ་དུས་དགྲའི་དབང་པོའི་རྣལ་འབྱོར་གྱི་སྒོ་ནས་དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བར་ཐར་པ་ཆེན་པོའི་གྲོང་མཆོག་ཏུ་འཇུག་ཅིང་དབང་བཞི་ལེན་པ་རྣམས་སྐུ་གདུང་ཡོད་རིང་དུ་ཉིན་ལྟར་གནང༌། མཇུག་ཏུ་སྤུར་སྦྱང་ཞུགས་འབུལ་སོགས་ཀྱང་ལྷ་མཆོག་དེ་ཉིད་ཀྱི་སྒོ་ནས་མཛད། གདོང་ཐོག་མཆོག་སྤྲུལ་རིན་པོ་ཆེ་ཡང་ཞིང་ལ་ཕེབས་པས་དེར་བྱོན། ཐུགས་དགོངས་རྫོགས་ཐབས་དང༌། ཡང་སྲིད་མྱུར་འབྱོན་གྱི་ཐུགས་སྨོན་རྒྱ་ཆེར་གནང༌། ནགས་ཚང་རི་ཁྲོད་དུ་ལམ་རིམ་འཆད་སྤེལ་དང༌། སེམས་བསྐྱེད་མཆོད་པ་སོགས་ཞིབ་རྒྱས་མཛད། སླར་ཡང་ཕོ་བྲང་དུ་ལྗགས་ལུང་གི་འཕྲོ་རྣམས་གནང་ནས་ཧོར་ཟླ་བཅུ་པའི་ཉེར་བདུན་ལ་སེམས་བསྐྱེད་མཆོད་པ་དང་བཅས་ལེགས་པར་གྲུབ། ལི་ཐང་བཀའ་འགྱུར་གསར་སྤར་ལ་སྔར་ནས་ཡོན་ཕུལ་བ་ལྟར་གཟིམས་ཁང་དུ་གདན་དྲངས། དར་རྒྱས་དགོན་དུ་སྨོན་ལམ་ཆེན་མོར་སྐྱེས་རབས་སོགས་ཟབ་ཆོས་ཅི་འདོད་དུ་སྩལ། གནས་ཀྱི་བླ་མ་ཐར་འགྱ་མས་ཞུས་ངོར་འཛིན་ནང་སྤྲུལ་སྐུ་སོགས་སྐལ་ལྡན་གྱི་སློབ་མ་མང་པོ་ལ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཆེན། བསྙེན་ཡིག ཆོ་ག་བཅས་ཀྱི་ལུང༌། ལམ་རིམ་དངོས་གྲུབ་ཀུན་འབྱུང་གི་ཁྲིད། སྔགས་བཏུའི་རྗེས་གནང༌། ཆོས་རྒྱལ་གྱི་རྗེས་གནང་བཅས་ཐེག་པ་མཆོག་གི་ཆོས་ཀྱི་གྲུབ་ཆར་ཕབས་པས་ཡིད་ཀྱི་ས་གཞི་བརླན་པར་བྱས། བེ་རི་དགོན་དུ་དགོན་ལྟག་མཆོག་སྤྲུལ་རིན་པོ་ཆེ་སོགས་སེར་སྐྱ་གྲངས་མེད་པ་ལ་ལམ་རིམ་བཤད་ལུང་ཉིན་བཅོ་ལྔ་ཙམ་གྱི་བར་སྩལ་ཞིང༌། སེམས་བསྐྱེད་མཆོད་པའང་རྒྱས་པར་མཛད། ཤིང་མོ་བྱ་༡༨༨༥ལོ་ཟླ་བ་གཉིས་པའི་ནང་མཚན་ཉིད་གྲྭ་ཚང་གི་འདུ་ཁང་གསར་བཞེངས་ཀྱི་ཐོག་མར་སྟེང་འོག་གི་རྟེན་རྙིང་ཞིག་གསོ་དགོས་པ་དང༌། ལོགས་བྲིས་རྣམས་ལ་རྗེ་ཉིད་ཀྱིས་ཨར་ཆོག་མཛད་དེ་ལས་གྲྭ་བཙུགས། རྟའུ་ཉ་མཚོ་དགོན་དུ་ཐུགས་རྗེ་ཆེན་པོ་དང་ཀུན་རིག་གི་དབང་ཆེན། སྨན་བླ་བདེ་གཤེགས་བརྒྱད་དང་སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། བླ་མའི་རྣལ་འབྱོར་བདུད་རྩིའི་ཆར་འབེབས། སྒྲོལ་མའི་སྒྲུབ་ཐབས། སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སོགས་དགྱེས་པ་ཆེན་པོས་གནང༌། མགར་ཐར་དུ་བྱོན་ལམ་ཨ་བ་ལ་ཕུག་ཁར་ཕེབས་དུས་ཞབས་ཕྱི་བ་རྣམས་ལ་ཁྱེད་རྣམས་ཀྱིས་ཅི་ཨེ་མཐོང་གསུང༌། མ་མཐོང་ལགས་ཞུས་པ་ལ། ངས་ལེགས་པོ་ཞིག་མཐོང་གསུངས་པར། ནམ་རྒྱུན་བཅོམ་ལྡན་འདས་ལྟར་སྐབས་མ་ཕྱེ་ན་སྐུ་ཐུགས་གསུང་གི་གཟི་བྱིན་བཟོད་དཀའ་བ་ཞིག་ཡིན་སྟབས་ཅི་གཟིགས་ཞུ་མ་ནུས་ཀྱང་དོན་དུ་དག་སྣང་ངོ་མཚར་ཅན་ཞིག་ཤར་བར་གདོན་མི་ཟའོ། མགར་ཐར་གྲྭ་ཚང་དུ་གསང་འདུས་འཇམ་པའི་རྡོ་རྗེའི་ལྗགས་བསྙེན་དང༌། ཁ་སྐོང་སྦྱིན་སྲེག་བཅས་ལེགས་པར་མཛད་ནས་སེར་སྐྱ་སྟོང་ཕྲག་མང་པོ་ལ་འཇམ་རྡོར་གྱི་དབང་ཆེན་སྨིན་རྒྱས་སུ་སྩལ། གཞན་ཡང་ཐུགས་རྗེ་ཆེན་པོ་དང༌། ཀུན་རིག་གི་དབང་ཆེན། ལམ་རིམ་བདེ་ལམ་གྱི་བཤད་ལུང་བཅས་དགྱེས་བཞིན་གནང༌། གྲྭ་ཚང་དུ་གསང་འདུས་འཇམ་རྡོར་གྱི་སྒྲུབ་མཆོད་གསར་འཛུགས་ཀྱི་རྟེན་དུ་དངུལ་སྲང་བརྒྱ་དང་ལྔ་བཅུ་གནང་སྟེ་ཇི་སྲིད་རྒྱལ་བསྟན་ནམ་གནས་ཀྱི་བར་ཚུལ་མཐུན་མཛད་དགོས་པའི་ཞལ་བཀོད་སྩལ། བསྟན་སྲུང་རྣམ་གསུམ་ཁོག་ཕེབས་ཀྱི་སྒོ་ནས་རྗེ་ཉིད་ལ་བཀུར་བཟོས་དང༌། དགྱེས་པའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པས་རྟེན་མདུང་རྩེ་གསུམ་ཕུལ་ཏེ་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་དང༌། འགྲོ་བ་ཡོངས་ཀྱི་དཔལ་མགོན་དུ་ཞབས་པད་བསྐལ་པ་རྒྱ་མཚོའི་བར་དུ་བརྟན་པར་བཞུགས་དགོས་ཞེས་ནན་ཏན་ཆེན་པོས་ཞུས། རྗེ་ཉིད་ནས་ཀྱང་ཀ་ཕྲེང་གི་བསྟོད་དབྱངས་སྙན་འགྱུར་ཁྱད་འཕགས་དང་འབྲེལ་དར་གྱི་བ་དན་གཡོ་བའི་གོས་མདུད་རེ་གནང༌། ཧོར་ཟླ་དྲུག་པའི་གཏོར་རྒྱབ་ཀྱི་འཆམས་དང༌། གྱི་ལིང་བང་རྩལ་འགྲན་པ་སོགས་ལ་གཟིགས། ཡས་མས་ཀྱི་ཁྱིམ་ཁག་དང་དཔག་སྨད་སོགས་སུའང་བྱོན་ཏེ་སོ་སོར་ཆོས་འབྲེལ་གྱིས་ཚིམ་པར་མཛད། དཔག་སྨད་ནས་མར་བྱོན་སྐབས་ལམ་ཁ་ན་ཁྱི་རྒྱ་བོ་ཞིག་འདུག་པ་རྗེ་འདི་བྱོན་པ་དང་འཕྲལ་དུ་ལམ་འོག་ལ་སོང་སྟེ་གུས་པའི་རྣམ་འགྱུར་གྱིས་ལུས་ས་ལ་ཕབ། ལག་པ་གཉིས་བརྐྱངས་པའི་སྟེང་དུ་མཆུ་བཞག་ནས་རྗེ་དཔོན་སློབ་ལ་ཕྱོགས་ཏེ་བསྡད། ཕྱིར་ཕེབས་དུས་ཀྱང་སྔར་ལྟར་ལམ་ལྟག་ན་འདུག་པ་འཕྲལ་དུ་ལམ་འོག་ལ་སོང་སྟེ་གུས་པའི་རྣམ་འགྱུར་བྱས་པ་གཟིགས་ནས་ཁྱི་མཚར་མོ་དེ་འདྲ་ཞིག་འདུག་ཨང་གསུང༌། ཞབས་གྲས་ནས་ལགས་འདུག་ད་ཅི་མར་བྱོན་པའི་སྐབས་སུ་ཡང་འདི་བཞིན་བྱས་སོང་ཞུས་པར། ཀྱེ་མ་ཡ་མཚན་གསུངས་ཏེ་ཐུགས་སྨོན་དང༌། སྤྱན་དམིགས་གནང༌། རབ་གནས་ཆེན་མོའི་ཚོགས་མགོན་དུའང་བྱོན། ཏྲེ་བོ་སྐྱ་ལེབ་ཏུ་འབྲུག་ལང་སྤྲུལ་སྐུ་ལ་ཚེ་དབང་གནང༌། ལྕོག་རུ་དགོན་དུ་ཀུན་རིག་དང༌། ཚེ་དཔག་མེད་ལྷ་དགུའི་དབང༌། འཇམ་དབྱངས་སྨྲ་སེང་དང༌། ཁྱུང་ཁྲའི་རྗེས་གནང་བཅས་སྩལ། སྟོན་དུས་དཔོན་གཡོག་ཉུང་ཤས་བཅས་རྫ་སེར་ཤུལ་དུ་དཔལ་དགེ་སྤྲུལ་སྐུ་རིན་པོ་ཆེ་མཇལ་བར་ཕེབས་ཏེ་རྫ་ཁོག་ཏུ་ཆོས་རྗེ་མཆོག་སྤྲུལ་ངག་དབང་ཆོས་འཕེལ་བསྟན་པའི་རྒྱལ་མཚན་སོགས་ཀྱིས་གསོལ་བ་བཏབ་བཞིན་འདུ་ཁང་དུ་ཐོག་མར་ལམ་རིམ་ཆེན་མོའི་དབུ་ནས་ལྡེབ་གསུམ་ཙམ་གྱི་ལུང་ཐུགས་ཐོག་ནས་གནང་རྗེས་ཚེ་དཔག་མེད་ལྷ་དགུའི་དབང་ཆེན། གྲུབ་རྒྱལ་ལུགས་ཀྱི་རྗེས་གནང༌། ཡུལ་གྲོང་སྤྱིར་ཚེ་དབང༌། རྡོར་སེམས་དང་སྤྱན་རས་གཟིགས་ཀྱི་རྗེས་གནང་བཅས་ཐུགས་དགྱེས་བ་ཆེན་པོས་སྩལ། རིམ་གྱིས་རྫ་ཁོག སྟོང་ཟར་སོགས་བརྒྱུད་དེ་བྱ་བྲལ་ལྔ་རིག་པ་ཆེན་པོ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་སྐུ་མདུན་དུ་ཕྱག་ཕེབས། ཉིན་གསུམ་གྱི་བར་རྗེ་ཉིད་གཅིག་པུ་སྒྲུབ་ཁང་དུ་བྱོན་ནས་གསང་བ་བསམ་གྱིས་མི་ཁྱབ་པའི་གསུང་མོལ་དང༌། ཕན་ཚུན་ཆོས་འབྲེལ་གནང་བ་སོགས་ངོ་མཚར་བའི་རྣམ་པར་ཐར་པ་བརྗོད་ལས་འདས། རྫ་སྟོད་གླིང་རུ་དགོན་ཞག་གཅིག་བཞུགས་ཏེ་འདོད་ཆོས་ཅི་རིགས་པ་གནང༌། རྫ་ཁོག་རཱ་ལ་ལྟག་འོག་སོ་སོར་ཁྱིམ་ཕེབས་དང་ཟབ་རྒྱས་གསུང་གི་བདུད་རྩི་ལྷུག་པར་ཕབ། བསམ་འགྲུབ་དགོན་དུ་དགེ་རྒན་རྒྱ་དགའ་སོགས་ལ་འཇིགས་བྱེད་དཔའ་གཅིག་གི་དབང་ཆེན་དང་ཁྲིད་ལུང་སྩལ། ཕྱི་ཉིན་མར་བྱོན་སྐབས་གློ་བུར་དུ་ཞབས་ཕྱི་གཉིས་ཙམ་ཁྲིད་ནས་རྡེལ་ནང་གྱེན་དེད་ཀྱིས་ཕེབས་ཏེ་ལ་ཁ་ནས་མེའུ་ཐུར་དུ་མ་ཚད་ཕྱིན་པ་ན་ཁ་ཤར་བལྟས་ཀྱི་ཆུ་མིག་གཅིག་གི་ཁར་ཤུག་སྡོང་རིང་བ་ཐོག་བརྩེགས་གསུམ་ཙམ་དུ་སླེབས་པ་ཞིག་འདུག་པ་དེར་བཞུགས། དེ་ན་ཕྱུགས་རྫི་རྒན་པོ་ཞིག་བྱུང་བ་ལ་ཁྱེད་ཀྱིས་ཤུག་པ་འདི་གཅོད་གྲོགས་ཀྱིས་གསུང༌། རྒན་པོ་ན་རེ། ཆུ་མིག་འདི་ཤིན་ཏུ་གཉན་པས་གཅོད་མི་ནུས་ཟེར། རྗེ་འདིས་ཞལ་ཆུ་མིག་ལ་ཕྱོགས་ཤིང་སྤྱན་དམིགས་གནང་སྟེ་ཤུག་པ་ལ་ཤར་རྟགས་མཛད་ནས་བཅད་ཀྱང་མི་སྐྱོན་གསུངས་པས་རྒན་པོས་གཅོད་རྒྱུ་ཁས་བླངས་ཏེ་ཕྱིས་སུ་བཅད་ནས་ཕུལ་བ་བྱམས་སྐུ་རིན་པོ་ཆེའི་སྲོག་ཤིང་བཙུགས་པ་འདི་ཡིན་ཞིང་འཕགས་ཆེན་དམ་པའི་སྒྱུ་འཕྲུལ་ཕལ་པའི་བློ་ཡུལ་ལས་འགོངས་བ་ཞིག་གོ ། དགའ་ལྡན་ལྔ་མཆོད་ཉིན་རྗེ་བཙུན་མཁའ་སྤྱོད་དབང་མོའི་དཀྱིལ་འཁོར་སྒྲུབ་མཆོད་དང་བདག་འཇུག་བཞེས་ཤིང་ཚོགས་མཆོད་དང༌། ཚེས་བཅུའི་མཆོད་པའང་གནང༌། དེ་ནས་ཁང་གསར་ཕོ་བྲང་དུ་སྐུ་མཚམས་དམ་པར་མཛད་ཅིང་ཐུགས་དམ་རྣལ་འབྱོར་གྱི་རིམ་པ་ལ་གཞོལ་བར་མཛད། སྐབས་ཤིག་ཨ་ཐུབ་ལ་དཀར་ཚང་དུ་ཀུན་རིག་གི་དབང་ཆེན་གནང༌།

༦ ཧོར་དཀར་མཛེས་ཁང་གསར་བྱམས་སྐུ་ཆེན་མོ་ཞེས་ཡོངས་སུ་ གྲགས་པ་དེ་ཉིད་ཀྱི་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ ལེགས་གྲུབ་གནང་བའི་ཚུལ།

དཀར་མཛེས་དགོན་གྱི་མཚན་ཉིད་འདུ་ཁང་གསར་བསྒྲུབས་ཀྱི་ནང་དུ་འདུས་བ་ལྔ་བརྒྱ་ལྷག་ལ་བཅོམ་ལྡན་ཐམས་ཅད་རིག་པའི་དབང་མཐའ་རྟེན་བཅས་རྩ་བཤད་ཀྱི་རྒྱུད་དོན་གནད་དུ་འདྲིལ་བའི་གསུང་བཤད་དང༌། ཕྱག་རྒྱ་བཞི་སོགས་ཕྱག་ལེན་ངོ་མཚར་བས་རྣལ་འབྱོར་རྒྱུད་ཀྱི་གསང་ལམ་གསལ་བར་ཕྱེ་སྟེ། དགེ་ལྡན་ལུགས་བཟང་རིན་པོ་ཆེ་འདི་ཉིད་དུས་ཀྱི་མཐར་ཡང་ཕྱོགས་ཐམས་ཅད་ལས་རྣམ་བར་རྒྱལ་བའི་གསར་བཙུགས་འདི་སྐབས་གསུང་བཤད་ཀྱི་འཕྲོས་ལ། ཁོ་བོ་ཅག་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་ཡང་སྙིང་དམ་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་འདི་ལ་ལྷག་བསམ་མི་དམན་པ་ཙམ་བྱེད་ཁུལ་ཡིན་ན་ཡང༌། བསྟན་པ་ལ་བྱ་བ་བྱེད་པ་ཟེར་བའི་ཁ་ཐབས་མི་འདུག འོན་ཀྱང་སྔོན་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་རང་ཅག་གདུལ་བྱའི་དོན་དུ་མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་རྒྱ་གར་འཕགས་ཡུལ་དུ་ཆོས་འཁོར་རིམ་པ་གསུམ་ལ་སོགས་པ་དང༌། གནས་གཞན་དང་གཞན་དུ་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་ཡས་པའི་ཆོས་འཁོར་བསྐོར་ཏེ་དམ་པའི་ཆོས་ཀྱི་སྒྲོན་མེས་ས་གསུམ་གསལ་བར་མཛད་ཀྱང་བདག་དང་བདག་ལྟ་བུས་སྟོན་པ་དེ་ཉིད་ཀྱི་ཞལ་མ་མཇལ་ཞིང་གསུང་དངོས་སུ་མ་ཐོས་ལ་མ་འོངས་པ་ན་རྣམ་འདྲེན་ལྔ་པ་མགོན་པོ་བྱམས་པ་ཉིད་རྡོ་རྗེའི་གདན་དུ་མཆོག་གི་སྤྲུལ་སྐུའི་རྣམ་པར་རོལ་ཏེ་ཐེག་མཆོག་ཆོས་ཀྱི་དགའ་སྟོན་སྩོལ་བའི་ཚེ་བདག་ཅག་ཀྱང་འཁོར་གྱི་ཐོག་མར་སྐྱེས་ཏེ་གསུང་གི་བདུད་རྩི་ལ་ལོངས་སྤྱོད་པ་ཞིག་ཏུ་འགྱུར་བར་ཤོག་སྙམ་པའི་སྨོན་འདུན་ཡང་ཡང་བྱ་དགོས་ཤིང༌། དེར་མ་ཟད་དེ་ལ་རྒྱུ་ཚོགས་སྔོན་དུ་འགྲོ་དགོས་ཕྱིར་ཁོ་བོསགཤིན་གསོན་གྱི་དཀོར་ནག་འདི་དག་གིས་མགོན་པོ་བྱམས་པའི་སྐུ་བརྙན་རྟེན་དང་བརྟེན་པར་བཅས་པ་ཞིག་བཞེངས་སྙམ་པ་ལགས་ན། ཁྱེད་གྲྭ་ཚང་ལྟག་འོག་གི་གྲྭ་མང་དང༌། ཕྱོགས་འདུས་ཀྱི་དད་ལྡན་རྣམས་ནས་ཚགས་ལས་ཀྱི་རོགས་བྱེད་ཧུར་བསྐྱེད་བཀའ་དྲིན་སྐྱོངས་དགོས། རྒྱུ་དེ་དང་འབྲེལ་མ་འོངས་བརྒྱད་ཁྲིའི་དུས་སུ་བྱམས་མགོན་གྱི་ཞབས་དྲུང་སྐྱེ་བར་སྨོན་ལམ་གྱིས་མཚམས་སྦྱོར་ནན་ཏན་བྱས་ན། དེ་ལྟར་འགྱུར་བར་སྨོས་མ་དགོས་པས་ཅིས་ཀྱང་ཐུགས་ཡུལ་དུ་འཇོག་འཚལ་ཞེས་གསུངས། གཟིག་རྒྱབ་དབེན་གནས་སུ་རབ་མཚར་སྤྲུལ་སྐུ་སོགས་སྡེ་སྣོད་འཛིན་པ་བརྒྱ་སྐོར་ལ་ལྕང་སྐྱའི་ལྟ་མགུར་ཨ་མ་ངོས་འཛིན་གྱི་ཁྲིད་ཞིབ་རྒྱས་སྩལ། གསུང་བཤད་ལས་འཕྲོས་ཏེ་སྔར་དཀའ་ཆེན་བླ་མ་རིན་པོ་ཆེ་ནས་བེ་རི་དགོན་དུ་བཀའ་ཆོས་སྐབས་ཁོ་བོ་ལ། ཁྱོད་རང་ལེ་ལོ་མ་བྱེད། སློབ་གཉེར་ལ་ཧུར་བསྐྱེད་བགྱིས་ན་དགའ་ལྡན་གསེར་ཁྲི་ལ་འགྲོ་འོང་གསུངས་པ། དེ་དུས་ཁོ་བོ་ཡང་ལོ་ཆུང་བ་སོགས་ཀྱིས་གོ་ས་མཐོན་པོ་ཞིག་ལ་དགའ་སྙམ་ཡོད་ལས་ཆེ་བས་རྗེ་བཀའ་དྲིན་ཅན་དེ་ཉིད་ཀྱིས་དགོངས་པ་ཅན་གྱི་གསུང་དང༌། ཐབས་མཁས་ཀྱིས་སློབ་གཉེར་ལ་བསྐུལ་བ་ཡིན་འདུག་གོ་ས་མཐོན་པོ་ཞིག་ལ་དོན་གཉེར་བྱས་ན་ཡོངས་ཤས་ཆེ་ཡང༌། དེང་སང་རང་ཉིད་ཀྱི་བསམ་ཚོད་ལ་གཤིན་གསོན་གྱི་དད་རྫས་མང་པོ་འདུ་བ་འདི་དག་ཇོ་ཤཱཀ་རྣམ་གཉིས་དང༌། སེ་འབྲས་དགེ་གསུམ་སོགས་ཞིང་ཁྱད་པར་ཅན་ལ་བཏང་སྟེ་སྔོན་གྱི་དམ་པ་རྣམས་ཀྱི་སྒྲུབ་གནས་སོགས་དང༌། ལྷོ་བརྒྱུད་ཀྱི་རྗེའི་སྒྲུབ་གནས་རྣམས་སུ་སྒྲུབ་པ་སྙིང་པོ་རེ་བྱ་རྒྱུ་བྱུང་ན་སྙམ་པ་ཡོད་ཅེས་གསུངས། གཟིམས་ཆུང་གཡུ་ལོ་འཁྱིལ་དུ་དགེ་སློང་མཐུ་སྟོབས་སོགས་བསྙེན་ཆེན་ཁས་ལེན་པ་བཅུ་ཕྲག་ཙམ་ལ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཆེན་དང༌། བསྙེན་ཡིག་གི་ཁྲིད། སྔགས་བཏུའི་རྗེས་གནང་བཅས་སྩལ། མེ་ཕོ་ཁྱི་༡༨༨༦ལོར་བྱམས་སྐུ་རིན་པོ་ཆེ་རྟེན་དང་བརྟེན་པར་བཅས་པ་བཞེངས་རྒྱུའི་ཐོག་མར་གཟིམས་ཁང་དགའ་ལྡན་བཤད་སྒྲུབ་ཕོ་བྲང་གི་ནུབ་ངོས་སུ་ཚེས་དགེ་བའི་ཉིན་རྗེ་ཉིད་ཆོག་གྲོགས་པ་དང་བཅས་པས་ལྟོ་འཕྱེའི་ཐིག་དང་བརྟགས་པ་ཞིབ་པར་མཛད་པས་པྲ་ལེགས་ཤིང༌། རིམ་གྱིས་གཙུག་ལག་ཁང་ཀ་མིག་ལྔ་བཅུ་ང་དྲུག་གི་རྒྱ་ཁྱོན་ཅན་དད་ལྡན་སེར་སྐྱ་རྒྱ་བོད་ཐམས་ཅད་ཀྱིས་སྟོབས་རྩལ་གཅིག་ཏུ་བསྒྲིལ་ཏེ་བཞེངས་པས་ཐོག་བརྩེགས་གསུམ་པ། འོག་ཁང་ཚོམས་ཆེན་སྦུག་ཏུ་ཐོག་བརྩེགས་ཕྱེད་གསུམ་ལ་བསྙེགས་པའི་ཀ་རིང་བཞི་བཙུགས་པའི་རྒྱ་མཐོང་ཀ་མིག་དྲུག་པ་བར་ཁང་སྦུག་ངོས་ཀ་མིག་ཉེར་བརྒྱད་བཅས་ཐོག་བརྩེགས་གཉིས་པ་མཐོ་ཞིང༌། མདུན་ངོས་ཀ་མིག་ཉེར་གཅིག་ཐོག་བརྩེགས་རེ་བཅས་ཅུང་ཟད་དམའ་བའི་མཐོ་དམའ་སེངྒེའི་ཁའི་དབྱིབས་ཅན། ཁྱམས་ཕྱི་ནང་གཉིས། ཕྱི་མ་ཀ་མིག་བཅུ་བཞི་པ་ལ་ནུབ་ངོས་གཟིམས་ཆུང་བསོད་ནམས་སྟོང་འབར་དབྱངས་ཅན་བཞད་པའི་དགའ་འཚལ། ཤར་དུ་ལག་མཛོད་མིག་སྐྱ་རོལ་པའི་གནས། ཐོག་བརྩེགས་སྟེང་མར་རྒྱབ་ཕྱོགས་ཀ་མིག་སོ་ལྔའི་ཚད། བར་ཁང་གི་རྒྱ་ལོགས་ནས་བསྐོར་ལམ་ཀ་མིག་རེ། ནུབ་ངོས་གློ་འབུར་སྒྲུབ་ཁང་དེ་ཝི་ཀོ་ཊི་དང༌། གློ་སྒོའི་ཐད་རྡེལ་ཁྲའི་གཡུང་དྲུང་དང་མིག་མང་རིས་སུ་བཀྲ་བའི་ཀུན་དགའ་ར་བ། ཁོར་ཡུག་ཏུ་སྤེན་བད་ཆེ་ཆུང་དང་སྤུ་ཤུས་བསྐོར་བ་ལ་སྤེན་རྒྱན་གསེར་ཟངས་ཀྱི་རྣམ་བཅུ་དབང་ལྡན་ཆ། སྟེང་དུ་ཁང་ཆུང་ལ་གསེར་ཟངས་ཀྱི་ག༅ྀཾ༤རའི་ཏོག དེའི་མདུན་དབུས་སུ་གསེར་གྱི་འཁོར་ལོ་པད་གདན་དང་བཅས་པའི་གཡས་གཡོན་རི་དྭགས་ཕོ་མོ་བཟོ་བྱད་ངོ་མཚར་ཅན་ཤར་ནུབ་ཀྱི་ཟུར་ལ་གསེར་གྱི་རྒྱལ་མཚན་ཆེ་ལེགས་རེ། ཐིག་ཁང་གི་ཟུར་བཞིར་རྟེན་ཐུགས་རེ། འོག་ཁང་གི་ལྷོར་སྒོ་ཆེན་ཁྱམས་བཅས་ཡོད་པ་སོགས་བཀོད་མཛེས་རྨད་བྱུང་ཡིད་དགའི་ཆོས་འཛིན་དང༌། རྒྱལ་མཚན་མཐོན་པོ་ས་ལ་འཕོས་བ་ལྟ་བུ་དབྱར་ངོ་དེར་ལེགས་པར་གྲུབ། ཆབ་མདོ་ནས་དབུ་ཆེན་གཉིས་ཀྱིས་གཙོས་མགར་བ་བརྒྱད་བསུས་ཏེ་བཟོ་བོ་རྣམས་ལྷར་བསྐྱེད་པ་དང༌། སྐུ་རྒྱུ་བྱིན་རླབས་ལེགས་པར་མཛད། བཟོ་བོ་རྣམས་དང༌། དད་འདུས་ཡོངས་ཀྱིས་གསེར་ཟངས་བཞུ་བརྡུང་སོགས་ལས་སུ་བྱ་བ་མཐའ་དག་ངལ་བའི་འདུ་ཤེས་མེད་པར་བསྒྲུབས་ཤིང༌། རྗེ་ཉིད་དང་དགེ་རྒན་ཚེ་དབང་སོགས་ནས་ཁུར་བཞེས་ཏེ་ཐིག་ཚད་རྣམས་རྒྱུད་སྡེ་དང༌། དམ་པའི་མན་ངག་གོང་བསྒྲིགས་ཀྱི་ཕྱག་ལེན་ཕྲ་ཞིབ་གནང༌། དབུ་ཆེན་གཉིས་ཀྱང་ཐིག་ཚད་སྤྱི་དང་ཁྱད་པར་སྐུ་གཟུགས་ཀྱི་བཟོ་རིག་ལ་མཁས་པའི་རྩེ་མོར་སོན་པ་ལགས་ནའང་བླ་མ་རྡོ་རྗེ་འཆང་ཆེན་པོའི་དགོངས་བཞེད་ལས་གཞན་དུ་སྐད་ཅིག་ཀྱང་མ་འཁྱོགས་པར་ཞབས་འདེགས་ཁ་ཞེ་མཚུངས་པར་ཞུས། སྐུའི་ཆ་ཤས་སོགས་བཟོས་རིམ་བཞིན་སྤྱན་སྔར་བསྟར་སྐབས་དགོངས་པར་མ་འཕྲོད་པ་འགའ་རེ་བྱུང་བ་ནན་ཏན་ཆེན་པོས་བསྐྱར་བཟོ་བྱེད་དུ་འཇུག་པ་གནང༌། བྱམས་ཁང་གི་ལྡེབ་བྲིས་སུ་མི་ཕམ་མགོན་པོ་གཙོ་འཁོར་གསུམ་སྤྲིན་གསེབ་ཏུ་བཞུགས་པ་འབྲི་གནང་མཛད་འདུག་པ་ཡང༌། འདི་དུས་རྗེ་ཉིད་ལ་ཞལ་གཟིགས་བྱུང་བར་གྲགས། དེ་མཚུངས་ཤིང་དཔོན་ཧྲ་ཤིན་གྱིས་བྱམས་སྐུ་རིན་པོ་ཆེའི་ཤིང་གསོབ་སྐུ་གཟུགས་ཇི་ལྟ་བ་བཞིན་བཟོས་པ་ལ་རྗེ་ཉིད་དང༌། དགེ་རྒན་ཚེ་དབང་ནས་ཐིག་ཚད་ཀྱི་ཆ་ཕྲ་མོ་ཚུན་ཆད་ཞིབ་ཆ་མཛད། འདི་སྐབས་བྱམས་སྐུ་རིན་པོ་ཆེ་སོགས་གང་ཅིའི་ཐུགས་དགོངས་བདེ་བླག་ཏུ་འགྲུབ་པའི་སླད་མཛོད་པ་སྐལ་བཟང་ཆོས་ལྡན་ལ་རྒྱ་དངུལ་རྡིལ་ཚད་བརྒྱ་ལྷག་ཙམ་གནང་སྟེ་ལྷ་ལྡན་ཇོ་བོ་ཡིད་བཞིན་ནོར་བུ། ར་ཆེ་ཇོ་བོ། རང་བྱོན་ལྔ་ལྡན། ལོ་ཀཻ་ཤྭར། དགའ་ལྡན་གསེར་གདུང༌། འབྲས་སྔགས་ཡི་དམ། བྱམས་པ་མཐོང་གྲོལ། སེ་འབྲས་དགེ་གསུམ། བཀྲ་ཤིས་ལྷུན་པོ་སོགས་དབུས་གཙང་གི་རྟེན་མཆོག་རྣམས་དང༌། དགོན་ཁག་སོ་སོར་སྟོང་མཆོད། བརྒྱ་མཆོད། གསེར་ཆབ། སྙན་ཤལ། འགྱེད་མང་ཇ་སོགས་བབས་མཚུངས། གཞན་ཡར་བསམ་ཡས། ཁྲ་འབྲུག་ཆོས་འཁོར་རྒྱལ། འོལ་ཁ་ཕྱོགས་ཀྱི་རྗེའི་སྒྲུབ་གནས་སོགས་དང༌། རྫིང་ཕྱི། ཁྲོ་ཕུ། རོང་བྱམས་ཆེན་སོགས་ལ་མཆོད་འབུལ་བསྙེན་བཀུར་སོགས་ཀྱི་ཆེད་དུ་བཏང༌། འདི་གདོང་ལྷ་ལྡན་ཕྱོགས་ཀྱི་བླ་མ་དང༌། དགེ་བའི་བཤེས་གཉེན་མང་པོར་ཆབ་ཤོག་དུ་མ་དང༌། ཁྱད་པར་ཡོངས་འཛིན་བྱམས་པ་རིན་པོ་ཆེར་ཕུལ་བའི་ཞུ་ཡིག་ཏུ། དེ་དག་ཆུད་མི་གཟོན་ཕྱིར་ལྷ་ལྡན་དུ། ། རང་ཉིད་གསང་སྟབས་འོངས་ཏེ་སྨོན་ལམ་དུ། ། རིན་འཁོར་ཕྱེད་དང་གཉིས་རེ་བཀྲས་ལྷུན་དུ། ། ཕྲན་བུའི་བསྙེན་བཀུར་དམ་པ་མཆོག་རྣམས་མཇལ། ། གངས་རི་ལ་སོགས་སྒྲུབ་གནས་དམ་པ་རུ། ། ལུས་ངག་དགེ་ལ་བཀོལ་བ་ཕྲན་ཚེགས་རེ། ། ཨེ་འོང་སྙམ་པའི་རེ་བ་ཆེན་པོ་བགྱིས། ། འོན་ཀྱང་བསོད་ནམས་དམན་པའི་གུས་འབངས་བདག། གསང་བ་ཤོར་ཏེ་འཆིང་བ་དམ་པོས་བཅིངས། ། ད་ནི་སྟོན་པ་མཆོག་དེའི་རྒྱལ་ཚབ་ཏུ། ། དབང་བསྐུར་མི་ཕམ་མགོན་པོའི་སྣང་བརྙན་ནི། ། གསེར་ཟངས་ལས་གྲུབ་ཐོག་བརྩེགས་གསུམ་པ་ཞིག ། བཞེངས་སྙམ་ལྷ་ཁང་བཞེངས་པའི་སྐབས་སུ་མཆིས།། དེས་ན་ཕྱོགས་འདིའི་སྐྱེ་འགྲོ་སྐལ་དམན་རྣམས༌། ། མཐོང་ཐོས་དྲན་རེག་དད་ལྡན་གསོས་སྨན་དུ། ། འགྱུར་ཕྱིར་སྐྱབས་མཆོག་ངག་དབང་མཚན་ཅན་ནས། ། དམ་པ་ཉིད་བར་དབུ་སྐྱེས་ནམ་སྙིང་སོགས། ། བྱིན་རླབས་རྟེན་གྱི་གཟི་འོད་འབར་བ་འགའ། ། གནང་རྩོལ་ཞུ་ཚལ་མི་འགོངས་ཆར་སྤྲིན་ཕྱོགས། ། ཆུ་སྐྱར་གླུ་དབྱངས་སྒྲོག་བཞིན་ཐུགས་རྗེས་སྐྱོངས། ། ཞེས་སོགས་གསུངས་པ་ལྟར། རྗེ་ཉིད་ཀྱིས་སྔ་མོ་ནས་གཤིན་གསོན་གྱི་ཆེད་འདི་ཕྱོགས་ཧོར་ཡུལ་སྟོད་སྨད་དང༌། ཁྱད་པར་ལི་ཐང་ཕྱོགས་ནས་དད་འབུལ་གཏོས་ཆེན་བྱུང་བ་རྣམས་ཆུད་མི་གཟན་བར་དབུས་གཙང་གི་རྟེན་དང༌། དགོན་སྡེ་རྣམས་སུ་བསྙེན་བསྐུར་རླབས་ཆེ་བ་མཛད། སྒྲུབ་གནས་རྣམས་སུ་སྒྲུབ་པ་སྙིང་པོར་མཛད་ཕྱིར་རྗེ་ཉིད་གསང་སྟབས་ཀྱིས་བྱོན་པར་དགོངས་ཡོད་ཀྱང༌། གསང་བ་འཁྱར་ཏེ་སྐུ་གཉེན་རྣམས་ཀྱིས་ཐོས་ནས་བཤོལ་བཏབ་སྟེ་དགོངས་པ་བཞིན་མ་གྲུབ་པའི་དབང་གིས་བྱམས་སྐུ་རིན་པོ་ཆེ་རྟེན་དང་བརྟེན་པར་བཅས་པ་བཞེངས་པ་ཡིན་ཚུལ་ཙམ་མཛད་མོད། ངེས་དོན་མ་རུངས་མཐའ་འཁོབ་ཀྱི་སྐྱེ་འགྲོ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་འབྲེལ་ཚད་དོན་ལྡན་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་བསྐྲུན་པ་ཉིད་དོ། །ལྷ་ལྡན་དུ་སོང་བ་དག་གིས་ཀྱང་བླ་མ་རྡོ་རྗེ་འཆང་གི་ཐུགས་དགོངས་བཞིན་བསྒྲུབས་ནས་བྱུང་ཞིང༌། དབུས་གཙང་ནས་བྱིན་རྟེན་ངོ་མཚར་ཅན་མཐའ་ཡས་པ་ཕྱག་ཏུ་འབྱོར། ནང་བཞུགས་གཟུགས་སྔགས་རྣམས་ནོར་འཁྲུལ་ཆད་ལྷག་གི་སྐྱོན་བྲལ་ཤིན་ཏུ་ཕོན་ཆེ་བ་དང༌། ཁྱད་པར་བྱམས་པས་དམ་བཅས་པའི་གཟུངས་དུང་ཕྱུར་ལྷག་བཅས་ཁ་ཆེའི་གུར་གུམ་སོགས་དྲི་བཟང་གིས་བྱུགས་ཤིང་ལེགས་པར་དྲིལ་ཏེ་ན་བཟའ་ཕུལ་བ། སངས་རྒྱས་ཀྱི་རིང་བསྲེལ་སྲན་དཀར་གྱི་ཚད་བདུན། ཆུང་བ་མཐའ་ཡས་པ། ལྷོ་བྲག་གྲུབ་ཆེན་གྱི་ཕྱག་མཛུབ་ཆ་ཤས། རྗེ་རིན་པོ་ཆེའི་ཕྱག་མཛུབ། ཆོས་འཕགས་ཀྱི་ཚེམས། དབུ་ཐོད་ཨ་ཡིག་རང་བྱོན་ཅན། འཕགས་ཡུལ་གྱི་ཉན་ཐོས་ཆེན་པོ་རྣམས་དང༌། གནས་བརྟན་བཅུ་དྲུག རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ་ལ་སོགས་པའི་སྐུ་གདུང་དང༌། སྐུ་བལ་གྱི་རིང་བསྲེལ་བསམ་གྱི་མི་ཁྱབ་པ། གྲུབ་མཐའ་རིས་མེད་ཀྱི་བླ་མ་རྣམས་ཀྱི་ན་བཟའ། དབུ་སྐྱེས། རྗེ་ཡབ་སྲས་ནས་བཟུང་དགའ་ལྡན་ཁྲི་རབས་རྣམས་དང༌། རྒྱལ་པ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་རེ་རེ་བགྲང་དུ་མི་ལང་བའི་དམ་པ་རྣམས་ཀྱི་བྱིན་རྟེན། རྡོ་ནག་གི་སྒྲོལ་སྐུ་རང་བྱོན་དང༌། ལི་མ་དང༌། སྨན་སྐུ་སོགས་སྐུ་བརྙན་སྟོང་ཕྲག་ཏུ་ཉེ་བ། སྲོག་ཤིང་གི་བྲི་བྱ་རྣམས་རྒྱུད་དང་དམ་པའི་ཕྱག་བཞེས་བཞིན་གསེར་སྦྱངས་འབའ་ཞིག་དང༌། གནོད་སྦྱིན་དང༌། ཚོགས་བདག་འཁོར་ལོ་ཡང་མཐིང་ཤོག་ལ་ཀ་ན་ཀས་བྲིས་པ། གཞན་ཡང་འཁོར་ལོ་དང༌། རིན་ཆེན་སྨན་འབྲུས་ཕྱུར་བུར་གཏམས་པའི་གཏེར་བུམ་གྱི་རིགས་ཀྱང་མཐའ་ཡས་པ། གོ་མཚོན་གྱི་རིགས། དངུལ་སྣོད་དང་ཟངས་དཀར་གས་ཆག་མེད་པ་མར་ཁུས་གང་བ་མང་པོ། སྤོས་སྣ། སྨན་སྣ། འབྲུ་སྣ། རིན་པོ་ཆེ་མཆོད། མ་རྒད། ནལ། ཕ་ལམ། པད་རཱག མུཏིག མུ་མེན། དུང༌། མན་ཤེལ། བྱུ་རུ། སྤོས་ཤེལ། གསེར། རྒྱ་དངུལ། བོད་ཊཾ། ཇ། ཤིང་འབྲས། ཚ་བུལ་སོགས་སོ་སོར་དོ་བོ་དང་ཁལ་རྒྱབ་ལོངས་པ་བཅས་ངོ་བོ་དང་འབྱུང་ཁུངས་ཕུན་སུམ་ཚོགས་པ་འདུ་བགྱིས་པ་རྣམས་རྗེ་ཉིད་དང༌། རབ་མཚར་མཆོག་སྤྲུལ་སོགས་གསུམ་ལྡན་རྡོ་རྗེ་འཛིན་པ་མང་པོས་ཞག་གསུམ་གྱི་བར་ཆོ་ག་རྣམ་པར་དག་པའི་སྒོ་ནས་བསྒྲུབས། གཟའ་སྐར་འཕྲོད་སྦྱོར་ཤིན་ཏུ་དགེ་བའི་ཉིན་རྗེ་ཉིད་ཀྱིས་ཕྱག་བསྟར་ཏེ་བྱམས་མགོན་རིན་པོ་ཆེའི་སྐུ་གསོབ་ལ་སྲོག་ཤིང་ཕུལ། གཟུངས་སྔགས་རྣམས་གོ་རིམ་མ་ལོག་པར་ཞིབ་ཅིང་ཕྲ་བའི་ཕྱག་ལེན་གྱིས་བང་མཛོད་ཀྱི་རྫས་སོགས་ལེགས་པར་ཕུལ་ནས་བར་གསེང་རྣམས་སྨན་སྤོས་སྣ་ཚོགས་པས་གཏམས། ཁ་དོག་སྣ་ལྔའི་མཚམས་དར་དང་གཟུངས་དཀྲིས་ལེགས་པར་མཛད། ལྷ་མགར་བ་རྣམས་ཀྱིས་སྐུ། རྒྱན་དྲུག་རྒྱབ་ཡོལ། སེང་ཁྲི་བཅས་ཟིན་ནས་གསེར་སྲང་ཉིས་བརྒྱ་ལྷག་ཙམ་སྦྱངས་བཏུལ་བྱས་པའི་ཚ་གསེར་འཐུག་རྔམས་མདངས་འདོན་སོགས་གང་ཅིར་རྗེ་ཉིད་ཀྱི་ཐུགས་ངོར་འབབ་ངེས་གྲུབ་པ་ནི། མེ་ཕག་༡༨༨༧ས་ག་ཟླ་བའི་ཚེས་བཅོ་ལྔ།། ས་གསུམ་གྱི་སྒྲོན་མེ་ཆེན་པོ་རྒྱལ་བ་ཐུགས་རྗེ་ཅན་དེས་བླ་ན་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་མངོན་དུ་མཛད་པ་སོགས་དུས་ཆེན་ཁྱད་པར་ཅན་སུམ་འཛོམ་གྱི་ཉིན་མཆོད་པའི་ཡོ་བྱད་དུ་མ་ཐོགས་པའི་སེར་སྦྲེང་དང༌། རོལ་མོའི་བྱེ་བྲག་དཔག་ཏུ་མེད་པས་མདུན་བདར་ཏེ་མགར་གནས་སྤྱི་སྒོ་རྒྱབ་སྨྱུང་གནས་ལྷ་ཁང་ནས་གཙུག་ལག་ཁང་དུ་གདན་དྲངས། རྗེ་ཉིད་ཀྱིས་གཙོས་སྡེ་སྣོད་འཛིན་པ་རྣམས་དང༌། ལྷ་མགར་དབུ་མཛད་བཅས་པས་སྐུའི་ཆ་རྣམས་དང༌། རྒྱན་དྲུག་རྒྱབ་ཡོལ། སེང་ཁྲི་སོགས་ལེགས་པར་བསྒྲིགས་ཏེ་དགའ་ལྡན་གནམ་གྱི་ལྷ་གནས་དག་པའི་ཞིང་གཉིས་པ་ལྟ་བུར་སྐྱེ་རྒུའི་མཆོད་སྡོང་འདི་ཉིད་གཟི་བྱིན་སྟོང་གིས་ལྷམ་མེར་འབར་བར་མཛད། སྐུའི་སྲིད་ལ་རྗེ་ཉིད་ཀྱི་ཕྱག་ཁྲུ་ཉེར་ལྔ་ལྷག རྒྱན་དྲུག་གི་ཡས་མཐའ་ནས་ཞབས་ཀྱི་པདྨའི་མས་མཐའི་བར་ཁྲུ་སུམ་ཅུ་ཙམ་བཞུགས་པ་བྱོན་ལེགས་ཤིང༌། སྐུའི་རྒྱན་གནས་དང༌། སེང་ཁྲི་དྲུག་འཇོག་དང་བཅས་པ་ལ་རྡོ་རྗེ་ཕ་ལམ། པདྨ་རཱ་ག ཨི༅ྷ་ནིའ་ལ། ཀེ་ཀེ་རུ། མ་རྒད། མུ་མེན། ཞུམ་མིག ནལ། གཡུ་དྲུག་དཀར། དྲུག་དམར། གཡང་ཊི། གཟི། མཆོང༌། མུ་མེན། མུ་ཏིག བྱུ་རུ། སྤོས་ཤེལ་སོགས་རིན་པོ་ཆེ་དཔག་ཏུ་མེད་པའི་ཕྲ་ཚོམ་གྱིས་ཕྱུག་པ། ཁྱད་པར་མཛོད་སྤུ་གསེར་སྦྱངས་འབའ་ཞིག་གི་སྟེང་དུ་མུ་ཏིག་ཕྱུར་བུར་སྤུངས་པའི་འཁྱིལ་རིས་ཅན། ཐུགས་རྒྱན་གྱི་དབུས་སུ་དུང་དཀར་གཡས་འཁྱིལ་ཆེ་ལེགས་དང༌། དབུ་རྒྱན་དབུས་མའི་རྩེ་ཕྲན་ཀྱང་གསེར་སྦྱངས་བཙོ་མའི་གཞིར་རིན་ཆེན་རིན་ཐང་བྲལ་བ་དུ་མས་མཛེས་པར་སྤྲས་པ། གཡས་གཡོན་དུ་སྲས་ནམ་མཁའ་དྲི་མེད་དང༌། འཇམ་དཔལ་སྙིང་པོའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་རེ་རྗེས་སུ་བཞེངས་རྒྱུའི་དགོངས་པ་མཛད། ལོགས་བྲིས་ལ་ཇོ་བོ་རྗེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ། གཟིག་རྒྱབ་དཀའ་ཆེན་བློ་བཟང་ཆོས་འཕེལ། ནགས་ཚང་བསྟན་པ་དར་རྒྱས། ཉེ་སྲས་བརྒྱད། ཤར་ནུབ་ཀྱི་དྲ་མིག་རྣམས་སུ་སྨན་འདམ་ལས་བཞེངས་པའི་ཐུབ་དབང༌། རྒྱན་དྲུག་མཆོག་གཉིས། རྗེ་གཟིགས་པ་ལྔ་ལྡན་རྣམས་མི་ཚད་ཙམ། གཞན་ཡང་བྲིས་ཆར་མཆོད་ལྷ་སྣ་ཚོགས། དགའ་ལྡན། བདེ་བ་ཅན། སྨན་བླ། མི་འཁྲུགས་པ། རྒྱལ་བ་སེངྒེའི་ང་རོ། རིག་བྱེད་མ། ཤཁྲརྟལ་སོགས་ཀྱི་ཞིང་བཀོད། རྗེ་ཉིད་ཀྱི་འཁྲུངས་རབས། གཙུག་ལག་ཁང་བཞེངས་དུས་དང་བཞུགས་གྲལ་འབུལ་ཆེན་སོགས་ཀྱི་བཀོད་པ། མགོན་དཀར། ཛམ་ལྷ་སྡེ་ལྔ།། ཡུལ་སྣང་སྣ་ཚོགས་ཀྱི་བཀོད་པ། འཕགས་ཡུལ་མཉན་ཡོད་ཆོ་འཕྲུལ་ཆེན་པོའི་བཀོད་པ། མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ། ལྷ་མོ། རྣམ་སྲས། གུར་མགོན། ཞལ་བཞི། བྲམ་ཟེ། གནས་ཆུང༌། དམ་ཅན། རྒྱལ་ཆེན་བཞི་བཅས་བཞུགས། མགར་བ། ལྷ་བཟོ། རྡོ་བཟོ། ཤིང་བཟོ་ངོ་གཡོག་རྣམས་ལ་ཐོག་མཐའ་བར་གྱི་སྟོན་མོ། ཞྭ་གོས་རྟ་ཡོན་སོགས་གནང་སྦྱིན་གྱ་ནོམ་པས་ཡིད་ཚིམ་པར་མཛད་དེ་དགའ་སྤྲོ་འབུམ་གྱི་ངང་ནས་རང་གནས་སུ་བདེ་བར་བསྐྱལ་ལོ། །

༧ བྱམས་སྐུ་ཆེན་མོའི་ཆེ་བ་དང༌། ཡུལ་ལུང་གི་སྡེ་གཟར་ལ་འདུམ་ འགྲིགས་གནང་བ་དང༌། ཧོར་བྲག་མགོ་དགོན་དུ་དུས་འཁོར་དབང་ ཆེན་གནང་པ་སོགས་ཧོར་ཁོག་ཡུལ་དགོན་རྣམས་སུ་ཟབ་རྒྱས་ ཆོས་ཚུལ་རྒྱུན་མར་གསུང་བའི་ཚུལ།

ཧོར་ཟླ་ལྔ་པའི་ཡར་ཚེས་ལ་རྗེ་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་སྐུར་བཞེངས་ཏེ་རབ་མཚར་མཆོག་སྤྲུལ་སོགས་སྡེ་སྣོད་འཛིན་པ་ཉི་ཤུ་སྐོར་བཅས་ཞག་གསུམ་གྱི་བར་དཀྱིལ་འཁོར་སྒྲུབ་མཆོད་སོགས་དང་འབྲེལ་བར་སྤྱན་དབྱེའི་ཆོ་ག་རྒྱས་པར་མཛད་པས་བྱིན་རླབས་མི་ཟད་པའི་གཏེར་ཆེན་པོར་བསྒྲུབས། ཁྱད་པར་ཧོར་ཟླ་དྲུག་པའི་ཚེས་བཞི་བཅོམ་ལྡན་འདས་ཉིད་ཀྱིས་ཡུལ་ཝཱ་ར་ཎཱ་སིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་ལ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་ཆེན་གྱི་ཉིན་བྱམས་མགོན་རིན་པོ་ཆེའི་སྐུའི་ཆ་ལས་བདུད་རྩིའི་རྒྱུན་མུ་ཏིག་གི་དོག་པ་ལྟ་བུ་བབས་པ་སྐྱེ་བོ་མཆོག་དམན་མཐའ་དག་གིས་ལག་ཏུ་བླང་ཞིང་རོ་མྱོང་དུ་ཡོད་པ་དང༌། ཏིང་སོགས་ཉིན་ཞག་སྦྲེལ་ཏེ་ཟེད་ན། ཤེལ་དཀར་ཞུན་མ་བཞིན་དུ་འཁྱིལ་ཞིང༌། བག་ཟན་དུ་བརྫིས་ཏེ་རིལ་བུར་བསྒྲིལ་བས་ཕྱོགས་གར་ཡང་ལོངས་སྤྱད་བྱར་གྱུར་པ་ལོ་གྲངས་གཉིས་གསུམ་གྱི་བར་དུ་བར་ཆད་མེད་པར་ཕལ་ཆེར་ཕེབས་ཤིང༌། དེང་སང་གི་བར་དུའང་དུས་ཚེས་བཟང་པོ་ལ་ཉུང་ཤས་རེ་འབབ་པ་ཡིན། རབ་གནས་མཛད་ནས་ཞག་བདུན་ཕྲག་གསུམ་གྱི་བར་གཙང་ཞིང་དག་པའི་སྣ་ལྔའི་མཆོད་སྤྲིན་སྟོང་ཕྲག་རེར་ལོངས་ངེས་ཀྱིས་ཉིན་མཚན་སྦྲེལ་མར་མཆོད་ཅིང༌། གཞན་དུའང་རྗེ་ཉིད་བཞུགས་གདན་འཇགས་པའི་རིང་ལ་དགོང་མོར་བླ་མཆོད་ཀྱི་ཐུགས་དམ་བྱམས་མགོན་རིན་པོ་ཆེའི་མདུན་དུ་མཛད་དེ་བརྒྱ་མཆོད་དང༌། སྟོང་མཆོད་རང་གཞན་གང་ཡང་རུང་བ་རེས་ཕལ་ཆེར་རྒྱུན་ཆད་མེད་པར་ཕུལ། གསེར་སྲང་ཉེར་ལྔ་ལས་གྲུབ་པའི་མཆོང་ཀོང་བཟོ་བྱད་ངོ་མཚར་ཞིང་རིན་ཆེན་དུ་མའི་ཕྲ་རྒྱན་གྱིས་བྱུག་པ་ལ་མར་མེ་རྒྱུན་འབར། རྒྱ་དངུལ་ཐུར་སྲང་བཞི་བརྒྱ་སོ་བདུན་དང་ཞོ་ལྔ་ལས་གྲུབ་པའི་ཡོན་ཏིང་ཆེ་ལེགས་བདུན་ཚར། རྒྱ་དངུལ་ལྷད་མེད་ཀྱི་ཏིང་བརྒྱ་ཚར་ཟངས་ཏིང་བརྒྱ་ཚར་སོགས་མཆོད་པའི་ཡོ་བྱད། སྐུ་བརྙན་རིན་པོ་ཆེའི་རྒྱ་གསེར་དང་ཟ་འོག་སྤེལ་མའི་ལྷ་རྫས་ཀྱི་སྟོད་གཡོགས། བཟང་གོས་ཀྱི་སྨད་གཡོགས། མོའུ་པན་དམར་སེར་གྱི་སྣམ་སྦྱར་ཚད་ལྡན། བླ་བྲེ། དབུ་གདུགས་ཀ་མིག་རྣམས་སུ་རྣམ་པར་བཀྲ་བའི་རྒྱལ་མཚན། ཚོན་སྣ་བརྒྱ་ཕྲག་གིས་མཛེས་པའི་ཀ་རྒྱན། ཕྱེ་ཕུར་སོགས་བཟང་གོས་སྣ་ཚོགས་ཀྱིས་བགྱིས་པ། གཞན་ཡང་ཕལ་པོ་ཆེ་དང༌། དཀོན་མཆོག་ཏ་ལ་སོགས་མདོ་རྒྱུད་སྣ་ཚོགས་ནས་གསུངས་པའི་མཆོད་རྒྱུན་དུ་མ་ཇི་སྲིད་རྒྱལ་བསྟན་ནམ་གནས་ཀྱི་བར་གཏན་ཆགས་པར་མཛད། སྲིབ་མོ་དགེ་ཚུལ་དགོན་དུ་ནཱ་རོ་མཁའ་སྤྱོད་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་གནང་ཞིང༌། དེའི་བསྐྱེད་རྫོགས་ཀྱི་ཁྲིད་ཀྱང་སྩལ། ལོ་ལྟར་རྗེ་བཙུན་མའི་དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བའི་བདག་འཇུག་ཆག་མེད་འཛུགས་རྒྱུའི་ཐེབས་རྩ་སྦྱར་ཞིང༌། ཟླ་བ་བྱུང་ངོ་ཅོག་ཏུ་མར་མོའི་ཚེས་བཅུའི་མཆོད་པ་རེ་དགོས་པ་སོགས་ཀྱི་ལྗགས་བཀོད་གནང༌། གཟིམས་ཆུང་དུ་གཞི་གླིང་མཆོག་སྤྲུལ་སོགས་ལ་ལམ་རིམ་དངོས་གྲུབ་ཀུན་འབྱུང་གི་ཁྲིད་དང༌། རྗེ་ཉིད་ཀྱི་གསུང་འགའ་ཞིག་གི་ལུང་ཞག་་ཉེར་གཅིག་གི་བར་སྩལ་ཞིང༌། མཇུག་ཏུ་སེམས་བསྐྱེད་མཆོད་པའང་མཛད། ནོར་འཛིན་དབང་མོས་ཞུས་ངོར་དམིགས་བརྩེ་མའི་ལས་ཚོགས་བརྒྱ་རྩའི་ལྗགས་ལུང་སྩལ། འདི་སྐབས་གཟིམས་ལམ་དུ་སྔགས་གྲྭའི་འདུ་ཁང་ཐོག་ནས་རེ་ནག་གིས་གཡོགས་པ་ཞིག་བྱུང་བ་ལ་ཟློག་རིམ་སྔགས་གྲྭའི་ལྷ་མོའི་མདུན་གཏོར་སྒྲུབ་དང་བཟླས་དམིགས་ནན་ཏན་མཛད། བྱམས་ཁང་ཚོམས་ཆེན་དུ་རྗེ་ཉིད་དང༌། གཞི་གླིང་མཆོག་སྤྲུལ་སོགས་ཀྱིས་མགོན་པོའི་གཏོར་སྒྲུབ། ཆོས་རྒྱལ་བསྐང་གསོ། ལྷ་མོའི་གཏོར་སྒྲུབ། སྐུ་ལྔའི་བསྐང་གསོ་བཅས་སོ་སོར་ཉིན་གསུམ་རེ། བཟླས་པའི་སྐབས་ལོགས་བྲིས་ཀྱི་སྐུ་བརྙན་སོ་སོ་ཐུགས་ཀར་གཟུངས་རྡོར་འདོགས་པ་སོགས་སྒྲུབ་གཞི་དེ་དག་གིས་གནང་ཞིང༌། བསྟོད་བསྐུལ་གཉེར་གཏད་གནད་སྨིན་དང༌། མཐར་ཡེ་ཤེས་བ་རྣམས་སྒྲུབ་གཞི་ལོགས་བྲིས་སོ་སོ་ལ་བརྟན་བཞུགས་མཛད་ཅིང༌། སངས་རྒྱས་ཀྱི་བསྟན་པ་དང་ཁྱད་པར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གཉེར་དུ་གཏད་དེ་སྲུང་བར་བཀའ་བསྒོ་བ་དང་དམ་ཚིག་བསྒྲགས་པ་སོགས་མཛད། དབེན་གནས་ཟབ་གསང་རྡོ་རྗེའི་དགའ་ཚལ་དུ་ཁྲི་ཟུར་བློ་བཟང་བཀྲ་ཤིས་སོགས་ལ་རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་དང༌། ཁང་དམར་དགོན་དུ་གཞི་གླིང་སྤྲུལ་སྐུ་སོགས་ལ་མཁའ་སྤྱོད་མའི་བྱིན་རླབས། སྔགས་བཏུའི་རྗེས་གནང༌། སྒྲུབ་ཐབས་སོགས་ཀྱི་ལུང་བཅས་ལེགས་པར་སྩལ། ཧོར་ཟླ་བཅུ་པའི་མཇུག་ཏུ་དགུ་གཏོར་གྱི་འཆམས་ལ་གཟིགས། འཇིགས་བྱེད་ཀྱི་ཞལ་འབག་ལ་གུས་པ་དང༌། དགྱེས་ཉམས་ཆེན་པོ་མཛད་ཅིང་འདི་ཉིད་གྲྭ་པ་ཚད་ལྡན་ཞིག་གིས་བཞེས་དགོས་གསུང༌། ཇོ་བོ་ནོར་མཛིན་མ་ཞེས་གྲགས་པས་སྐུ་འབྲུམ་བཞེས་པ་ལ་མཇལ། སྙན་དར་མར་མེ་མཆོད་སྤྲིན་སོགས་སྤྲོས་ཤིང་ཐུགས་སྨོན་གསོལ་འདེབས་ཞིབ་རྒྱས་མཛད། དགོན་འདིའི་ཆོས་སྐྱོང་རྣམས་ཀྱིས་ཁྲོས་པའི་རྣམ་འགྱུར་ཅི་རིགས་བསྟན་པ་ལ་དགེ་འདུན་རྣམས་ནས་སོ་ཐར་གྱི་ཚུལ་ཁྲིམས་ལ་ལྷག་པར་བརྩོན་པ་གནང་དགོས། ལྟས་འདི་དག་ཀྱང་དགེ་འདུན་གྱི་ཚུལ་ཁྲིམས་ཉམས་པའི་སྐྱོན་གྱིས་ཡིན་ལས་ཆེ་བས་ཀུན་གྱིས་ཉིན་ལྟར་ལྟུང་བཤགས་ཚར་རེ་མ་ཆག་པ་དགོས་ཞེས་ཕེབས། གཟིམས་ཁང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། བསྟན་འགྱུར་ཚར་གསུམ། རྗེ་ཡབ་སྲས་ཀྱི་གསུང་འབུམ། རྒྱལ་བ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ། གཞན་ཡང་དབུས་གཙང༌། སྡེ་དགེ ལི་ཐང༌། སོག་ཡུལ། ཨ་མདོ་སོགས་ནས་གྲུབ་མཐའ་རིས་མེད་ཀྱི་བླ་མ་རྣམས་ཀྱི་གསུང་འབུམ་མང་པོ་སོགས་པུསྟ་ཀ་ཉིས་སྟོང་དུ་ཉེ་བ་བཞུགས་པ་རྣམས་ལ་བཟང་གོས་སོགས་ཀྱི་ན་བཟའ། གླེགས་ཤིང་ གླེགས་ཐག གདོང་དར། དབུ་དར་སོགས་མ་ཚང་བ་མེད་པ། ཁྱད་པར་བཀའ་འགྱུར་དང༌། རྗེ་ཡབ་སྲས་ཀྱི་གསུང་འབུམ་ལ་བཟང་གོས་ཤ་སྟག་གི་ན་བཟའ། དབུ་དར་དང་གདོང་དར་གཉིས་ཚོན་སྣ་ལྔ་བརྩེགས་དང་སུམ་བརྩེགས། གླེགས་ཤིང་ཡང་བརྐོས་མ་ལ་ཚོན་བཟང་གསེར་རིས་ཅན་ལ་སོགས་པ་ཤིན་ཏུ་ལེགས་ཤིང་མཛེས་པ་སྟེ། ཐམས་ཅད་རྗེ་ཉིད་ཀྱི་སྤྱན་ལམ་དུ་བསྟར་ནས་ཐུགས་ཡུལ་དུ་འགྲོ་ངེས་ལས་སླ་ཆོས་ལྟ་བུ་གཏན་ནས་བྱེད་མི་བཅུག་པ་མཆོག་གསུམ་ལ་སྲི་ཞུ་རྨད་དུ་བྱུང་བའི་རྣམ་པར་ཐར་པ་ཁོ་ནར་སྣང༌། ཏྲེ་བོ་དཔོན་གྱི་ཕོ་བྲང་དུ་མི་འཁྲུགས་པའི་དབང་ཆེན་དང༌། སོག་དགོན་རི་ཁྲོད་དུ་ཐུགས་རྗེ་ཆེན་པོའི་དབང་ཆེན་སོགས་དགྱེས་བཞིན་སྩལ་ནས་སྨིན་གྲོལ་ལ་བཀོད། རོང་པ་ཚར་ཏྲེ་ཐུབ་འཁྲུགས་གཞི་ཤར་བ་ལ་ཕན་ཚུན་བརྩེ་བ་ཆེན་པོས་བཀའ་སློབ་གནང་བས་རང་སར་ཞི། ཕག་༡༨༨༧ལོ་དར་རྒྱས་དགོན་གྱི་སྨོན་ལམ་ཚོགས་དབུར་ཐུབ་པའི་སྐྱེས་རབས་ཀྱི་འཆད་སྤེལ་དང༌། སྨོན་ལམ་གྱི་ཕྱག་ལེན་སྤྱན་འདྲེན་ཁྲུས་གསོལ། མཆོད་འབུལ། བསྔོ་སྨོན་གྱི་རིམ་པ་རྣམས་གང་རྒྱས་གནང༌། དར་དགོན་དང་ཨ་ཐུབ་སྔ་འཁོན་འཕར་ལྡང་བྱུང་ཞིང༌། དེ་སྐབས་རྗེ་འདིའི་ཞལ་ནས། མདང་ཁོ་བོའི་རྨི་ལམ་དུ་ཁང་པ་ཆེན་པོ་ཞིག་ལ་མི་གཟིག་ལྤགས་གྱོན་པ་ཞིག་གིས་མདའ་འཕངས་པས་ཁང་པ་དེའི་གནམ་མཐོངས་ནས་གྱེན་དུ་སོང་བ་ཞིག་རྨིས། དགོན་གནས་འདིར་དགྲ་ལྷ་བསྟེན་ཆེ་བས་འཕྲུལ་འདྲ་མིན་ནམ་སྙམ། ཡང་གུར་ཆེན་པོ་ཞིག་གི་ནང་དུ་བསྡད་འདུག་པ་ལ་ཆར་དྲག་པོ་ཞིག་བབས་པས་ང་རང་ལ་ཡང་ཆར་ཟིལ་ཙམ་ཕོག་གདའ། གྲྭ་པ་ཞིག་ལ་ཆར་ཇི་ཙམ་འབབ་དྲིས་པས་ཆར་དྭངས་ཀིན་འདུག་ཟེར་ཀྱང་ཁོ་བོས་བལྟས་པ་ན་ཆར་དཔུང་ཤིན་ཏུ་ཆེ་ཞིང་ས་གཞི་ཐམས་ཅད་ཆུས་གང་བ་ཞིག་རྨིས། ཁོ་བོའི་རྨི་ལམ་ལ་བལྟ་རྒྱུ་ཆེར་མེད་མོད། ཅུང་ཟད་མི་ལེགས་སམ་སྙམ་གསུངས་ནས་ཞལ་འཛུམ་ཙམ་མཛད་དེ་གསུང་བཤད་ཀྱི་འཕྲོ་བསྐངས། གུང་ཚིགས་ལ་ཚོགས་དབུར་ཡོན་སྦྱོར་རྣམས་ལ་མཇལ་ཁ་ལྗགས་བསྔོ་སོགས་གནང༌། གུང་ཚིགས་གྲོལ་འཕྲལ་སྨོན་ལམ་སྐབས་སུ་ཨ་ཐུབ་ཚོང་པ་བསུ་མ་རྣམས་དང༌། དགོན་གྱི་གྲྭ་པ་ས་སྲུང་པ་རྣམས་ཐུག་པས་གྲྭ་པ་གཉིས་བསད། རྗེ་ཉིད་ཨ་ཐུབ་སྒར་དུ་བྱོན་ནས་བཀའ་སློབ་གནང་སྐབས་སྒར་མཐའི་སེར་དམག་རྣམས་ཀྱིས་མེ་མདའ་མང་དུ་འཕངས་པས། སྐུའི་ཉེ་ཆར་ཡང་མདའ་མཚོན་དུ་མ་བབས་ཤིང༌། ཟིང་ཆེར་གྱུར་ཀྱང་ཚམ་ཚོམ་མེད་པར་ཕན་ཚུན་ཕྱག་བརྡ་གནང་ཞིང༌། གསུང་གདངས་མཐོན་པོས་མཆོག་གསུམ་གྱི་བདེན་བདར་དང༌། གཉེར་གཏད་ཀྱི་སྒོ་ནས་དམ་ཚིག་ལ་བཀར་བར་མཛད་པས་ཅུང་ཟད་ལྷིངས་ཆགས། ཕྱི་ཉིན་ཡང་སྔར་ལྟར་བྱོན་ཏེ་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་དང་འབྲེལ་བར་རེ་ཞིག་ཆིངས་དུས་མཛད་དེ་དམག་མི་ཕན་ཚུན་སོ་སོར་རང་གནས་སུ་སོང༌། དེ་འཕྲལ་སྡེ་དགེ་རྒྱལ་པོ་དང༌། དར་རྒྱས་དགོན་གྱི་ལས་སྣེ་སོ་སོས་གསོལ་བ་བཏབ་པ་ལྟར་བར་གཟིགས་མཛད་དེ་ཕན་ཚུན་གྱི་བརྗོད་རིགས་མཐའ་དག་འཁོན་མེད་ཉི་མ་སྤྲིན་བྲལ་ལྟ་བུར་སྐྱེ་རྒུ་བདེ་སྐྱིད་ཀྱི་དཔལ་ལ་བཀོད། དར་རྒྱས་དགོན་གྱི་སྨོན་ལམ་གྱི་སྔོན་སྲོལ་ཉམས་བ་རྣམས་གསོས། དགེ་ཚུལ་སློང་གི་སྡོམ་པ་མང་དུ་ཕོགས། བྱམས་ཁང་ཆེན་མོར་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཆེན། བསྙེན་ཡིག་གི་ཁྲིད་ལུང༌། ཆོས་རྒྱལ་གྱི་རྗེས་གནང༌། བཅས་དགྱེས་པ་ཆེན་པོས་སྩལ། བཅོ་ལྔའི་མཆོད་གཟིགས་དང༌། བྱམས་པ་གདན་འདྲེན་སོགས་ལེགས་པར་གྲུབ་རྗེས་ལི་མ་ཁང་དུ་བླ་མ་ལས་སྣེ་གྲྭ་མང་དང་བཅས་པས་མབྲསྤྱལ་རྟེན་གསུམ་དངོས་འབུལ་རྣམས་བསྟར་ཏེ་རྗེ་བཙུན་བླ་མ་དམ་པ་མཆོག་ཉིད་བསྟན་འགྲོའི་དཔལ་དུ་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། བདག་ཅག་སྨན་ལྗོངས་ཀྱི་འགྲོ་བ་ཉམ་ཐག་པ་རྣམས་དམིགས་མེད་ཐུགས་རྗེའི་ཀློང་ལས་མི་འདོར་བས། གངས་ལྗོངས་སོགས་ཡུལ་གྲུ་གཞན་དུ་མི་འབྱོན་པ་མཁྱེན་ཅེས་མགྲིན་གཅིག་ཏུ་གསོལ་བ་ནན་ཏན་བཏབ། ཁྱེད་རྣམས་ནས་བདག་ལ་ཐུགས་བསམ་བཟང་པོར་མཛད་འདུག་པ་བཀའ་དྲིན་ཆེ་མོད། འོན་ཀྱང་ཁོ་བོ་ལ་གནས་ཆུང་ཆོས་སྐྱོང་ཆེན་པོའི་བཀའ་མ་ཁྲོལ་གཤིས་ལན་གཅིག་མི་འགྲོ་ཐབས་མེད་ཡིན་ཏེ། མགྱོགས་ཐབས་ཤིག་གང་དྲག་བྱེད་ཅེས་གསུངས། དེ་ཡང་རྗེ་ཉིད་སྔར་ལྷ་ལྡན་ནས་རང་ཡུལ་དུ་ཕེབས་ཁར་གནས་ཆུང་ཆོས་སྐྱོང་གིས་ལུང་ཕུལ་བ་ནི། ཧྲིའཿ རབ་ཏུ་འདུན་པས་དྲི་བ་སྤོར་བ་ལ། ། དོན་དམ་ཡེ་ཤེས་རྣམ་འགྱུར་འགོག་མེད་ཀྱང༌། ། རེ་དོགས་མཚན་འཛིན་སྒྱུ་མའི་ཟློས་གར་ཅན། ། རོལ་ཞིང་འཕྱོ་བ་རེ་ཟུང་འདུལ་སླད་དུ། ། འཕགས་པའི་རྒྱལ་སྲས་རྒྱ་མཚོའི་ཞིང་འདི་ལ། ། ཕུང་པོའི་གྲངས་ཙམ་ཕྱོགས་པར་མི་འདོར་རོ། ། ཅི་ནས་སྨོན་པས་དྲི་བ་འབོད་པ་ལ། ། རྣམ་དག་ཡེ་ཤེས་ཀློང་ནས་འཕྲིན་ལས་བྱེད། ། ཅེས་པ་འདི་ལགས་སོ།། དར་རྒྱས་དགོན་དུ་ཁྲུས་ཆོག་སོགས་ཀྱི་རྡོར་སློབ་ཞལ་ཚབ་ཁྲི་ཟུར་ཨ་ལུང་འཇོག་པར་གནང༌། མེ་ཕག་༡༨༨༧ལོ་རྫ་ཁོག་བསམ་འགྲུབ་དགོན་གྱི་བླ་བྲང་ཡ་ཟུར་རྭ་ལོ་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་དཔལ་ལྡན་རྣམ་རྒྱལ་གྲུབ་པའི་རྡོ་རྗེ་དཔལ་བཟང་པོ་སྐུ་ཁམས་ཅུང་ལྟེམ་པར་ཇོ་ཁང་རིན་པོ་ཆེར་གདན་ཞུས་ཀྱིས་བདེ་མཆོག་དཀར་པོའི་སྒོ་ནས་བརྟན་བཞུགས་ཕུལ། ཟླ་བ་བཅུ་པའི་ནང་ཧར་དྷི་རི་ཁྲོད་དུ་བླ་མ་བློ་བཟང་བསྟན་པ་དང༌། དགེ་ཚུལ་མ་སྤྱིས་ཞུས་ངོར་འཛི་ནང་སྤྲུལ་སྐུ་སོགས་སེར་སྐྱ་མཆོག་དམན་བགྲང་ལས་འདས་པ་ལ་རྒྱལ་བ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་གསུང་འབུམ་ཡོངས་རྫོགས་ཀྱི་བཀླགས་ལུང་སྩལ། འདི་དུས་ལྷོ་ཕྱོགས་ཀྱི་ནམ་མཁའ་ནས་འབྲུག་སྒྲ་བསྒྲགས་པས་རྟེན་འབྲེལ་ལེགས་ཞེས་གསུངས་ཏེ་དོན་ཞགས་ཆོ་ག་ཞིབ་མོ་སོགས་རྒྱུད་དུ་མ་ནས་གསུངས་པའི་སྒྲུབ་པ་ཆེན་པོའི་མཚན་མར་སེམས་སོ། །སྤྱོད་འཇུག་གི་ཁྲིད་ལུང་བསྡུས་པ་ཞིག་ཀྱང་གནང༌། མཇུག་ཏུ་དཔོན་སློབ་ཀུན་གྱིས་བླ་མ་མཆོད་པའི་སྒོ་ནས་མཆོད་སྤྲིན་དང༌། ཚོགས་འཁོར་སོགས་རྒྱ་ཆེར་མཛད། ཕྱིར་བྱོན་དུས་གྲུ་ཁར་གྲུ་པས་ཀོ་བ་བཟུང་སྟེ་མས་ངོས་སུ་བསྒུགས་པར། རྗེ་ཉིད་ཀྱིས་དེར་མི་བདེ། འདི་གར་ལེགས་གསུངས་ནས་ཡས་ངོས་སུ་འཁྱགས་སྟེང་ནས་ཕེབས་པས་འཁྱགས་པ་ཆད་དེ་རྗེ་བླ་མ་དཔོན་སློབ་བཞི་ལྔ་ཙམ་འཁྱགས་པ་ཁོལ་བུ་ཞིག་གི་སྟེང་དུ་མབྲསྤྱལ་ཕུལ་བ་བཞིན་རྫ་ཆུ་ནང་ཕར་ཚད་ཁྱེར་ཀྱང་དཔོན་སློབ་ཐམས་ཅད་ན་བཟའ་ཙམ་ཡང་མ་གཤེར་བར་ཚུར་ཐད་ཀར་བྱུང༌། ཀོ་གྲུ་ལ་འཛུམ་པ་རྣམས་ཁོག་སྨད་ཆུར་བྱིངས་པས། དེར་འཁོད་མཐའ་དག་ཤིན་ཏུ་ངོ་མཚར་བར་གྱུར་ཏེ། ལྷ་སྲུང་བྲན་དུ་འཁོལ་བའི་རྟགས་སོ། ། ས་བྱི་༡༨༨༨ཧོར་ཟླ་གཉིས་པར་བྲག་མགོ་དགོན་དུ་རྗེ་བཙུན་མཁའ་སྤྱོད་དབང་མོའི་བྱིན་རླབས་དང༌། ཀེའུ་ཚང་བླ་མ་རིན་པོ་ཆེ། གཞི་གླིང་མཆོག་སྤྲུལ། རབ་མཚར་མཆོག་སྤྲུལ། དགོན་པའི་ཁྲི་གདན་ཟུར། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན། ཁྱིམ་པ་ཕོ་མོ་སོགས་ཚོགས་པ་སྟོང་ཕྲག་ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྦྱོར་དངོས་མཇུག་གསུམ་ཕྱག་ལེན་ཕྲ་ཞིབ་ཀྱི་སྒོ་ནས་གསུང་བཤད་འབྱམས་ཀླས་པ་དང་བཅས་ལེགས་པར་སྩལ་ཏེ་མཁས་པ་རྣམས་ཀྱི་ཡིད་དབང་འགུགས་པར་མཛད། ལོ་ལྟར་དུས་འཁོར་སྒྲུབ་མཆོད་རྡུལ་ཚོན་དང་འབྲེལ་བ་ཉིན་བདུན་རེ་བསྟན་པ་ནམ་གནས་ཀྱི་བར་འཛུགས་རྒྱུའི་བཀའ་ཁྱབ་གནང་སྟེ་མདོ་སྨད་ཀྱི་ལྗོངས་འདིར་དུས་ཀྱི་འཁོར་ལོའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད།

༨ སླར་ཡང་ལི་ཐང་དུ་ཕེབས་ཏེ་ཁུལ་དེའི་གྲྭ་ཚང་དུ་མའི་གྲྭ་རྒྱུན་མང་པོར་དགེ་ཚུལ་སློང་གི་སྡོམ་པ་ཕོག་པ་དང༌། དགོན་ཁག་དང་དཔོན་ཁག་ མང་པོའི་སྐྱ་སེར་ཁྲི་ཕྲག་བརྒལ་བར་མདོ་སྔགས་ཀྱི་འདོད་ ཆོས་དུ་མ་སྩལ་བའི་ཚུལ།

དེ་ནས་ལི་ཐང་དགོན་གྲོང་ནས་གསོལ་བ་ནན་ཆེར་བཏབ་པ་བཞིན་དེ་ཕྱོགས་ཀྱི་བསྟན་འགྲོའི་དོན་དུ་ཆིབས་བསྒྱུར་གནང༌། ཨོ་ཐོག་དགུན་ས་ལྕགས་དཀར་སྟེང་དུ་བཞུགས་སྒར་མཛད། ཨོ་ཐོག་གྲྭ་ཚང་གི་བླ་མ་དགེ་བཤེས་རྣམས་དང༌། དཔོན་སྐལ་བཟང་ཚེ་རིང་ནས་ཞུས་པ་བཞིན་སེར་སྐྱ་གྲངས་མེད་པ་ལ་བླ་མ་མཆོད་པ་དང་དགའ་ལྡན་ཕྱག་ཆེན་གྱི་ཁྲིད་ཉིན་བཅུ་ལྷག་ཙམ་ལ་སྨིན་རྒྱས་སུ་སྩལ། སྡོམ་བཙོན་དུར་མཐུ་སྟོབས་ཉི་མས་ཞུས་ངོར་དགའ་ལྡན་གསེར་ཆོས་འཇམ་དཔལ་སྨྲ་བའི་སེངྒེ་སོགས་འཇམ་དབྱངས་རིགས་ལྔའི་རྗེས་གནང༌། སྨྱུང་གནས་བླ་མས་གསོལ་བ་བཏབ་པ་ལྟར་སྙིང་པོ་དོན་གསུམ་གྱི་ཁྲིད། རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་གཞི་བསྙེན་ཆེན་པོ་ཁས་བླངས་པ་རྣམས་ལ་དེ་ཉིད་ཀྱི་དབང་ཆེན་དང༌། བསྙེན་སྒྲུབ་སྐོར་གྱི་ལུང་ཁྲིད་བཅས་དགྱེས་པ་ཆེན་པོས་གནང༌། གྲུབ་མཐའ་རིས་མེད་ཀྱི་རབ་བྱུང་ཤིན་ཏུ་མང་པོ་ལ་འདུལ་བ་ནས་ཇི་ལྟར་གསུངས་པ་བཞིན་དུ་ཆོ་ག་རྣམ་པར་དག་པའི་སྒོ་ནས་དགེ་ཚུལ་སློང་གི་སྡོམ་པ་ཕོགས། ཉིན་བཞིན་སེར་སྐྱ་མཆོག་དམན་རྣམས་ལ་ཞལ་མཇལ་དང༌། དགོང་མོ་བླ་མཆོད་ཞལ་འདོན་གྱི་གྲལ་དུ་འཇུག་པ་སོགས་བརྩེ་བ་སྙིང་རྗེ་ཆེན་པོའི་ཆུས་བརླན་པར་མཛད། མགོ་ལོག་དགོན་གསར་དུ་དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་ལྗགས་བསྙེན་ཉིན་བཅོ་ལྔའི་བར་གནང༌། དགོན་པའི་གཡས་ངོས་ནས་གློ་བུར་དུ་ཆུ་གཏེར་ཆེན་པོ་བརྡོལ་བ་དཀར་ཕྱོགས་ཀྱི་ལྷ་ཀླུ་དགའ་བའི་མཚན་མར་གསལ། ལྗགས་བསྙེན་ལེགས་པར་གྲུབ་རྗེས་ཁ་སྐོང་སྦྱིན་སྲེག་ཀྱང་གནང༌། དེ་ཡང་དངོས་གྲུབ་རྒྱ་མཚོ་སོགས་རྗེ་ཡབ་སྲས་ཀྱི་གཞུང་ལས་ཇི་ལྟར་གསུངས་པ་བཞིན་ཐབ་དང་ཐིག་ཚོན། མེ་དང་བུད་ཤིང་གི་མཚན་ཉིད་སོགས་ཕྲ་མོ་ལའང་ཤིན་ཏུ་བཀའ་དོག་པོར་གནང་ཞིང༌། ཡམ་ཤིང་དང་མར་ཁུ་སོགས་རྫས་རྣམས་གཙང་སྦྲ་དང་ལྡན་པ་མཛད། སྦྱིན་སྲེག་ཙམ་དུ་མ་ཟད་མཆོད་པའི་བྱ་བ་གང་ལ་ཡང་ཞབས་ཕྱི་ཞུ་བ་པོས་ཁ་སྣ་སོགས་རས་ཀྱིས་དཀྲིས་ནས་ལག་པའི་སེན་མོའི་བར་སྲུབ་ཚུན་ཆད་ཆུ་གཙང་གིས་ཡང་ཡང་བཀྲུས་ནས་དག་པ་དང༌། གོས་དང་གདོང་སོགས་གཞན་གང་ལ་ཡང་མི་རེག་པར་སྐམ་བཅུག བཀྲུ་བཤལ་ལེགས་པར་བགྱིས་པའི་སྣོད་ཅིག་ཏུ་མཆོད་རྒྱུ་མར་ལྟ་བུ་ཡིན་ན་གསོལ་མར་སོགས་ཀྱི་ནང་ནས་གང་བཟང་བ་དེ་ཉིད་ཕྱི་ནས་རིམ་བཞིན་སྣོད་གཙང་དུ་བླུགས་ནས་ཁ་དམ་པར་བཅད་དེ་བཞུ་དགོས་པ་རྣམས་བར་མ་དོར་ཁ་ཁེབས་བསལ་མི་ཆོག་པར་ཁོལ་ཐག་ཆོད་དགོས་པ་དང༌། མཆོད་རྒྱུ་རྩམ་པ་སོགས་ཀྱང་གང་ཡོད་ཀྱི་ནང་ནས་བཟང་ངེས་དེ་ལ་སྨན་སྣ་ཚོགས་དང༌། དཀར་གསུམ་མངར་གསུམ་སོགས་ཀྱིས་སྦགས་པའི་གཏོར་རིལ་དང༌། གསུར་རྩམ་མཛད་ཅིང༌། གཏོར་མའི་རྒྱུ་སོགས་ཀྱང་དམ་སེལ་མེད་པའི་གཞུང་གི་བདུད་རྩི་རིལ་བུ་ལྟ་བུ་ཁུངས་དག་དང་སྨན་སོགས་ཀྱིས་སྦྱར་ཏེ་ལེགས་པར་བཞེངས་པ་གནང༌། རྔུལ་དང༌། དྲི་མ་དང༌། དྲེག་པ་ལྟ་བུ་ལ་ཐུག་དོགས་ཅུང་ཟད་ཙམ་བྱུང་ན་དེ་མ་ཐག་ཏུ་སྔ་མ་དེ་རྣམས་ཕར་བཅད་ནས་སླར་ཡང་གཞི་ནས་བརྗེ་བར་མཛད། དེ་འདྲ་སྐབས་མང་པོར་གནང་བས་མཆོད་པའི་ཞབས་ཞུ་བ་རྣམས་ཀྱང་འཇིགས་ཞུམ་ཞུམ་པའི་ངང་ནས་ཤིན་ཏུ་བག་ཡོད་བྱེད་དགོས་པའི་མིག་རྒྱུན་དེང་སང་གི་བར་དུ་ཡང་རྗེ་ཉིད་ཀྱི་ཞབས་པད་བསྟེན་པ་རྣམས་ལ་གཏན་ཆགས་པར་གནས་པ་ཡིན། དེ་ལྟར་ཐུད་ཀྱི་སྔོ་ས་དང༌། ལོ་མའི་སེར་སའི་མཆོད་རྒྱུ་བྱེད་པ་དག་གི་ངང་ཚུལ་ལས་རིང་དུ་བརྒལ་བ་སྟེ། དཀོན་མཆོག་ལ་ཐུགས་གཏིང་ནས་ཡིད་ཆེས་འཁྲུངས་པའི་གཏན་ཚིགས་སྐུ་ཚེ་ཧྲིལ་པོར་གསལ་བར་སྟོན་པ་འདི་ཙམ་ཡང་དམ་པ་རྣམས་དགྱེས་པ་བསྐྱེད་པའི་རྣམ་པར་ཐར་པ་རྨད་དུ་བྱུང་བའོ། །དགོན་དེའི་དགེ་བཤེས་སོགས་དད་ལྡན་མཆོག་དམན་བརྒྱ་ཕྲག་དུ་མ་ལ་འཇིགས་བྱེད་ལྷ་བཅུ་གསུམ་མ་དང༌། གསང་བདག་འཁོར་ལོ་ཆེན་པོའི་དབང་སྟ་གོན་དང་བཅས་པ་དགྱེས་བཞིན་སྩལ། རྒྱབ་རིའི་མདུན་དུ་གྲྭ་མང་དང་བཅས་ཐུགས་སྤྲོ་མཛད། དེ་ཉིན་གཞི་བདག་ལྷ་བཙན་དཀར་པོ་དང༌། སྨན་བཙུན་དགའ་བཟང་གསེར་མཚོ་གཉིས་ཀྱི་བསངས་མཆོད་ཕུད་ཚོགས་གཡང་དུ་འགུགས་པའི་ཕོ་ཉ་ཞེས་བྱ་བ་ཞིག་ལྗགས་རྩོམ་གནང་ནས་བསང་དང་འཕྲིན་བཅོལ་གནང༌། མགོ་ལོག་སྟོད་ཨོ་ཐོག་དཔོན་གྱི་མཁར་དུ་སྐུ་མཚམས་དམ་པར་རྣམ་རྒྱལ་མ་ལྷ་དགུའི་ལྗགས་བསྙེན་ལས་རུང་ཡེ་ཤེས་འབེབས་སྔགས་ཁ་སྐོང་སྦྱིན་སྲེག་བཅས་མཛད། བཅད་རྒྱ་ནས་དཔོན་འཁོར་བཅས་ལ་ཆོས་འབྲེལ་དང༌། ཕུན་སུམ་ཚོགས་པའི་བདེན་ཚིག་བརྗོད། ཨོ་ཐོག་དབྱར་ས་ཁྲ་ཆེན་ཐང་དཀར་དུ་གྲྭ་ཚང་གི་དུས་འཁོར་སྒྲུབ་མཆོད་ཀྱི་དབུར་བཞུགས། གྲྭ་ཚང་དང༌། དཔོན་སྐལ་ཚེ་ཕ་བུ་སོགས་སེར་སྐྱ་མཐའ་ཡས་པ་རྣམས་ལ་རྣམ་རྒྱལ་ལྷ་དགུ་དང༌། འཁོར་ཆེན་གྱི་དབང་སྟ་གོན་དང་བཅས་སྨིན་རྒྱས་སུ་སྩལ། བཞུགས་གུར་དུ་གྲྭ་ཚང་གི་བླ་མ་དགེ་བའི་བཤེས་གཉེན་སོགས་སྡོམ་བརྩོན་སྡེ་སྣོད་འཛིན་པ་ལྔ་བཅུ་ཙམ་ཞིག་ལ་བླ་མའི་རྣམ་འབྱོར་དགའ་ལྡན་ལྷ་བརྒྱ་མ་དང༌། ནཱ་རོ་ཆོས་དྲུག་གི་ཟབ་ཁྲིད་ཞིབ་ཅིང་རྒྱས་པ་གནང༌། གསུང་བཤད་ལས་འཕྲོས་ཏེ་དེང་སང་རང་རེ་རྣམས་མཇལ་དཀའ་བ་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་དང་མཇལ་བ་འདི་སྒོ་དུ་མ་ནས་ཨེ་མ་སྐལ་པ་ཤིན་ཏུ་བཟང་སྙམ་སྟེ་ངེས་ཤེས་ཡགས་པོ་འདྲོངས་པར་བྱེད་དགོས། ཁྱད་པར་ཁྱེད་བླ་མ་མཆོག་སྤྲུལ་དང༌། དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་ལ་ངེས་པར་བཞག་དགོས། ཕ་བཟང་ཙ༅༼ན་སྡོང་པོ་ལ། །བུ་ངན་སྟག་མའི་མེ་ཏོག་བཀྲ། །ཟེར་བ་ལྟར། རང་ཉིད་རྗེ་ཡབ་སྲས་ཀྱི་བསྟན་པའི་རྗེས་སུ་ཞུགས་པར་རློམ་ནས་རྗེ་ཡབ་སྲས་ཀྱི་གསུང་རབ་རྨད་དུ་བྱུང་བ་རྣམས་ལ་ཐོས་བསམ་ཅི་ནུས་དང༌། ཐ་ན་སྨོན་ལམ་གྱི་གནས་ཚུན་ཆད་བྱེད་དགོས་པ་ལ། དེ་དག་རྒྱབ་ཏུ་བོར་ནས་གཞན་འགའ་ཞིག་གི་ལད་མོ་ལྷ་མཆོད་འདྲེ་བརྡུང༌། མངོན་མཁྱེན་གྲུབ་རྟགས་ཕྲ་མོ་ཙམ་ལ་རེ་བ་བྱེད་པ་དང༌། སེར་པོ་བ་རྣམས་ཀྱང་ཚོང་བུན་སྐྱེད། རྒྱ་འགྲོ་དབུས་འདུག་གི་བྱ་གཞག་ཁྱིམ་པ་ལས་ཀྱང་དྲན་རླབས་རྒོད་པ་འདི་བསྟན་པ་ཤིན་ཏུ་ཉམས་པའི་སྔ་ལྟས་སུ་ངེས་པར་འདུག ལྷག་པར་ལོ་སྔ་མར་འབྲས་སྤུངས་སྔགས་པའི་ཡི་དམ་རིན་པོ་ཆེས་མེ་བཞེས་པ་འདི་ཡང་རྗེའི་བསྟན་པ་འདི་ལ་ཤིན་ཏུ་གེགས་ཆག་ཆེ་བའི་ལྟས་སུ་སྣང༌། ཁྱེད་རྣམས་ནས་རང་རྒྱུད་ལ་བསྟན་པ་སྒེར་ནུབ་ཏུ་མི་འགྱུར་བ་རེ་མཛད་དགོས་ཞེས་ཐུགས་སྐྱོ་བའི་ཉམས་ཀྱིས་གསུང༌། དེར་ཆོས་གྲལ་དུ་འཁོད་པའི་མཆོག་དམན་ཀུན་གྱི་ཡིད་རང་དབང་མེད་པར་གཡོས་ཏེ་མིག་མཆི་མས་གང་བཞིན་གསོལ་འདེབས་སོགས་ལ་བརྩོན་པར་གྱུར། གྲྭ་ཚང་གི་རྗེ་ཉིད་ཀྱི་ཞབས་བརྟན་དུ་སྔར་ནས་བཞེངས་པའི་རྣམ་རྒྱལ་མཆོད་རྟེན་ལ་རབ་གནས་ཀྱི་མེ་ཏོག་འཐོར་ཏེ་ཐུགས་སྨོན་གནང༌། མ་མོ་བྱ་སྙིང་ཞེས་བ་ཕྱོགས་དེའི་གཞི་བདག་ཅིག་ལ་གྲྭ་ཚང་ཡུལ་དགོན་རྣམས་དང་ཆབས་ཅིག་གསོལ་མཆོད་མཛད། ཡས་མས་ཀྱི་ཁྱིམ་ཁག་སོ་སོ་ལ་རིམ་བཞིན་བྱོན་ཏེ་འདོད་ཆོས་ཀྱི་བགོ་སྐལ་ལྷུག་པར་སྩལ། སོག་ལོག་གྲྭ་ཚང་དུ་སེར་སྐྱ་གྲངས་མེད་པ་ལ་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན་གནང༌། རྗེ་ཉིད་ཀྱི་སྐུ་མཆེད་རྭ་ལོ་མཆོག་སྤྲུལ་རིན་པོ་ཆེ་ཞིང་ཁམས་གཞན་དུ་གཤེགས་པའི་བརྡ་འབུལ་བྱ་མ་རྟ་འབྱོར་བས་བླ་མ་མཆོག་ཀྱང་ཐུགས་ངལ་ཆེ་བ་དང་བཅས་དགོངས་རྫོགས་སུ་མཆོད་སྤྲིན་རྒྱ་ཆེན་པོ་བཤམས་ཏེ་གྲྭ་ཚང་གི་དགེ་འདུན་རྣམས་དང་བཅས་བླ་མཆོད་ཞལ་འདོན་སོགས་ཐུགས་དམ་གཟབ་རྒྱས་གནང༌། ཁྲི་དཔོན་བླ་མ་རིན་པོ་ཆེས་མཛད་པའི་ཞིང་སྒྲུབ་ཆོ་གའི་སྒོ་ནས་སྟོང་མཆོད་དང་གྲྭ་ཚང་ལ་སྐུ་འགྱེད་སོགས་ཕུལ། ཁྱིམ་སོ་སོར་ཡང་དམ་པའི་ཆོས་ཀྱི་འབྲེལ་པ་བཞག རྣལ་འབྱོར་མའི་བསྙེན་སྒྲུབ། ཡིག་དྲུག སྨྱུང་གནས་ཁས་ལེན་བྱེད་མཁན་རྣམས་ལ་གཟེངས་བསྟོད་དང་བསྔོ་སྨོན་གྱིས་ཡིད་ཚིམ་པར་མཛད། ཀ་རུ་དགོན་དུ་སེར་སྐྱ་མང་པོར་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན་ཆོ་ག་རྣམ་པར་དག་པའི་སྒོ་ནས་སྩལ། གྲྭ་ཤག་ཕན་ཚུན་དང་ཁྱིམ་སོ་སོར་འདོད་མོས་བཞིན་དམ་པའི་ཆོས་ཀྱིས་རེ་བ་བསྐངས། མོ་ལ་གཤོངས་པ་སྡེ་སྤྱིར་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་གནང༌། མོ་ལ་བར་དུ་དད་ལྡན་རྣམས་ལ་བཅོམ་ལྡན་འདས་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་དབང་ཆེན་རྒྱས་པར་སྩལ། གཞི་བདག་ཅིག་ལ་གསོལ་མཆོད་དང་བཀའ་བསྒོ་མཛད། ཡས་མས་ཀྱི་ཁྱིམ་ཕེབས་ཀྱང་མཛད་ནས་སྐྱེ་བོ་རྣམས་ཀྱི་རེ་འདོད་བསྐངས། མོ་ལ་སྟོད་དུ་བྱོན་ནས་དེར་འདུས་རྣམས་ལ་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན་སྩལ་ཞིང་ཁྱིམ་ཕེབས་སོགས་ཀྱང་དགྱེས་བཞིན་མཛད། འཛའ་ཁོག་བརྒྱུད་དེ་དབེན་གནས་བྲག་དཀར་རི་ཁྲོད་དུ་ཕྱག་ཕེབས་ནས་རྒྱུན་གྱི་ཞལ་འདོན་རྣམས་ཀྱི་མཇུག་ཏུ་ནཱ་རོ་ཆོས་དྲུག་གི་དམིགས་སྐོར་དང༌། རླུང་གནད་ཀྱི་སྐོར་སོགས་ཞལ་ཁྲིད་གནང༌། བྲག་དཀར་གནས་གཟིགས་ཀྱང་ཞིབ་ཏུ་མཛད། ལི་ཐང་དགོན་ཐུབ་ཆེན་བྱམས་པ་གླིང་དུ་ཞབས་པད་བསྐྱོད་དེ་གཞི་མ་ཁམས་ཚན་གྱི་ཚོགས་ཁང་དུ་འདུས་གྲྭ་རྣམས་ལ་ཆོས་འབྲེལ་རྒྱ་ཆེར་སྩལ། དགོན་དེའི་འདུ་ཁང་ཆེན་མོར་བཀའ་རམ་དགེ་བཤེས། བླ་སྤྲུལ་ཁག་སོགས་དགེ་འདུན་སྟོང་ཕྲག་བརྒལ་བ་ལ་གསང་བདག་འཁོར་ལོ་ཆེན་པོའི་དབང་ཆེན་གནང༌། འདུས་སྡེ་རིན་པོ་ཆེར་མང་ཇ་དང་སྐུ་འགྱེད་ཕུལ། རྟེན་མཆོག་སྤྱི་དང༌། ཁྱད་པར་ཐུབ་ཆེན་ལ་ན་བཟའ་དང་མཆོད་སྤྲིན་སྣ་ལྔ་རྒྱ་ཆེར་བཤམས་ནས་ཕན་བདེའི་རྩ་ལག་དམ་པ་རྒྱལ་བསྟན་ཡུན་རིང་དུ་གནས་པའི་ཐུགས་སྨོན་ཤུགས་དྲག་མཛད། ཁྲི་ཐོག་མཆོག་སྤྲུལ་རིན་པོ་ཆེའི་གཟིམས་ཤག་སོགས་ཡས་མས་ཕེབས་འོས་ཀུན་ལ་དགྱེས་བཞིན་དུ་བྱོན་ནས་རང་རང་གི་སྐལ་བ་དང་འཚམས་པའི་དམ་པའི་ཆོས་ཀྱི་འབྲེལ་བ་སྩལ། དྲུང་སྡེ་པ་དང༌། རྩེ་ཕྱག་སྡེ་པ་སོགས་ལའང་འདོད་ཆོས་ཅི་རིགས་པ་གནང༌། རྩེ་རི་ཁྲོད་ཚ་སྟག་དབེན་གནས་སོགས་ཀྱི་རྟེན་དང་གཙུག་ལག་ཁང་རྣམས་ལ་མཆོད་སྤྲིན་རྒྱ་ཆེར་སྤྲོས་ནས་སྤོང་བ་པ་རྣམས་ལ་བསྙེན་བཀུར་དང་བསླབ་གདམས་མང་དུ་མཛད། མགར་བ་ལ་བརྒྱུད་སྦྲ་ཁོག་སོགས་སུ་དད་ལྡན་རྣམས་ཀྱི་མོས་པ་བསྐངས་ནས་འཛམ་གླིང་གནས་མཆོག་སོ་གཉིས་ཀྱི་ཡ་གྱལ་ཀཱ་མ་རུ་པར་བྱོན། གནས་ཕུ་རི་ཁྲོད་དུ་སྤོང་བ་པ་རྣམས་ལ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དབང་ཆེན་སྩལ་ཞིང་བསམ་གཏན་གྱི་སྤྱིལ་བུ་སོ་སོར་ལམ་རིམ་བློ་སྦྱོང༌། བླ་མའི་རྣམ་འབྱོར། ཆོས་རྒྱལ་གྱི་རྗེས་གནང་སོགས་ཟབ་རྒྱས་སོགས་ཟབ་རྒྱས་ཆོས་ཀྱི་གྲུ་ཆར་ཕབ། གནས་མཇལ་ཞིབ་རྒྱས་དང་འབྲེལ་བདེ་མཆོག་ཚོགས་འཁོར་བསྐོར་ཞིང༌། དཔྱིད་གླུ་སོགས་ཀྱི་མགུར་དབྱངས་འཐེན་པས་འདས་པ་དང༌། མ་འདས་པའི་གནས་གསུམ་མཁའ་འགྲོ་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་མཐུ་བོ་ཆེ་རྣམས་ཀྱི་ཐུགས་རྒྱུད་ཟག་པ་མེད་པའི་བདེ་བས་ཚིམ་པར་མཛད་རྒྱལ་བསྟན་ཡུན་རིང་གནས་པའི་ཐུགས་སྨོན་རྒྱ་ཆེར་གནང༌། གནས་མེད་རི་ཁྲོད་གྲྭ་ཚང་དུ་འདུས་ཚོགས་ལ་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་སྩལ། འབའ་གཉའ་ངོས་སྡེ་པའི་དཔོན་མོ་མ་བུ་ཞལ་མཇལ་ཞུར་བྱུང་བ་དབང་གྲལ་དུ་འཇུག་པའི་བཀའ་དྲིན་བསྐྱངས། འབའ་བཀྲ་ཤིས་ཁང་གསར་སྡེ་པ་ཕ་བུ་དཔོན་འཁོར་དང༌། ཆོས་སྡེ་དགོན་ནས་དངོས་འབུལ་སྤོམ་མཐོ་བ་བཏེགས་སྟེ་འབའ་ཁོག་ཏུ་ཆིབས་བསྒྱུར་གནང་དགོས་པའི་གསོལ་བ་ནན་ཏན་བཏབ་ཀྱང་ཞལ་གྱིས་མ་བཞེས་ཤིང་རྗེས་སོར་ཁོམ་ལོང་བྱུང་ན་འོང་ཆོག་ཅེས་བཀའ་ཕེབས། ཚེ་དབང་སོགས་འདོད་ཆོས་སྩལ། ཝ་ཤུལ་གཡོན་རུའི་གྲྭ་ཚང་དང༌། ལྔ་བཅུ་གྲྭ་ཚང་ནས་གདན་འདྲེན་ཞུས་པ་བཞིན་ཨ་ཙིག་རབ་འབྱམས་པའི་རི་ཁྲོད་དུ་བྱོན། རབ་འབྱམས་པས་གཙོས་སྤོང་བ་བསམ་གཏན་པ་རྣམས་ལ་ཐུགས་ཤིན་ཏུ་དགྱེས་པས་ཞལ་གདམས་དང༌། ཆོས་ཀྱི་གསུང་གླེང་མཐའ་ཡས་པ་གནང༌། རི་ཁྲོད་པ་རྣམས་ཀྱིས་འབྲལ་མི་ཕོད་པ་ལྟ་བུར་གདོང་མཆི་མས་གང་ཞིང་སྐྱེལ་མ་ཞུས། རྗེ་ཉིད་ནས་ཀྱང་ཞལ་ཕྱིར་ཡང་ཡང་གཟིགས་ཤིང་ཐུགས་བརྩེ་བ་ཆེན་པོས་དབུགས་དབྱུང་མཛད་བཞིན་ཕེབས། ཉག་ཐང་དུ་ལྔ་བཅུ་གྲྭ་ཚང་གི་སྒར་ཁང་སྐྱ་སེར་མཐའ་ཡས་པ་ལ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང་སྨིན་རྒྱས་སུ་སྩལ། འདི་སྐབས་གློ་བུར་དུ་སེར་དྲག་སོགས་ཚུབ་ལྷོངས་ཆེ་བ་བྱུང་ཡང་སྐུ་ཐུགས་གསུང་གི་གཟི་བྱིན་གྱིས་རང་མལ་དུ་ཞི། འབོ་ཉག་ཐང་སྟོད་དུ་གཡོན་རུ་གྲྭ་ཚང་གི་སྒར་ཆེན་ནས་ཁྲོམ་ཐོག་སྤྲུལ་སྐུ་སོགས་སེར་སྐྱ་བརྒྱ་ཕྲག་དུ་མ་ལ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་ཆེན་གནང༌། གཞག་གསེར་མར་ཐང་དགོན་དུ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་ཆེན་དང༌། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་བཤད་ལུང་སྩལ། གཞག་གསར་སྤས་རྒྱལ་གྱི་ཁྱིམ་དུ་དེ་ཕྱོགས་ཀྱི་ཚོགས་པ་སྤྱིར་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་རྗེས་གནང་དང༌། མཎིའི་བཟླས་ལུང་སོགས་ཐུགས་བརྩེ་བ་ཆེན་པོས་གནང༌། སྟོན་པ་དང༌། མཆོག་ཟུང་བཞིན་གང་དུ་བྱོན་པའི་ས་ཕྱོགས་དེར་འབྲེལ་ཚད་དོན་དང་ལྡན་པར་མཛད་དེ་སླར་གཟིམས་ཁང་དགའ་ལྡན་བཤད་སྒྲུབ་ཕོ་བྲང་དུ་ཞབས་ཀྱི་པདྨོ་མཛེས་པར་བཀོད།

༩ ཧོར་དཀར་མཛེས་སུ་ཕྱིར་ཕེབས་ཏེ་མ་ཟུར་དང་ཁང་གསར་སོགས་ ཧོར་ཁོག་གི་དཔོན་ཁག་དང་དགོན་ཁག་མང་པོར་མདོ་སྔགས་ཀྱི་ གསེར་ཆོས་དང༌། བསྟན་པ་ལ་སྨན་པའི་ཞལ་ གདམས་དུ་མ་སྩལ་བའི་ཚུལ། ཉ་རྒྱས་མཆོག་སྤྲུལ་རིན་པོ་ཆེ་ནས་གསོལ་བ་བཏབ་པ་བཞིན་ཆིབས་བསྐྱོད་དེ་ཉ་རྒྱས་སྤྲུལ་སྐུ་ཆེ་ཆུང་རྣམ་གཉིས་སོགས་དད་ལྡན་སེར་སྐྱ་སྟོང་ཕྲག་ཏུ་ཉེ་བ་ལ་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་དབང་ཆེན་དང་འབྲེལ་བར་སངས་རྒྱས་སྟོང་དབང་ཞིབ་རྒྱས་སྩལ། འདི་སྐབས་ནམ་མཁའི་དབྱིངས་ཀུན་འཇའ་ཁ་དོག་སྣ་ཚོགས་པ་མཆོད་རྫས་ཀྱི་རྣམ་པ་དཔག་ཏུ་མེད་པས་གང་བ་དང༌། ཉི་ཟླ་སྐར་གསུམ་དུས་གཅིག་ཏུ་ཤར་བ་ཀུན་གྱིས་མཐོང་བ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང༌། འགའ་ཞིག་ལ་རྗེ་བཙུན་རྡོ་རྗེ་རྣམ་འབྱོར་མའི་བྱིན་རླབས་ཀྱང་གནང༌། ཁྲི་ཆེན་སྤྲུལ་སྐུ་སོགས་ལ་བར་མ་རབ་བྱུང་དང༌། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་ཕོགས་ཏེ་བསྟན་པ་རིན་པོ་ཆེའི་ཁང་བཟང་དུ་བཀོད། རབ་མཚར་རི་ཁྲོད་དུ་སྣར་ཐང་བརྒྱ་རྩའི་རྗེས་གནང་རྫོགས་པར་སྩལ། སྟོང་སྐོར་དགོན་སྤྱིར་ཞུས་ངོར། ཆོས་ར་ཆེན་མོར་ཚོགས་པ་སྟོང་ཕྲག་ཏུ་ཉེ་བར་གདུགས་དཀར་ལྷ་མང་གི་དབང་ཆེན། འཇམ་དབྱངས་དཀར་སེར་གཉིས་ཀྱི་རྗེས་གནང༌། ཚེ་དབང༌། འཕོ་ལུང༌། ཡིག་དྲུག་བཟླས་ལུང་བཅས་དགྱེས་བཞིན་སྩལ་ནས་སྐྱེ་འགྲོ་ཀུན་གྱི་འཁོར་བ་མཐའ་ཅན་དུ་མཛད་ཅིང༌། གསུང་བཤད་ཀྱི་འཕྲོས་ལ་དགོན་གནས་འདིར་ཞབས་དྲུང་སྐུ་ཕྲེང་རྣམས་དང༌། བསྟན་པའི་སྦྱིན་བདག་ཆེན་པོ་སྟོང་སྐོར་དཔོན་རིམ་བྱོན་གྱི་སྐུ་དྲིན་ལ་བརྟེན་ནས་མདོ་སྨད་ཀྱི་དགོན་ཁག་གཞན་དང་མི་འདྲ་བར་ཆོས་གྲྭ་དང༌། ཆོས་མཚམས་ཀྱི་དབྱེ་བའི་སྲོལ་བཟང་པོ་བཞུགས་པ་འདི་ཁྱེད་རྣམས་ནས་བསྟན་པ་རིན་པོ་ཆེ་ལ་སྲི་ཞུར་དགོངས་ཏེ་ཁུར་དུ་མི་འགྲོ་རྒྱན་དུ་འགྲོ་བའི་ངོས་མི་ཉམས་གོང་འཕེལ་དུ་འགྱུར་བའི་ཐབས་ཚུལ་འབད་པ་ཤུགས་བསྐྱེད་མཛོད་ཅིག་དང༌། སངས་རྒྱས་ཀྱི་བསྟན་པ་དང་མཇལ་བའི་དོན་དགོས་བྱུང་བ་ཡིན་པས་ཐུགས་ཡུལ་དུ་བཅང་དགོས་ཞེས་བཀའ་སློབ་གནང༌། ཕྱིར་ཆིབས་བསྐྱོད་སྐབས་འདུ་ཁང་ཐོག་ནས་དར་གྱི་གཡབ་འབོད་བཏང་བ་དང་བསྟུན་གསེར་ཞལ་བསྒྱུར་བ་སོགས་རྟེན་འབྲེལ་གྱི་ལ་ཉེ་ཆེས་དགེ་བར་མཛད། དར་རྒྱས་དགོན་དུ་གཡང་སྒྲུབ་དང༌། ཐུགས་རྗེ་ཆེན་པོའི་དབང༌། བེ་རི་དགོན་དུ་ཀུན་རིག་གི་དབང་དང༌། མི་འཁྲུགས་པའི་རྗེས་གནང་སོགས་སྩལ། ཁང་དམར་དགོན་བླ་བྲང་ལྟག་གི་གཟིམས་ཁང་དུ་གཞི་གླིང་སྤྲུལ་སྐུ་སོགས་ལ་བླ་མ་མཆོད་པའི་ཁྲིད་ལུང༌། ཕྱག་རྡོར་དང༌། མ་ཎིའི་ལུང༌། འཕོ་ལུང་བཅས་གནང༌། གཞི་གླིང་སྤྲུལ་སྐུ་དང༌། བློ་གསལ་འགའ་ཞིག་ལ་གཞུང་ཆེན་པོར་ཐོས་བསམ་མ་གྲུབ་ཀྱང༌། བསྟན་པའི་རྩ་བ་སོ་སོར་ཐར་པ་ཟེར་བ་ལྟར། མ་མཐའ་ཡང་དགེ་ཚུལ་སློང་གི་སྡོམ་པའི་ངོ་བོ་དང་གོ་རིམ། བསྲུང་བྱ་བླང་འདས་དང་ལྟུང་བ་སྡེ་ལྔ་སོགས་ཀྱི་གྲངས་ངོས་འཛིན། ཇི་ལྟར་སྲུང་ཚུལ་རྣམས་ལེགས་པར་ཤེས་ནས་སྤང་བླང་ལ་ཧུར་བསྐྱེད་བྱ་དགོས་པ་འདི་གནད་ཤིན་ཏུ་ཆེ་བས་ཐུགས་ལ་འཇོག་དགོས་ཞེས་བཀའ་སློབ་བདུད་རྩིའི་རང་བཞིན་དུ་ལྷུག་པར་སྩལ། ལྷག་པར་སྤྲུལ་སྐུ་དེ་ཉིད་ལ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་བཞིན་འཇམ་མགོན་བླ་མའི་བསྟན་པ་རིན་པོ་ཆེ་འདི་བློ་ནུས་ཅི་ཡོད་ཀྱིས་བསྲེ་བསླད་མེད་པའི་འཛིན་སྐྱོང་སྤེལ་གསུམ་མི་གཡེལ་བར་མཛད་དགོས་ཞེས་ཐུགས་བརྩེ་བ་ཆེན་པོས་གསུངས། ཁང་དམར་དགོན་སྤྱི་ལ་རྒྱལ་མཚན་སྤུས་ལེགས་ཞིག་ཕུལ། གྲྭ་བགྲེས་གཞོན་ཀུན་ལ་སྒྲིགས་ལམ་ཀུན་སྤྱོད་ཆོས་འཆད་ཉན་སོགས་གོང་འཕེལ་དུ་འགྲོ་ཐབས་སྙིང་བཅངས་བྱ་དགོས་ཚུལ་གྱི་ཞལ་གདམས་རྒྱས་པར་སྩལ། མཚན་ཉིད་གྲྭ་ཚང་གི་ཆོས་གྲྭ་སྔར་ནས་འཐེན་རྩོད་ཀྱིས་ཆད་འདུག་པ་རྡོ་རྗེ་འཆང་འདིའི་ཐུགས་བསྐྱེད་ཀྱིས་འདི་ལོ་སླར་ཚུགས་པ་དང་འབྲེལ་བསྟན་པའི་ཕྱི་མོར་ཡ་རབས་ལུགས་གཉིས་ཀྱི་བཀའ་སློབ་ཞིབ་རྒྱས་གནང༌། སྔགས་གྲྭ་ཚང་དུའང་རབ་གནས་ཆེན་མོའི་དབུ་བཞུགས་དང༌། ཚོགས་སུ་དཔལ་གསང་བ་འདུས་པའི་སྔགས་བཏུའི་རྗེས་གནང༌། འཇིགས་ཆོག་ཟ་མ་ཏོག་གི་ལྗགས་ལུང་བཅས་སྩལ། རྣམ་རྒྱལ་གྲྭ་ཚང༌། མ་ཟུར། ཁང་གསར་ཕོ་བྲང་སོགས་སུ་བྱོན་ཏེ་སྐལ་པ་དང་འཚམས་པའི་འདོད་ཆོས་ཅི་རིགས་པས་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི་བཀའ་དྲིན་དུས་གཅིག་ཏུ་མཛད་དོ། ། སྨྲས་པ། མདོ་སྔགས་གྲུབ་མཐའི་ཆུ་ཀླུང་རྣམ་པ་བཞི། ། ཐུགས་གསང་མ་དྲོས་ཀློང་དུ་འཁྱིལ་བ་ལས། ། སླར་ཡང་མཆོག་གི་རོལ་པ་ལྔ་བརྒྱར་བཅས། ། བསྐལ་བཟང་ཕྱོགས་ཀྱི་ན་ཀྲའི་གྲོང་དུ་འབབ། ། མཁྱེན་བརྩེ་བསམ་མི་ཁྱབ་པའི་སྤྲིན་གྱི་རླབས། ། མདོ་སྨད་ལྷ་ལམ་ཡངས་པོར་ལེགས་སྤྲོས་ཏེ། ། ཟབ་རྒྱས་གསུང་ངག་བདུད་རྩིའི་ཆར་འཇོ་བས། ། མཁས་གྲུབ་ཀླུ་དབང་བྱེ་བའི་གཙུག་གི་རྒྱན། ། གསང་ཆེན་རྒྱུད་སྡེ་རྣམ་བཞིའི་མཛོད་ཕྱེ་ནས། ། སྨིན་གྲོལ་མཁོ་རྒུའི་མཆོད་སྦྱིན་འབུམ་ཕྲག་བརྒྱས། ། རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡང༌། ། བསྟན་པའི་བདག་པོའི་སྙེམས་པ་ལྷོད་དམ་སྙམ། ། མི་སྡུག་སྒྲིབ་པའི་ར་རི་མ་མཆིས་ཤིང༌། ། དཔལ་གྱི་ཆ་རྫོགས་ཟླ་གཞོན་ཞུ་བའི་མཚོ། ། འདི་ཞེས་ཁང་གསར་ཧོར་གྱི་རྒྱལ་ཁམས་དེར། ། ཕྱོགས་དང་ཕྱོགས་ནས་དོན་གཉེར་སྐྱེ་བོ་འདུ། ། མཐོ་རིས་འབྱོར་པ་རབ་རྒྱས་འཇའ་ཟེར་དང༌། ། ན་བུན་སྣུམ་པོར་འཁོར་བའི་རི་བོ་ལྟར། ། མདོ་ཁམས་གསེར་གྱི་ས་གཞི་ལྷམ་མེ་བ། ། དད་ལྡན་རི་དྭགས་བྱེ་བའི་ཉེར་མཚོར་གྲུབ། ། འཁོར་ལོས་བསྒྱུར་རྒྱལ་གང་དུ་གཤེགས་པ་དེར། ། རིན་ཆེན་བདུན་འགྲོ་སྨྲ་བའི་སེངྒེས་གསུངས། ། དེ་བཞིན་མགོན་འདིའི་ཞབས་སེན་བཀོད་པའི་སར། ། ཕན་དང་བདེ་བའི་རིན་ཆེན་མ་ལུས་རྒྱུ། ། མི་མིན་རྒན་པོར་བརྫུས་པས་འོ་བཅུད་བསྟར། ། ལྷ་བརྩེགས་དཔལ་རིས་བསངས་ཀྱི་དུད་སྤྲིན་སྤྲོས། ། ནོར་སྐྱོང་གཏུམ་མོས་གུས་པའི་རྣམ་འགྱུར་བྱས། ། གདེངས་ཅན་དབང་པོས་ཤུག་པའི་སྲོག་ཤིང་ཕུལ། ། དེ་ལྟའི་ངོ་མཚར་རྨད་བྱུང་བླ་མ་རྗེས། ། མ་འོངས་མི་ཕམ་མགོན་གྱི་བསྟན་པ་ལ། ། བདག་ཅག་སྲིད་ལས་གྲོལ་ཕྱིར་ཨ་ཛི་ཏའི། ། སྣང་བསྙན་ས་གསུམ་མཛེས་པའི་རྒྱན་དུ་བསྐྲུན། ། ཞེས་བྱ་བ་ནི། བར་སྐབས་ཀྱི་ངལ་བསོ་བའི་ཚིགས་སུ་བཅད་པའོ། །ཞེས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་ལས། མདོ་ཁམས་སུ་བསྟན་འགྲོའི་དོན་མཛད་ཚུལ་གྱི་སརྒ་སྟེ་གསུམ་པའོ། །







ལེའུ་བཞི་པ། བོད་ཡུལ་དབུས་སོགས་སུ་བསྟན་ འགྲོའི་དོན་མཛད་ཚུལ་འཕྲོས་དང་ བཅས་པའི་སརྒ།

༡ དབུས་སུ་ཕེབས་ཏེ་རྒྱལ་དབང་ཐམས་ཅད་མཁྱེན་པར་འབྱོར་ཕྱག་དང༌། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་བཞུགས་ཏེ་ཟབ་གསང་རྒྱུད་སྡེ་རྒྱ་མཚོའི་འཆད་ཉན་རྒྱ་ཆེར་སྤེལ་བའི་ཚུལ།

ཡིད་འོང་པུབྲསྤྱ་རིའ་ཀའི་འཁྲི་ཤིང་རྩེར། ། གྱིང་བའི་སྟབས་ཀྱིས་ཟབ་དོན་ལྷུར་ལེན་པ། ། ཚངས་པའི་སྲས་མོ་ཤེས་རབ་མིག་ཡངས་མས། ། བདག་ལ་འཆད་རྩོད་རྩོམ་པའི་མཆོག་སྦྱིན་མཛོད། ། གཉིས་པ་ནི། དགུང་ལོ་ང་གཉིས་པ་ས་གླང་༡༨༨༩ལོར་ཞལ་གྱི་བདུད་རྩི་འཐུངས་བའི་དད་ལྡན་སེར་སྐྱ་ཁྲི་ཕྲག་བརྒལ་བ་ལ་དགྱེས་པའི་ཞལ་བསྟན། གསུང་གིས་དབུགས་དབྱུང༌། འཕྲལ་ཡུན་ཀུན་ཏུ་དགེ་བའི་བཀའ་སློབ་ཀྱི་རེ་བ་ཡོངས་སུ་བསྐངས་ཏེ་ལྷ་ལྡན་དག་པའི་ཞིང་ཁམས་སུ་ཆིབས་ཀྱི་ཁ་ལོ་མངོན་པར་ཕྱོགས་ཏེ། རྡོ་དཀར་ལུ་ཕེབས་པ་ན་གཟིམས་ཁང་དགའ་ལྡན་བཤད་སྒྲུབ་ཕོ་བྲང་གི་ཡང་ཐོག་ནས་ལྷ་བསངས་ཀྱི་དུད་སྤྲིན་དང༌། དར་དཀར་དྲི་མ་མེད་པའི་གཡབ་འབོད་དང་འབྲེལ་བའི་ཐལ་སྐད་གསུམ་གྱི་མཐར་དུང་དཀར་མ་རིག་གཉིད་སངས་ཀྱི་སྒྲ་དབྱངས་དེ་མཚུངས་སུ་བསྒྲགས་པས། རྗེ་ཉིད་ནས་ཀྱང་ཆིབས་ཞལ་ལན་གསུམ་ཕྱིར་བསྒྱུར་བར་གནང༌། བླ་ཁག དགོན་སྡེ་ཆེ་ཕྲ་སོགས་ཀྱི་ཐབ་སྐྱེལ་སོ་སོར་བྱོན། སེར་སྐྱ་མཆོག་དམན་གྲངས་ལས་འདས་པས་མཆི་མ་གླགས་ཤིང་གསོལ་འདེབས་ཀྱི་ང་རོ་སྒྲོག་པ་ལ་སོ་སོར་ཕྱག་དབང་དང་སྡིག་སྤོང་དགེ་སྒྲུབ་ཀྱི་ཞལ་གདམས་ལྷུག་པར་སྩོལ་ཞིང༌། རང་ཅག་མྱུར་བར་འཕྲད་འོང་ཞེས་བརྩེ་བ་ཆེན་པོའི་གསུང་གིས་དབུགས་དབྱུང་བར་མཛད། ཕེབས་སྐྱེལ་རྣམས་ནས་མགྲིན་གཅིག་ཏུ་འདི་སྐད་ཅེས། རྗེ་ཉིད་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། བདག་ཅག་ཐུགས་བརྩེས་མི་འདོར་བར་རིང་མིན་གསེར་ཞལ་མཇལ་ཆོག་པའི་གསོལ་བ་ནན་ཏན་བཏབ་པ་ལྟར་ཞལ་གྱིས་བཞེས་ཏེ་མཚན་ཉིད་བླ་མ་བློ་བཟང་ཚེ་ཐར་ལ་དར་འབོད་གཏོང་འཇུག་པ་སོགས་ཕྱིས་འབྱུང་གི་རྟེན་འབྲེལ་ལེགས་པར་བསྒྲིགས། ཕྱག་མཛོད་སྐལ་བཟང་ཆོས་ལྡན་ལ་རྒྱ་དངུལ་རྟ་རྨིག་མ་གཅིག་གནང་ནས་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེར་བསྐུར་ཏེ་མཇལ་ཞུ་མངགས། སེར་ཤུལ་ནས་བྱམས་སྐུ་དང༌། སྡེ་མགོན་པོ། གཟིག་རྒྱབ་དཀའ་ཆེན་རིན་པོ་ཆེའི་སྐུ་གདུང་སོགས་ལ་སྟོང་མཆོད་རེ་འཕྲལ་འབུལ་དགོས་པའི་ཆབ་ཤོག་གནང༌། ཕྱི་ནང་གི་ཉེར་འཚེ་ཅི་ཡང་མེད་པར་རིམ་གྱིས་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་ཕྱག་ཕེབས། རྟེན་མཇལ་ཞིབ་པར་གནང་སྟེ་ཐུགས་སྨོན་རྒྱ་ཆེར་མཛད། ཤར་སྤྱི་ཁྱབ་ཁང་དུ་ཞབས་ཀྱི་པདྨོ་རྣམ་པར་འཁོད། སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོད་ཡོན་ལ་འབྱོར་ཕྱག་ལུགས་མཐུན་ཞུས། སྔགས་ཀྱི་དམ་བཅའ་རྗེ་འདིའི་མཚམས་ལས་བརྒལ་ཟིན་ཀྱང་ཁམས་ཚན་རྒན་པ་བཞི་གྲོས་མགྲིན་གཅིག་ཏུ་རྒྱུད་གྲྭའི་ལས་ཁུར་རྒྱལ་པོ་རྭ་སྒྲེང་བཞིན་རྗེ་ཉིད་ལའང་དམིགས་བསལ་འབུལ་ངེས་ལགས་པས་བསྟན་འགྲོའི་སྤྱི་དཔལ་དུ་ཚོགས་བཞུགས་བཀའ་དྲིན་སྐྱོང་དགོས་ཞེས་གསོལ་བ་ནན་ཏན་བཏབ་ཀྱང་ཞལ་བཞེས་མ་གནང༌། སླར་ཡང་མཁན་རིན་པོ་ཆེ་དང༌། གྲྭ་མང་ནས་ཕུར་ཚུགས་སུ་ཞུས་པར་དགོངས་མཐུན་དམིགས་བསལ་བཀའ་དྲིན་གཞལ་དུ་མ་མཆིས་ཀྱང་ལྷ་དང་བླ་མར་བརྟགས་པ་ཞུས་ནས་བཟང་བར་ཕེབས་ན་དེ་བཞིན་སྒྲུབ་ཆོག་གསུངས། གནས་ཆུང་དགྲ་ལྷ་ཆེན་པོ་སོགས་ཀྱིས་རྒྱུད་པའི་འདུན་མོས་ལྟར་ཤིན་ཏུ་ལེགས་པའི་བཀའ་ལུང་གསལ་བར་སྩལ། འབྲས་སྤུངས་ཏྲེ་བོ་ཁམས་ཚན་དུ་ཚོམས་ཇ། བཞེས་ཐུག སྐུ་འགྱེད། བཟང་གོས་ཀྱི་རྒྱལ་མཚན་གསུམ། ཀ་འཕན་ཆ་བཅས་ཕུལ། རྒྱུད་སྨད་མཁན་རིན་པོ་ཆེར་མཇལ་ཁ་ཞུས། རྒྱུད་ཆེན་དེ་ཉིད་ནས་དམ་པ་མཆོག་རྒྱུད་གྲྭར་བཞུགས་ཏེ་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་སྤྱི་དང༌། ཁྱད་པར་གསང་སྔགས་རྒྱུད་སྡེའི་ལུགས་བཟང་འདི་ཉིད་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་དབྱར་མཚོ་ལྟར་འཕེལ་བའི་སྙིང་སྟོབས་གོ་ཆ་བཙན་པོ་བཞེས་དགོས་ཚུལ་སོགས་དགྱེས་པའི་གསུང་གླེང་མང་དུ་གནང༌། བདེ་ཆེན་སྟོན་ཆོས་སུ་བྱོན། གསང་འདུས་ཆོས་ཐོག་སྐབས་མཁན་རིན་པོ་ཆེ་བློ་བཟང་བཟོད་པ་ཞི་བར་གཤེགས། རྗེ་ཉིད་འབྲས་སྤུངས་སུ་རེ་ཞིག་བཞུགས་སྙམ་པའི་མུར་བླ་མ་དབུ་མཛད་ཀྱི་བཀའ་བསྒྱུར་གནང༌། གླང་༡༨༨༩ལོ་ཧོར་ཟླ་བཅུ་གཅིག་པའི་གྲལ་ཚེས་དགེ་བར་ཁྲི་སྟོན་མཛད། རྒྱུད་གྲྭའི་སྒྲིགས་ལམ་བཞིན་ཞབས་ཐང་གིས་དགའ་ལྡན་ལ་ཕེབས། རྒྱལ་རོང་མཁན་པོ་ཞིང་བརྗེས་པའི་སྐྱོན་གྱིས་དགའ་ལྡན་གྱི་འཆད་ཉན་རྣམས་འདི་ལོ་མ་གྲུབ། ལྷ་ལྡན་བདེ་མཆོག་ཆོས་ཐོག་སྐབས་རྗེ་ཉིད་བླ་མ་དབུ་མཛད་དུ་སོང་གཤིས་དམ་བཅའ་ངེས་པར་དགོས་པ་མིན་ཀྱང་མིག་ལྟོས་ལ་དགོངས་ཏེ་འཇོག་པར་གནང༌། རྒྱུད་སྡེ་རབ་འབྱམས་ལ་ནང་བྱན་ཚུད་པའི་རིག་འཛིན་དགེ་བའི་བཤེས་གཉེན་རྣམས་ཀྱིས་ལུང་རིགས་ཀྱི་བགྲོ་གླེང་བསམ་གྱིས་མི་ཁྱབ་པ་མཛད་ཀྱང་རྗེ་འདིའི་སྐྱེས་སྦྱངས་མཁྱེན་རབ་ཀྱི་དཔལ་ལ་སུས་ཀྱང་འགྲན་པར་མ་སྤོབས་པས་སྙན་པའི་གྲགས་དཀར་ཕྱོགས་ཀུན་ཏུ་ཁྱབ། དམ་བཅའི་སྐབས་ནུབ་ཅིག་ནམ་ཕྱེད་ཙམ་ལ་བློ་ཅུང་ཟད་མི་གསལ་བར་གྱུར་པ་ན་ནམ་མཁའ་ལས་ཆུ་བསིལ་ཞིག་གཏོར་བ་ལྟ་བུའི་ཉམས་སྣང་བྱུང་བས་དེ་ནས་བཟུང་རིག་པ་ཇེ་དྭངས་སུ་སོང་ཞེས་རྗེ་ཉིད་ཀྱིས་གསུངས། མི་རིང་བར་མཁན་པོ་མཛད་དགོས་ཀྱི་བཀའ་བསྒྱུར་སྩལ། ཞོགས་དང་པོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་རྡོ་རྗེ་འཛིན་པ་ཆེན་པོའི་གདན་ཁྲི་ལ་མངའ་གསོལ། ཚོགས་ཡོངས་ལ་གྲྭ་ཇ་ཉིན་མཁྱོངས། བཞེས་ཐུག སྐུ་འགྱེད་ཊམ་རེ་སོགས་ཀྱི་བསྙེན་བཀུར་མཆོད་སྤྲིན་གཟབ་རྒྱས་སྤྲོས། ལྕགས་སྟག་༡༨༩༠ལྷ་ལྡན་སྨོན་ལམ་ཆེན་མོར་མང་ཇ་གཉིས། བཞེས་ཐུག་འབྲས་ཚ་བཅས་ཀྱི་བསྙེན་བཀུར་དང་འབྲེལ་བར་སྐུ་འགྱེད་རིན་ཆེན་གཉིས་པའི་འཁོར་ལོ་རེ་ཕུལ། ཞོགས་གཉིས་པར་ཊིའཀྐའི་རྩི་བཞག་དང༌། གསང་འདུས་བསྐྱེད་རིམ་གྱི་འཆད་ཉན་སྔོན་གྱི་ཕྱག་སྲོལ་མ་ཉམས་པའི་སྟེང་ནས་གང་རྒྱས་སུ་གནང༌། རྒྱུན་གྱི་ཐུགས་དམ་མ་ཆག་པའི་དབྱིངས་ནས་རྒྱུད་གྲྭའི་སྒྲིགས་ཁྲིམས་རྣམས་ལ་བསྟན་པ་རིན་པོ་ཆེའི་ཞབས་འདེགས་ཁོ་ནར་དགོངས་ཏེ་ཐུགས་ཁུར་ལྷོད་མེད་མཛད། རྒྱུད་ཆེན་གོང་མ་སྐུ་ཚེ་མ་བརྟན་པའི་དབང་གིས་འཆད་ཉན་ཆད་པ་ཉམས་གསོའི་ཕྱིར་དགའ་ལྡན་ཆོས་ཐོག་ཏུ་ཕེབས་ནས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། རྫོགས་རིམ་རིམ་ལྔ་གསལ་སྒྲོན། འགྲེལ་པ་ཆེ་བ་བཅས་ཀྱི་བཤད་པ་དང༌། ལྷག་པར་དྭགས་པོའི་བསྐྱེད་རིམ་གྱི་རྩི་བཞག་ཐུགས་ཐོགས་ནས་ཟུར་ཙམ་ཡང་མ་ཉམས་པར་ཤར་ཤར་གནང་བས་ཐམས་ཅད་མི་ཕྱེད་དད་པའི་ས་ལ་བཀོད། བདེ་ཆེན་ཆོས་ཐོག་སྐབས་ཡབ་རྗེ་རྒྱལ་བ་གཉིས་པའི་བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པའི་རིམ་གཉིས་ཀྱི་ཉམས་ལེན་མཐའ་དག་དཔལ་ལྡན་རྒྱུད་པ་གྲྭ་ཚང་གི་སྒྲིགས་ཁྲིམས་དག་ཅིང་བཤད་སྒྲུབ་འཕེལ་བ་ལ་རག་ལས་པར་དགོངས་ཏེ་དངོས་རྫས་འགྲོ་ཆེ་བ་སོགས་ལ་གཏན་ནས་མི་གཟིགས་པར་གཏོང་སྒོའི་རིམ་པ་རྣམས་གང་རྒྱས་དང༌། སྒྲིགས་ལམ་ཕྲ་མོ་རེ་ཡིན་ཡང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་དུ་འགྱུར་བའི་ཐུགས་འགན་ཕྱག་ལེན་དུ་བསྟར། འགྲེལ་པ་དང༌། ཊིའཀྐ་སོགས་ཀྱི་འཆད་ཉན་གཞན་འགྲན་མ་མཆིས་པ་ལྷུར་བཞེས་མཛད་པ་ནི་བསྟན་པའི་གནད་ལ་རྣམ་དཔྱོད་ཀྱི་རྩལ་རྫོགས་པའི་མཁས་པ་རྣམས་གཏིང་ནས་ངོ་མཚར་སྐྱེད་པའི་གནས་དམ་པར་སྣང༌། དགེ་འདུན་ཞལ་གྲངས་ལྔ་བརྒྱ་ལས་བརྒལ་ཡང་ཚུལ་ལྡན་གྱི་སྡེ་འདི་ལྟ་བུ་ཇི་ཙམ་རྒྱས་ཀྱང་ལུང་རྟོགས་སྤྱི་དང༌། བྱེ་བྲག་ཞྭ་སེར་རིང་ལུགས་མི་ནུབ་པའི་རྐྱེན་མཆོག་ཏུ་འགྱུར་བར་དགོངས་ཏེ་འཇུག་སྒོ་གཏན་ནས་མི་འགོག་ཆོས་ཐོག་རྣམས་སུ་བགྲེས་པ་དང་ནད་པ་སྐུ་གཟུགས་ཀྱིས་མི་ཕེར་བ་མ་གཏོགས་འོས་མེད་ཀྱི་དགོངས་ཁྲོལ་སུ་ལའང་མི་གནང་བ་སོགས་ཕན་བདེའི་རྩ་ལག་བསྟན་པ་རིན་པོ་ཆེ་ཡུན་གནས་ཀྱི་ཐབས་ཚུལ་ལ་མཁྱེན་བརྩེ་ནུས་གསུམ་གཅིག་དྲིལ་མཛད། ཚལ་དང༌། འབྲས་སྤུངས་སུ་འཆད་ཉན་གཞན་དང༌། སེ་ར་ཧར་གདོང་སུ་ལམ་རིམ་ཆུང་བའི་མཇུག་རྫོགས་པར་གནང༌། སེ་ར་ཆོས་ལྡིངས་སུ་ཡང་འཆད་ཉན་ཤིན་ཏུ་དམར་བར་མཛད། ཆུ་མིག་ལུང་དུ་སྒྲིགས་ཁྲིམས་རྣམས་མི་ཉམས་གོང་འཕེལ་དང་དབྱར་ཆོས་འཆད་ཉན་གྱི་སྐོར་རྫོགས་པར་གནང་ལྷ་ལྡན་འཇིགས་བྱེད་ཆོས་ཐོག་ཏུ་བྱོན། ཉིན་བཞིན་ཞོགས་ཚོགས་གྲོལ་འཕྲལ་ནམ་མ་ལངས་གོང་ཆོས་གྲྭར་ཕེབས་ཏེ་འཇིགས་བྱེད་བསྐྱེད་རིམ་སོགས་ཀྱི་རྩི་བཞག ཞོགས་ཀར་ཆབ་གཏོར་དང༌། ཡོན་ཆབ་ཏིང་ལྔ་བཅུ་རེ་ཕྱག་བསྟར་མ། སྦྱོར་ཆོས་ལམ་རིམ་དངོས་གྲུབ་ཀུན་འབྱུང་གི་མཐར་མུ་ནི་བརྒྱ་རྩ་ལྷག བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་དམིགས་བརྩེ་མ་ལྔ་བརྒྱ་ཙམ་རེ་སྨོན་ཚིགས་དང་བཅས་པ། བརྒྱད་སྟོང་ཤོག་བུ་ཉེར་གསུམ་དང་སོ་གསུམ་རེ་སྤེལ་མ། ལམ་རིམ་ཆུང་བ་ཤོག་བུ་བདུན་དང་དགུ་རེ་སྤེལ་མ། སྤྱོད་འཇུག་ཤོག་བུ་བཞི་རེ། རྒྱུད་གཞུང་ལེའུ་བཞི་རེ་བཅས་གསུང་ཟིན་ནས་ཚོགས་དབུ་དང༌། གདན་འདྲེན་ཟུར་ཡོད་རྣམས་ནས་ཐུགས་སྨོན་མཚམས་སྦྱོར་སྨིན་རྒྱས་དང༌། གླིང་བསྐོར་སོགས་སུ་སྲོག་བསླུ་དང༌། ངན་སློང་རྣམས་ལ་ཟང་ཟིང་གི་སྦྱིན་པས་ཚིམ་པར་མཛད། དགོངས་མོར་འཇིགས་བྱེད་ལྷ་བཅུ་གསུམ་མ་བཟླས་པ་གཏོར་འབུལ་དང་བཅས་པ། རྡོ་རྗེ་རྣམ་འབྱོར་མའི་སྒྲུབ་ཐབས། ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་ཆོ་ག བླ་མ་མཆོད་པ་ལྷན་ཐབས་དང་བཅས་དལ་བུས་གསུང༌། མཆོད་མེ་མཚན་ཐུབ་རེ་ཕུལ་ནས་ཐུགས་སྨོན་རྒྱ་ཆེར་མཛད། བར་སྐབས་སུ་རྩི་བཞག་གི་སྐོར་རྣམས་ཐུགས་འཛིན་མཛད་པ་བཅས་ཐུགས་དམ་གྱི་རིམ་པ་འདི་དག་ཆག་མེད་གནང༌། སྟག་༡༨༩༠ལོ་ཟླ་བ་དགུ་པའི་ཚེས་ཉེར་གཉིས་ལ་ཁམས་པ་གྲི་རྩེད་མཁན་ཕོ་མོ་བཞི། མི་ལའི་བླ་མ་ཕྲན་དྲུག་གི་མགུར། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀའི་ཆོ་འཕྲུལ། རས་ཆུང་པས་རྒྱ་གར་ནས་བསྣམས་པའི་ངན་སྔགས་ཀྱི་དཔེ་རྣམས་རྗེ་བཙུན་གྱི་མེར་བསྲེགས་སྐབས་རྐྱང་མ་བརྒྱ་བུ་བརྒྱ་སྤྲུལ་ཏེ་རས་ཆུང་ཐུགས་གཡེང་དུ་བཅུག་པ། མི་ཐོག་ཏུ་མི་བརྩེགས་ནས་ལངས་ཏེ་རྒྱུག་བསྐོར་བྱེད་པ། གྲི་རྩེད་ཤིན་ཏུ་ངོ་མཚར་བ་སོགས་བྱས་པའི་རྐྱེན་གྱིས་སེམས་ལ་ཉམས་བསམ་གྱིས་མི་ཁྱབ་པ་དང༌། ཐུགས་སྐྱོ་བ་ཡང་བྱུང་ཞེས་ཤོག་ཛར་ཞིག་ཏུ་སྣང་སྟེ། སྟོང་པ་རྟེན་འབྱུང་གི་དོན་དུ་སོང་བའི་རྟོགས་པ་ཁྱད་པར་ཅན་ཞིག་འཁྲུངས་པར་མངོན་ནོ། ། གཟིམས་ཤག་ལྷ་ཀླུར་གདོན་ལྷོངས་ཆེ་བས་དྲག་པོའི་སྦྱིན་སྲེག་ཞུས་པར། རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་ཡབ་གཞིས་ཡིན་པས་བྱེད་དགོས་གསུངས་ནས་དཔོན་སློབ་བརྒྱད་ཙམ་གྱིས་བསྙེན་པ་རྒྱུན་རིང་མཛད་ནས་སྲེག་བླུགས་ཕུལ་བ་ན། མིག་མཐོང་བ་ཞིག་གིས་བླ་མ་དེ་མ་བྱོན་གོང་གནོད་བྱེད་མི་ཧྲེང་གཟུགས་ཅན་བརྒྱད་བཀུགས་འདུག སྦྱིན་སྲེག་མཛད་པ་དང་དེ་རྣམས་ཐབ་ཁང་དུ་སོང༌། ཨ་མཆོད་འདྲ་མོ་ཞིག་འགྲོ་དཀའ་དཀའ་ལྟར་བྱས་ནས་མཐར་དེ་ཡང་སོང་ཟེར། དེ་བྱིན་འཚེ་བ་དེ་དག་དམིགས་མེད་དུ་ཞི། བདེ་ཆེན་སྟོན་ཆོས་སུ་དཔལ་གསང་བ་འདུས་བའི་དཀྱིལ་འཁོར་གྱི་བདག་པོར་མངོན་པར་བཞེངས་ཏེ་བདག་ཉིད་འཇུག་ཅིང་དབང་བླང་བ་སོགས་ཚུལ་བཞིན་མཛད། མགོན་ཆོས་སོགས་ཀྱི་གཏོར་མ་སྔོན་དུས་གཏོར་མ་དངོས་སུ་མེད་ཀྱང་རྗེ་འདིས་བཞེངས་དགོས་ཞེས་གཏོར་རྒྱུ་སྩལ་ནས་སྲོལ་བཙུགས། འཆད་ཉན་ཡང་ཚུལ་བཞིན་གནང༌། ལྷ་ལྡན་དུ་གསང་འདུས་ཆོས་ཐོག་ཏུ་རྣམ་འབྱོར་མ་རྒྱུད་ཀྱི་གཙོ་བོ་དཔལ་འཁོར་ལོ་སྡོམ་པའི་རིམ་པ་དང་པོའི་སྐོར་གྱི་འཆད་ཉན་རྒྱས་པར་མཛད། དགའ་ལྡན་དུ་རྒྱུད་གྲྭའི་འདུས་ཚོགས་ལ་གསང་འདུས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། རྫོགས་རིམ་རིམ་ལྔ་གསལ་སྒྲོན། དྭགས་པོ་ནམ་མཁའ་གྲགས་ཀྱི་བསྐྱེད་རིམ་སོགས་རྩི་བཞག་གི་སྐོར་རྣམས་སྔོན་སྲོལ་ལྟར་ལེགས་པར་གནང༌། ལྷ་ལྡན་བདེ་མཆོག་ཆོས་ཐོག་ཏུ་གཙོ་བོར་བདེ་མཆོག་བསྐྱེད་རིམ་འཆད་ཅིང༌། རྡོ་རྗེ་སེམས་དཔའི་རྗེས་གནང་དང་རྒྱུད་གཞུང་གི་ལྗགས་ལུང་ཡང་དགྱེས་བཞིན་སྩལ། འབྲས་སྤུངས་བསམ་བློར་བསྐྱེད་རྫོགས་ཀྱི་འཆད་ཉན་གཟབ་རྒྱས་སུ་མཛད། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར་རྒྱུད་གྲྭའི་ཚོགས་མགོན་དུ་བྱོན་ཏེ་རབ་གནས་མཛད། མཁན་པོ་མཛད་ནས་བཟུང་ཆོས་ཐོག་རྣམས་སུ་རྒྱུན་གྱི་འཆད་ཉན་གྲུབ་རྗེས་ལམ་རིམ་ཆུང་བ་རྩི་བཞག་ཏུ་གནང་སྟེ་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པ་རིན་པོ་ཆེའི་ཞབས་འདེགས་བསྒྲུབས། ཊིའཀྐའི་ལེའུ་རེ་རེའི་མཚམས་སུ་ཚོགས་ལ་བཞེས་ཐུག་རེ་ཆག་མེད་དུ་གཏོང་བ་སོགས་ཆོས་དང་ཟང་ཟིང་གི་བསྙེན་བཀུར་གཞན་འགྲན་བྲལ་བ་ཞུས། དེ་ལྟར་ལོ་གཉིས་ཀྱི་བར་གསང་སྔགས་བསྟན་པའི་འབྱུང་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲི་ལེགས་པར་བསྐྱངས་ནས་དགོངས་ཞུ་གནང༌།



༢ ཁྲི་ལས་ཟུར་ཏེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་བཀྲ་ཤིས་ལྷུན་པོ་སོགས་དབུས་གཙང་གི་ཆོས་སྡེ་ཆེན་པོ་རྣམས་སུ་མདོ་སྔགས་ཀྱི་བཀའ་ཆོས་རྒྱ་ཆེར་གནང་བ་དང༌། རིས་མེད་ཆོས་སྡེ་རྣམས་སུ་མཆོད་ འབུལ་རྒྱ་ཆེར་བྱས་པའི་ཚུལ།

དགའ་ལྡན་དུ་ཕེབས་ཏེ་གསེར་གདུང་རིན་པོ་ཆེར་བརྒྱ་མཆོད་སྣ་ལྔ་སོགས་དང་འབྲེལ་བླ་མཆོད་གསུངས་ཤིང༌། བསྟན་འགྲོའི་ཕན་བདེ་རྒྱས་པའི་ཐུགས་སྨོན་རྒྱ་ཆེར་མཛད། ཚོགས་ཆེན་ལ་མང་ཇ་དང༌། སྐུ་འགྱེད་ཞོ་རེ། བྱང་རྩེ་གྲྭ་ཚང་ལ་མང་ཇ་དང༌། སྐུ་འགྱེད་ཕྱེད་བརྒྱད་རེ་ཕུལ། རྒྱུད་སྨད་ཀྱི་གདན་ས་མཐར་ཕྱིན་པ་དང༌། གསང་ཆེན་གྱི་བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་དགོངས་བཞེད་བཞིན་གྲུབ་པའི་དགའ་སྟོན་དུ་གྲྭ་ཚང་ལ་བཟང་གོས་ཚོན་སྣ་ལྔ་པའི་རྒྱལ་མཚན་གསུམ། ཀ་འཕན་གཉིས། གདུང་ཁེབས་གཅིག་སོགས་ཊཾ་རྡོ་བཅུ་ཙམ་རེ་བ་ཕུལ་བ་གནང༌། ཆོ་འཕྲུལ་ཆེན་པོའི་ཚེས་བརྒྱད་ཉིན་རྒྱུད་གྲྭའི་ཚོགས་སུ་ཕེབས་སྐབས་ཞབས་ཐེམ་པའི་ནང་དུ་བཞག་པ་དང༌། ཞལ་འདོན་གྱི་ཚིགས་མཚམས༌། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ཞེས་པ་དུས་མཚུངས་སུ་བྱུང་བས་རྟེན་འབྲེལ་ལེགས་ཞེས་གསུངས། གྲྭ་ཇ་ཉིན་འཁྱོངས། སྐུ་འགྱེད་ཊཾ་གཅིག་དང༌། ཇ་ཀོ་བཅུ་བག་རེ་དང༌། མཛོད་བཏགས་རེ། སྨོན་ལམ་ཆེན་མོར་མང་ཇ་དང༌། སྐུ་འགྱེད་སྐར་ལྔ་རེ་བཅས་ཕུལ། རྒྱུད་སྨད་གྲྭ་ཚང་ནས་གསོལ་བ་བཏབ་པ་བཞིན་གསང་འདུས་འཕགས་ལུགས་ལྷ་སོ་གཉིས། གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་བཅས་ཀྱི་དབང་ཆེན། རྗེ་ཤེས་རབ་སེངྒེའི་རྒྱུད་ཊིའཀ་གི་ལུང༌། ལམ་རིམ་ཆེན་མོ། སྔགས་རིམ་ཆེན་མོ། ལམ་རིམ་མྱུར་ལམ། ལྟ་མགུར་ཨ་མ་ངོས་འཛིན་རྣམས་ཀྱི་ཟབ་ཁྲིད། རྩ་རྒྱུད་རྣམ་གཉིས་ཀྱི་ལུང༌། འཕོ་ཁྲིད་དང༌། གསེར་ཞུན་མའི་ཁྲིད་སོགས་སྩལ་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བསྒྲིགས། འདི་སྐབས་གསུང་བཤད་ལས་འཕྲོས་ཏེ། དེང་སང་མཆོག་དམན་ཕལ་ཆེར་གཞན་གྱི་ལད་མོ་བྱེད་པ་ལ་དགའ་བར་འདུག རྗེ་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱིས་དཀའ་བ་དཔག་ཏུ་མེད་པའི་སྒོ་ནས་དག་ཐེར་རྨད་དུ་བྱུང་བར་མཛད་པའི་བསྟན་པ་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་མཇལ་བཞིན་དུ་མཆིང་བུ་ལྟ་བུའི་ལུགས་ལ་དགའ་བ་འདི་སྙིགས་མའི་རང་རྟགས་ཤིག་ཡིན་ནམ་གང་ཡིན་མ་ཤེས། ངེད་ཚོའི་ཕ་ཡུལ་གྱི་བླ་མ་ཞིག་གི་ལུང་བསྟན་ལ། དབུས་ཕྱོགས་གསེར་གྱི་ཕུར་པ་ཟངས་སུ་འགྱུར། །ཟེར་བ་སོགས་ཡོད། དེ་དག་ཕལ་ཆེར་དེང་སང་ཐོག་ཏུ་བབ་པ་ཡིན་ལས་ཆེ། ཞེས་སོགས་དགོངས་གཞི་ཅན་གྱི་གསུང་ངོ་མཚར་བ་མང་པོ་གནང༌། དེ་ནས་ལྷ་ལྡན་སྨེ་རུའི་གྲྭ་ཁང་དུ་བསྟན་འགྱུར་རིན་པོ་ཆེ་དང༌། རྒྱལ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ལྗགས་ལུང་དགྱེས་བཞིན་གནང༌། སེ་ར་ཚོགས་ཆེན་ལ་མང་ཇ་དང༌། སྐུ་འགྱེད་ཞོ་རེ། བྱེས་པ་གྲྭ་ཚང་དུ་གྲྭ་ཇ་དང༌། སྐུ་འགྱེད་ཕྱེད་བརྒྱད་རེ་ཕུལ། བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་པ་ཆོས་ཀྱི་ཉི་མའི་དྲུང་དུ་དངོས་འབུལ་ཟབ་རྒྱས་སྤྲོས་ཏེ་རྟེན་འབྲེལ་བསྟོད་པའི་ལྗགས་ལུང་ཞུས། བླ་བྲང་རྒྱལ་མཚན་མཐོན་པོ་ནས་ཀྱང་གཟིམས་ཆུང་དུ་གསོལ་སྟོན་བསྙེན་བཀུར་དང༌། གཟིགས་བཟོས་གནང༌། གར་གྱི་གཟིགས་མོ་ངོ་མཚར་བ་རྣམས་སྤྱན་ལམ་དུ་བསྟར། ཚོགས་ཆེན་དུ་མང་ཇ་དང༌། སྐུ་འགྱེད་དངུལ་ཞོ་དོ། ཇ་འགྱེད། ཏྲེ་བོ་ཁམས་ཚན་ལ་ཚོམས་ཇ་བཞེས་ཐུག སྐུ་འགྱེད། རྒྱ་ཁམས་ཚན་དུ་ཚོམས་ཇ་སྤྱི་འབུལ་བཅས་ཕུལ་ཏེ་བསྟན་འགྲོར་དགོངས་པའི་ཐུགས་སྨོན་རྒྱ་ཆེར་མཛད། སྣར་ཐང་གངས་ཅན། ལྷུན་རྩེ་སོགས་སུ་གནས་གཟིགས་ཞིབ་པར་མཛད། ས་སྐྱར་བདག་ཆེན་རིན་པོ་ཆེར་དངོས་འབུལ་སྤམ་མཐོ་བ་བཏེགས། ཚོགས་ལ་མང་ཇ། སྐུ་འགྱེད། གདུང་རུས་མཆོད་གཉིས་ཚོགས་དབུར་སྤྱན་དྲངས་ཏེ་དངོས་འབུལ་བསྟར། དེར་བཞུགས་རྗེ་བཙུན་མ་རྣམས་ལ་མང་ཇ་སྐུ་འགྱེད། ངན་སློང་རྣམས་ལའང་རེ་སྐོང་བཅས་མཆོད་སྦྱིན་མི་ཟད་པའི་སྒོ་འཕར་ཡངས་པོར་ཕྱེས། བཅོམ་ལྡན་འདས་ཀྱི་འཁྲུངས་རབས་དུང་དཀར་བྱིན་རླབས་ཀྱི་གཟི་འོད་འབར་བ་ཕྱག་ཏུ་བཞེས་ཤིང་འབུད་པར་མཛད། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཕྱག་གི་རལ་གྲི་ལ་ཁྲུས་གསོལ་ཕུལ་ཞིང་ཁྲུས་ཆུ་བཞེས་ནས་ཐུགས་སྨོན་གནང༌། ཡེ་ཤེས་ཀྱི་མགོན་པོ་དངོས་དང་ངོ་བོ་དབྱེར་མེད་པའི་བསེ་འབག་འཕུར་ཤེས་ལ་སྙན་ཤལ་དང་འབྲེལ་འཕྲིན་ལས་བཅོལ། ལྷ་རྩེར་དགེ་འདུན་འདུས་པ་རྒྱ་མཚོ་ལ་མང་ཇ་དང༌། སྐུ་འགྱེད། ཕུན་ཚོགས་གླིང་དུ་ཡང་དགེ་འདུན་རྣམས་ལ་མང་ཇ་དང༌། སྐུ་འགྱེད་ཕུལ། དེ་གའི་ཆོས་འབྲེལ་ཀྱང་སྩལ། ཧོར་ཟླ་ལྔ་པའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་གྱི་ཉིན་རྗེ་ཉིད་དང༌། བླ་མ་རིན་པོ་ཆེ་བློ་བཟང་འཇིགས་མེད་དབང་པོས་ཚེས་བཅུའི་མཆོད་པ་མཛད། བླ་མ་རིན་པོ་ཆེ་དེ་ཉིད་ལ་རྗེ་གོང་མ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་གསུང་འབུམ་གྱི་ལུང་ཞུས། རྗེ་རིན་པོ་ཆེའི་གསུང་ཐོར་བུའི་བཀླགས་ལུང་ཕུལ་ཏེ་ཕན་ཚུན་ཐུགས་དགྱེས་པའི་གསུང་གླེང་ཞིབ་རྒྱས་འཕེལ་ཞིང་དངོས་འབུལ་གྱ་ནོམ་པ་བསྟར། སླར་ཡང་བཀྲ་ཤིས་ལྷུན་པོར་གཟིག་རྒྱབ་མཆོག་སྤྲུལ་རིན་པོ་ཆེས་ཞུས་ངོར་སྔགས་ཁང་དུ་དད་ལྡན་བརྒྱ་ཕྲག་དུ་མ་ལ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་ཆེན་སྟ་གོན་དང་བཅས་པ་དགྱེས་བཞིན་སྩལ། པཎ་ཆེན་ཐམས་ཅད་མཁྱེན་པར་བྱོན་ཕྱག་དང་འབྲེལ་བསྟན་འགྲོའི་དཔལ་དུ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་བཏབ། ཏྲེ་བོ་ཁམས་ཚན་ལ་ཚེ་དབང་དང༌། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མཛད་པའི་ཡིག་ཆའི་སྟེང་ནས་ལམ་གཙོའི་ཁྲིད་ཞིབ་རྒྱས་སྩལ། གསུང་བཤད་ཀྱི་འཕྲོས་ལ། སྤྱིར་རང་རེ་རྗེ་རིན་པོ་ཆེའི་རྗེས་འཇུག་ཚོས་འཇམ་མགོན་བླ་མ་ཡབ་སྲས་ཀྱི་བསྟན་པ་རིན་པོ་ཆེ་འདི་ལ་བསྲེ་བསླད་མེད་པའི་རྣམ་ཐར་གཙང་མ་སྐྱོང་དགོས་ཚུལ། ཁྱད་པར་པཎ་ཆེན་རིན་པོ་ཆེའི་སྐུ་དྲུང་ན་འཁོད་པ་དག་གིས་ཤིན་ཏུ་གཟབ་དགོས་མ་གཏོགས་སྔོན་པཎ་ཆེན་གོང་མས་དམིགས་བརྩེ་མ་གསུངས་པ་ན་ཞབས་གྲས་འགས་དེ་འདྲ་གསུང་མི་རིགས་ཞུས་ཚུལ། པཎ་ཆེན་ཐམས་ཅད་མཁྱེན་པ་རིན་བྱོན་ནས་རྗེའི་རིང་ལུགས་ལ་བསྲེ་བསླད་མེད་པའི་རྣམ་ཐར་བསྐྱངས་པའི་སྟབས་ཀྱིས་སྐུ་ཚེ་མཐར་ཕྱིན་པ་བཞུགས་ཏེ་བསྟན་འགྲོའི་དོན་ཆེན་མཛད་ཚུལ། བྱམས་སྐུ་རིན་པོ་ཆེའི་སྙན་ལ་རྗེ་སྐུ་རང་བྱོན་དུ་ཕེབས་པ་དེ་ཡང་རྗེ་ཐམས་ཅད་མཁྱེན་པའི་སྙན་བརྒྱུད་ཀྱི་མན་ངག་ཁྱད་པར་ཅན་རྣམས་སྐྱོང་བ་ལ་པཎ་ཆེན་རིམ་བྱོན་གཙོ་བོར་གོ་ན་བྱ་བའི་ཕྱིར་ཡིན་ཚུལ། པཎ་ཆེན་གོང་མ་སྐུ་ཚེ་ཧ་ཅང་མ་བཞུགས་པའང་འགའ་ཞིག་ནས་ལོག་ཤུགས་ཀྱིས་རྗེའི་བསྟན་པ་ལ་བསྲེ་བསླད་བཏང་བས་ལན་པ་ཡིན་ཚུལ་སོགས་ཞལ་གདམས་ཞིབ་རྒྱས་བག་ཚ་བ་མེད་པར་གསུངས། དབེན་སར་ཚོགས་ཡོངས་ལ་མང་ཇ་དང༌། སྐུ་ཐང་ཞིག་སྤྱི་འབུལ་མཛད། རོང་ཆེན་བྱམས་སྐུར་མཆོད་སྤྲིན་གཟབ་རྒྱས་དང་འབྲེལ་ཐུགས་སྨོན་རྒྱ་ཆེར་གནང༌། འཇང་མདའ་ནས་དགུན་ཆོས་ཕྱོགས་ལ་ཆིབས་ཁ་ལན་གསུམ་བསྒྱུར་ཞིང་སྤྱན་ཟིམ་བུར་ཕྱག་ཐལ་མོ་སྦྱར་ཏེ་ཡུམ་ཙམ་བཞུགས། ཞབས་གྲས་རྣམས་ལ་འདི་ནས་ཡར་ཁོ་བོས་བརྡ་མ་བྱས་ཀྱི་བར་སོང་དང༌། སྐྱེ་བ་ཕྱི་མར་བཀའ་པོད་ལྔ་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པ་རེ་ཡོང་བའི་བག་ཆགས་དང༌། རྟེན་འབྲེལ་ཡོད་མོད་གསུང༌། རིམ་གྱིས་སྙེན་ཐང་གཙུག་ལག་ཁང་སོགས་ལ་མཇལ་མཆོད་ཟབ་རྒྱས་བཅས་ལྷ་ལྡན་དཔལ་ལྷུན་གཟིམས་ཤག་ཏུ་ཞབས་སོར་འཁོད། ར་མོ་ཆེར་རྒྱུད་སྟོད་གྲྭ་ཚང་ལ་མང་ཇ་ཉིན་འཁྱོངས། བཞེས་ཐུག་དང་བཅས་པའི་བསྙེན་བཀུར་ཞུས་ཏེ་སྣ་ལྔའི་སྟོང་མཆོད་གཟབ་རྒྱས་སྤྲོས། སྐུ་འགྱེད་ཊཾ་རེ་ཕུལ། ཧོར་ཟླ་དྲུག་པའི་ཉེར་ལྔ་ལ་དཔལ་ལྷུན་དུ་ཨ་ཙར་སྤྲུལ་པའི་སྐུ་སོགས་ལ་ནཱ་རོ་མཁའ་སྤྱོད་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་སྩལ། ཧོ་ཟླ་བདུན་པའི་ཚེས་གཉིས་ཉིན་གནས་ཆུང་ལྷ་གསོལ་དུ་བྱོན་པར་སྤྲུལ་པའི་དགྲ་ལྷ་ཆེན་པོས་དགྱེས་པའི་རྣམ་འགྱུར་དུ་མ་དང་བཅས་རྗེ་ཉིད་བསྟན་འགྲོའི་དཔལ་དུ་ཞབས་ཟུང་བསྐལ་བརྒྱར་བརྟན་པའི་བདེན་ཚིག་ལུང་བསྟན་དང་འབྲེལ་བར་རྟེན་མདུང་རྩེ་གསུམ་པ་ཞིག་ཕུལ་ཏེ་དུས་ཀུན་སྲུང་སྐྱོབ་གྱི་བྱ་ར་མི་གཡེལ་བར་མཛད་པའི་རྡོ་རྗེའི་བྲོ་བོར། ཕུ་ཤར་དུ་དཔའ་བོ་ཆེན་པོ་གསོལ་མཆོད་གཟབ་རྒྱས་སྤྲོས་པར་དགྱེས་པའི་གར་བཅས་རྣམ་བཞིའི་འཕྲིན་ལས་ཚུལ་བཞིན་སྒྲུབ་པར་ཁས་བླངས། དགའ་བ་གདོང་དུ་གནོད་སྦྱིན་ཤིང་བྱ་ཅན་ཁོག་ཕེབས་དང་བསྟུན་གསེར་སྐྱེམས་སྤྱན་གཟིགས་སོགས་ཀྱི་གཏང་རག་ཕུལ། དགྱེས་པའི་མཚན་མ་བསམ་གྱིས་མི་ཁྱབ་པ་དང་ཉིན་མཚན་ཀུན་ཏུ་སྲུང་སྐྱོབ་མི་གཡེལ་བའི་ཐ་ཚིག་མཛད།



༣ སླར་ཡང་ཁམས་སུ་ཕེབས་ཏེ་སྒ་སྐྱེ་་མདོ་དང་ཧོར་ཁོག་གི་ དཔོན་རྒུ་ཁག་དང༌། བླ་ཁག་དགོན་ཁག་སོ་སོར་མདོ་སྔགས་ ཀྱི་འདོད་ཆོས་དུ་མ་སྩལ་བའི་ཚུལ།

ཧོར་ཟླ་བདུན་པའི་ཚེས་དགེ་བའི་ཉིན་འཆི་མེད་དབང་པོའི་དགའ་ཚལ་ལ་འགྲན་པར་འོས་པ་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་གངས་ཅན་མགོན་པོ་ཕྱག་ན་པད་དཀར་འཆང་བ་སྡོམ་བརྩོན་རྒྱལ་པོའི་རྣམ་པར་རོལ་པ་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོར་བྱོན་ཕྱག་དང་འབྲེལ་མཇལ་དར་རྟེན་གསུམ་རྒྱ་དངུལ་རྟ་རྨིག་མ་བཅས་ཀྱི་དངོས་འབུལ་བཏེགས་ཏེ་དགྱེས་པའི་གསུང་གླེང་ལྷུག་པར་མཛད། རྒྱལ་ཚབ་དེ་མོ་ཧོ་ཐོག་ཐུར་ཡང་ཐོན་ཕྱག་ཞུས། ཕུར་ལྕོག་ཡོངས་འཛིན་རིན་པོ་ཆེའི་དྲུང་དུ་བྱོན་ཏེ་དགྱེས་པའི་བཀའ་མཆིད་ནར་མར་འཕེལ། ཞབས་སྤྱི་བོར་བླངས་ཏེ་འབྲལ་མི་ཕོད་པ་ལྟ་བུས་གཟིམས་ཤག་ལྷ་ཀླུར་ཕེབས། ཧོར་ཟླ་བདུན་པའི་ཚེས་བཅོ་ལྔ་ལྷ་ལྡན་ནས་ཆིབས་བཏེགས། ཧོར་སྤྱི་ཁྱབ་ལྷ་དགེ་ཚང་ཟེར་བས་ནོར་མི་འཕེལ་བ་དང༌། ཨབ་བྲས་རྩ་འཕྲོ་གཅོད་པ་སོགས་ཞི་ཕྱིར་གདན་དྲངས་ཤིང་བྱིན་རླབས་མཛད་པས་ཨབ་བྲ་ཆད་ཅིང་ཕྱུགས་འཕེལ་བར་གྲགས། ར་ཤུལ་ཀླུང་ཤོད་དགོན་དུ་ཡོན་ཏན་གཞི་གྱུར་མའི་བཤད་ལུང་སྩལ། ཆོས་འཁོར་དགོན་དུ་གཡུ་རྒྱལ་སྤྲུལ་པའི་སྐུ་སོགས་དད་ལྡན་མང་པོ་དམ་པའི་ཆོས་ཀྱིས་ཚིམ་པར་མཛད། འཁྲུངས་གསར། ནགས་ཚང་སོགས་བླ་སྤྲུལ་ཁག་དང༌། ཁང་གསར་ས་སྐྱོང་དངོས་གྲུབ་ཕུན་ཚོགས། མ་ཟུར་ས་སྐྱོང་བཀྲ་ཤིས་དབང་རྒྱལ། ཏྲེ་བོ་ས་སྐྱོང་སྐལ་བཟང་སོགས་དཔོན་ཁག དཀར་མཛེས། ཁང་དམར། རྩིས་ཚང༌། བེ་རི། དར་རྒྱས་སོགས་དགོན་ཁག་རྣམས་ཀྱི་བླ་མ་ལས་སྣེ་གྲྭ་མང་བཅས་སེར་སྐྱ་སྟོང་ཕྲག་བརྒལ་བ་དང༌། རི་ཁྲོད་ཆེ་ཕྲ་དག་གི་ཕེབས་བསུ་བཅས་ཆུ་ཕོ་འབྲུག་༡༨༩༢ལོ་ཟླ་བ་དགུ་པའི་ཚེས་ཉེར་ལྔ་ཉིན་གཟིམས་ཁང་དགའ་ལྡན་བཤད་སྒྲུབ་ཕོ་བྲང་གི་བྱམས་ཁང་དུ་རིན་པོ་ཆེའི་ཁྲི་ལ་ཞབས་ཀྱི་པདྨོ་རྣམ་པར་འཁོད་ཅིང༌། བསུ་བ་རྣམས་ལ་དགའ་སྟོན་རྒྱས་པར་མཛད། བཞུགས་གྲལ་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་རིན་ཆེན་དར་རྒྱས་དང༌། དགེ་བཤེས་རྒྱ་མཚོ་ནམ་མཁའ་གཉིས་ནས་མཛོད་ཀྱི་བགྲོ་གླེང་རྒྱ་ཆེར་མཛད་པ་སོགས་མཆོག་དམན་མཐའ་དག་ཆོས་དང་ཟང་ཟིང་གི་དགའ་སྟོན་ལ་ཅི་ཡང་རོལ། དཀར་མཛེས་མདོ་སྔགས་སོ་སོར་ཆོས་འབྲེལ་དང༌། ཟ་འོག་གི་སྤོས་ཁུག་ཆ་རེའི་སྤྱི་འབུལ་སྩལ། བླ་ཁག ཧོར་ཁྱིམ་ཁག་སོགས་སུ་ཡང་ཕྱག་རྟེན་དང་ཆོས་འབྲེལ་སྩལ། ལི་ཐང་དགེ་བཤེས་བྱམས་པ་ཕུན་ཚོགས་ཀྱིས་ཞུས་ངོར་བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་དང༌། བསྒྲུབ་བྱ་མང་པོར་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། རྫ་སེ་རུང་སྐུ་ཆེན་འཇམ་དབྱངས་དབང་ཕྱུག་རབ་བརྟན་དང་མ་ཟུར་ཕོ་བྲང་དུ་ཞལ་འཛོམ་པས་དགྱེས་པའི་གསུང་གླེང་དང༌། ཆོས་ཀྱི་འབེལ་གཏམ་ཞིབ་པར་མཛད། དགུན་དུས་འཇིགས་བྱེད་ཞེ་དགུ་མ་དང༌། རོ་ལངས་བརྒྱད་བསྐོར་གཉིས་ཀྱི་ལྗགས་བསྙེན་གནང་ཞིང་ཁ་སྐོང་སྦྱིན་སྲེག་ཀྱང་ཕུལ། བླ་མ་བློ་བཟང་བསྟན་པ་སོགས་ལ་སྤྱོད་འཇུག་ལེའུ་གསུམ་ཙམ་གྱི་ཁྲིད་སྩལ། དར་རྒྱས་དགོན་གྱི་སྨོན་ལམ་ཆེན་མོར་སྐྱེས་རབས་ཀྱི་བཤད་ཁྲིད་ཞིབ་རྒྱས་གནང༌། གྲྭ་ཤག་སོ་སོར་དབང་ལུང་མན་ངག་གང་འདོད་སྩལ་བས་ཡིད་ཀྱི་རེ་བ་བསྐངས། ནགས་ཚང་བཀྲ་ཤིས་རིན་ཆེན་གླིང་དུ་མཆོག་སྤྲུལ་བློ་བཟང་བྱང་ཆུབ་ཆོས་འཕེལ། འབྲུག་ལངས་སྤྲུལ་སྐུ། དགའ་ལྡན་ཁྲི་སྤྲུལ་སོགས་ལ་ལམ་རིམ་འཇམ་དཔལ་ཞལ་ལུང་གི་ཁྲིད་སྨིན་རྒྱས་དང༌། སེམས་བསྐྱེད་མཆོད་པའང་གནང༌། རྫ་ཁོག་སེ་རུང་བླ་མ་སྐུ་ཆེ་ཆུང་གཉིས་སོགས་ལ་རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དབང་ཆེན་ཞིབ་རྒྱས་དང༌། སྐུ་ཆེན་རིན་པོ་ཆེར་བརྟན་བཞུགས་ནན་ཏན་ཕུལ་ཡང་སྐུ་ན་སྨིན་ཁར་སྙུན་བབ་ལྕི་བས་ཞལ་བཞེས་མ་ཐོབ་སྟབས་ཐུགས་དམ་གསལ་འདེབས་དང༌། བསྟན་འགྲོའི་དཔལ་དུ་ཡང་སྲིད་མྱུར་འབྱོན་གྱི་སྐོར་སོགས་བཀའ་མོལ་ཞིབ་རྒྱས་མཛད། འདུ་ཁང་དུ་སྐུ་ཆུང་བྱམས་པ་བཟང་པོ་དང༌། གྲྭ་མང་ལ་བླ་མ་མཆོད་པའི་ལྗགས་ལུང་སྩལ། ཚེས་བཅུ་བདུན་ལ་མཆོད་སྤྲིན་རྒྱ་ཆེར་བཤམས་ཏེ་བླ་མཆོད་ཞལ་འདོན་གནང་བཞིན་སེ་རུང་སྐུ་ཆེན་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། མྱུར་འབྱོན་གསོལ་འདེབས་ལྗགས་རྩོམ་གནང་ཞིང་དགོངས་པ་ཡོངས་རྫོགས་ཀྱི་ཐུགས་སྨོན་གནད་སྨིན་མཛད། རྫ་བླ་བྲང་ཡ་ཟུར་ཁྲ་ཞིང་གླིང་ཁར་མཁན་སྤྲུལ་སོགས་སེར་སྐྱ་གྲངས་ལས་འདས་པ་ལ་སྒྲོལ་མ། སྒྲོལ་བསྟོད། མཎི་བཅས་ཀྱི་ལྗགས་ལུང་གནང༌། མཁན་སྤྲུལ་རིན་པོ་ཆེ་དང༌། དགེ་རྒན་སོགས་བསྙེན་ཆེན་ཁས་ལེན་མཁན་མང་པོར་འཇིགས་བྱེད་དཔའ་གཅིག་གི་དབང་ཆེན་དང༌། བསྙེན་ཡིག་གི་ཁྲིད་སོགས་ཞིབ་རྒྱས་སུ་སྩལ། བསམ་འགྲུབ་དགོན་དུ་མཁན་སྤྲུལ་རིན་པོ་ཆེ་སོགས་སེར་སྐྱ་སུམ་བརྒྱ་ལྷག་ལ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་ཆེན་སྟ་གོན་དང་བཅས་པ་དགྱེས་བཞིན་གནང༌། ཚོགས་ལ་སྐུ་འགྱེད་ཀྱང་ཕུལ། རྩ་དར་རི་ཁྲོད་པ་བླ་མ་བློ་བཟང་སྨོན་ལམ་སོགས་ལ་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་གནང༌། དགོན་གསར་དགོན་དུ་ཆོས་རྗེ་མཆོག་སྤྲུལ་སོགས་སེར་སྐྱ་མཐའ་ཡས་པ་ལ་འཕགས་པ་ཐུགས་རྗེ་ཆེན་པོའི་རྗེས་གནང་དང༌། ཆོས་རྗེ་སྤྲུལ་སྐུ་སོགས་བསྙེན་བཞུགས་དམ་ལྡན་ཉི་ཤུ་སྐོར་ལ་དཔའ་བོ་གཅིག་པའི་དབང་ཆེན་དང༌། བསྐྱེད་རྫོགས་ཀྱི་ཁྲིད་སྨིན་རྒྱས་སྩལ། དགོན་གསར་འདུ་ཁང་སྦུག་གི་རྗེ་ཚེ་འཛིན་མའི་སྐུ་མདུན་དུ་མར་ཚད་ནས་སྤྱན་དམིགས་དང་བཅས་སྙན་དར་ཞིག་ཕུལ་བ་ན། དར་དེ་འཐེན་པ་བཞིན་སྣང་བརྙན་རིན་པོ་ཆེའི་ཕྱག་མཛུབ་རྩེར་བཞེས་སོང་བས་ཀུན་ཡ་མཚན་པར་གྱུར། དགེ་འདུན་བཅུ་རེར་ཇ་སྦག་རེའི་སྐུ་འགྱེད་དང༌། ཤིང་འབྲས་ཀྱི་འགྱེད་ཀྱང་ཕུལ། ཧ་དྷི་དགེ་ཚུལ་དགོན་དུ་ནཱ་རོ་མཁའ་སྤྱོད་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་སྩལ། གཤེད་དམར་བཅུ་གསུམ་མའི་བཅད་རྒྱ་མཛད་པའི་ཐུན་མཚམས་སུ་སྤྱོད་འཇུག་གི་ཁྲིད་དང༌། མཁའ་སྤྱོད་མའི་བསྐྱེད་རྫོགས་ཀྱི་ཁྲིད་སོགས་གནང༌། དོན་གཉེར་འགའ་ལ་སུམ་རྟགས་ཀྱི་ཁྲིད་ཀྱང་སྩལ། དཀར་མཛེས་མཚན་ཉིད་གྲྭ་ཚང་ནས་འཇམ་དཔལ་དུས་དགྲའི་དབང་པོའི་ཞི་རྒྱས་ཀྱི་སྦྱིན་སྲེག་འབུམ་ཕྲག་རེ་ཕུལ་བའི་ཚོགས་མགོན་དུ་བྱོན། ལི་ཐང་དགེ་བཤེས་ངག་དབང་བསྟན་པ་སོགས་ཀྱིས་གསོལ་བ་བཏབ་པ་བཞིན་བྱམས་ཁང་ཆེན་མོར་ཚོགས་ཤིན་ཏུ་ཆེ་བ་ལ་འཕགས་པ་བརྒྱད་སྟོང་པའི་ཁྲིད་དང༌། སྤྱོད་འཇུག་གི་ཁྲིད་ཟླ་བ་གཉིས་ཙམ་ལ་གནང༌། ཤུག་རི་གླིང་ནས་བློ་གླིང་མཁན་ཟུར་བློ་བཟང་དབང་ཕྱུག་རང་ཡུལ་དུ་ཕེབས་པ་དང་མཇལ། གདན་འདྲེན་ཞུས་ཏེ་དགྱེས་པའི་གསུང་གླེང་རྒྱ་ཆེར་འཕེལ། ཧོར་ཟླ་བཅུ་པའི་ཉེར་ལྔ་ལ་རྫ་སེ་རུང་སྐུ་ཆུང་མཆོག་སྤྲུལ་བྱམས་པ་བཟང་པོས་ཞུས་ངོར་རྗེ་བཙུན་མཁའ་སྤྱོད་དབང་མོའི་བྱིན་རླབས་སྨོན་རྒྱས་སྩལ། རྗེ་ཉིད་ཀྱི་སྒྲུབ་གནས་སུ་བདེ་མཆོག་དྲིལ་བུ་ལྷ་ལྔའི་ལྗགས་བསྙེན་དང༌། རྣམ་འབྱོར་གྱི་རིམ་པ་ལ་གཅིག་ཏུ་གཞོལ་བའི་སྐུ་མཚམས་དམ་པར་མཛད། རྫོགས་ཆེན་སྤྲུལ་སྐུ་ཕྱོགས་འདིར་བྱོན་པ་བླ་བྲང་དུ་གདན་དྲངས་ཏེ་བྱམས་སྐུ་རིན་པོ་ཆེ་ལ་ཁྲུས་གསོལ་སོགས་ཞུས་ནས་དངོས་འབུལ་བཏེགས། གཟིམས་ཆུང་གཡུ་ལོ་འཁྱིལ་དུ་སྐལ་ལྡན་འགའ་ཞིག་ལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཆེན། བསྙེན་ཡིག་བསྐྱེད་རིམ་སོགས་ཀྱི་ཁྲིད་ལུང་གནང༌། ཉིད་ཀྱི་ཕྱག་མཛོད་སྐལ་བཟང་ཆོས་ལྡན་གཤེགས་པའི་དགེ་རྩ་པུར་སྦྱངས་སོགས་གནད་སྨིན་མཛད། དར་རྒྱས་དགོན་དུ་སྨོན་ལམ་ཆེན་མོར་སྟོན་པའི་སྐྱེས་རབས་ཀྱི་འཆད་ཉན་དང༌། ཕྱག་ལེན་རྣམས་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་འགྱུར་ངེས་སུ་གནང༌། གཟིམ་ལམ་ཅུང་ཟད་འཁྲུགས་པའི་བརྟག་བབ་རྣམས་འཕྲལ་དུ་བསྒྲུབ། ཤིང་རྟ་༡༨༩༤ལོ་གསར་གྱི་ཚེས་གཏོར་དགའ་སྟོན་སོགས་ཟིན་ནས་བྲག་མགོ་དགོན་གྱི་སྨོན་ལམ་ཚོགས་དབུར་ཐུབ་པའི་སྐྱེས་རབས་ཀྱི་བཤད་པ་དང༌། སྒྲིགས་ཁྲིམས་ཀུན་སྤྱོད་ཞལ་འདོན་གྱི་རིམ་པ་རྣམས་ཀྱང་ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་དུ་བཏང༌། བཟང་ལུང་དཔལ་གྱི་དབེན་གནས་སུ་མཆོད་སྤྲིན་རྒྱ་ཆེར་བཤམས་ཏེ་ཞལ་འདོན་དང༌། ཐུགས་དམ་གྱི་རིམ་པ་མཚན་ཐོག་ཐག་ཏུ་མཛད། སེང་ལྡེང་རི་ཁྲོད་དུ་སྤོང་བ་པ་རྣམས་ལ་རྗེ་རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་སྩལ། ཤིང་རྟ་༡༨༩༤ཟླ་བ་བཞི་པའི་ཚེས་བརྒྱད་ནས་ཁང་གསར་ཧོར་གྱི་སྐྱེད་ཚལ་ཞིང་ཐང་དུ་འཁྲུངས་གསར་བླ་མ་རིན་པོ་ཆེ་བློ་བཟང་བསྟན་འཛིན་དཔལ་ལྡན་ཚུལ་ཁྲིམས་སོགས་སེར་སྐྱ་ཕོ་མོ་ཁྲི་ཕྲག་ཏུ་ལོངས་པ་ལ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྔོན་མེད་ཀྱི་ལེགས་བཤད་དང་བཅས་སྨིན་རྒྱས་སུ་སྩལ་ཞིང༌། ཚེས་བཅུ་བདུན་ནས་རྡུལ་ཚོན་ཆབ་འདྲེན་ཀྱང་མཛད། གཞན་ཡངདེར་འཚོགས་ལ་མི་འཁྲུགས་པ་ལྷ་དགུའི་དབང་ཆེན་དང༌། འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་དང་འབྲེལ་བའི་བསྐལ་བཟང་སངས་རྒྱས་སྟོང་དབང་སོགས་དགྱེས་པ་ཆེན་པོས་གནང༌། སྔར་གྱི་ཐུགས་དགོངས་ལྟར་མི་ཕམ་མགོན་པོའི་སྐུའི་གཡས་གཡོན་དུ་སྲས་གཉིས་གཙོ་བོ་ལས་ཕྱེད་ཀྱིས་ཆུང་ཞིང་བཞེངས་སྟབས་ཅན། གསེར་སྲང་དྲུག་ཅུ་ལྷག་ཙམ་གྱི་ཚ་གསེར་དང༌། རིན་པོ་ཆེའི་ཕྲ་རྒྱན་དཔག་ཏུ་མེད་པས་མཛེས་པ། ཁྱར་པར་ནམ་མཁའ་དྲི་མེད་ཀྱི་ཐུགས་ཀར་བཻཌཱུར་སེར་པོ་དང༌། གསེར་ལྗང་གི་གའུ། འཇམ་དཔལ་སྙིང་པོར་དུང་དཀར་གཡས་འཁྱིལ་དང༌། གསེར་ལྗང་གི་གའུ་ཕྲའི་ཚོམ་བུ་སྣ་ཚོགས་པས་མཛེས་པ། ངོ་མཚར་བྱེ་བའི་འབྱུང་གནས་མིག་གི་བདུད་རྩི་ལྟ་བུ། གཟུངས་དང་རབ་གནས་སོགས་གོང་མཚུངས་བྱིན་རླབས་ཀྱི་གཟི་འོད་འབར་བ་འདི་ཉིད་སྐྱེ་རྒུའི་བསོད་ནམས་ཀྱི་ཞིང་དུ་ལེགས་པར་བསྐྲུན། བྲག་ལྕོག་བླ་བྲང་གི་གཟིམས་ཆུང་བདེ་ཆེན་དགའ་ཚལ་དུ་སེ་རུང་མཆོག་སྤྲུལ་སོགས་ལ་རྗེ་བཙུན་རྡོ་རྗེ་རྣམ་འབྱོར་མའི་བསྐྱེད་རྫོགས་མན་ངག་ཉམས་ཁྲིད་ཐུན་བཞིའི་སྒོ་ནས་ཉིན་ལྔར་སྩལ་ཞིང༌། སྒྲུབ་ཐབས་ཀྱི་ལུང་ཡང་གནང༌། སྐུ་མཆེད་ཁང་གསར་དཔོན་དངོས་གྲུབ་ཕུན་ཚོགས་གཤེགས་ཁར་མདུན་དུ་བདེ་ཆེན་ཞིང་བཀོད་བཀྲམ་སྟེ་ཉིན་བཞིན་འཕོ་ཁྲིད་དང༌། ལམ་སྟོན་སོགས་འདའ་ཀའི་གདམས་པ་མང་པོ་སྐུ་ཉམས་སུ་བསྟན་ཏེ་རྨད་དུ་བྱུང་བ་མཛད། ནགས་ཚང་མཆོག་སྤྲུལ་སོགས་ལ་བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་གནང༌། ཏྲེ་བོ་ཕོ་བྲང་དུ་སློབ་མའི་ཚོགས་མཐའ་ཡས་པ་ལ་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་དབང་ཆེན་དང་འབྲེལ་བའི་སངས་རྒྱས་སྟོང་དབང་བསྐུར། གནས་དེར་རྗེས་སུ་བསྟན་འགྱུར་གྱི་ལྗགས་ལུང་ཡང་སྩལ། ནགས་ཚང་རི་ཁྲོད་དུ་ལམ་རིམ་ཞག་གྲངས་མང་པོ་དང༌། སེམས་བསྐྱེད་མཆོད་པའང་གནང༌། རྗེ་ཉིད་ཀྱི་ལྷ་སྡེ་རྣམས་ལ་ས་བཅུད་བུམ་པ་སྦ་སྒྲུབ་གནད་སྨིན་དང༌། ལྷག་པར་སྲིབ་མོ་ཕྱོགས་ངན་ཟེར་བའི་བུམ་གཏེར་ཀ་རག་ཇོ་བོ་བཞུགས་པའི་མཆོད་རྟེན་གྱི་ཆོས་འཁོར་ནང་དུ་སྦ་བར་མཛད། དེ་ནུབ་གཟིམས་ལམ་དུ་བྲག་གསེབ་ཅིག་ནས་སྦྲུལ་ཆེན་པོ་འཇིགས་སུ་རུང་བ། ཁ་གདངས་ཤིང་ཁྲོས་པའི་རྣམ་པ་ཞིག་ཉེ་བར་འོངས་པ་གཟིགས་པས་ཐོག་མར་འཇིགས་ཞུམ་པ་ཞིག་བྱུང༌། སླར་དམིགས་པ་བརྟན་པོ་མཛད་པས་གདུག་རྩུབ་ཅུང་ཟད་ཞི་སྟེ་ཕྱིར་སོང་བ་རྨིས། དེ་ནི་བུམ་གཏེར་དེས་ཡུལ་ཁམས་དང༌། དགེ་ལུགས་པའི་བསྟན་པ་ལ་ཕན་པའི་ལྟས་སུ་སྣང་སྟེ། ང་རང་ལ་ཅུང་ཟད་རྩུབ་གསུང༌། གཟིག་རྒྱབ་རི་ཁྲོད་དུ་ལམ་རིམ་གྱི་ཁྲིད་ཞག་མང་པོར་གནང༌། འདི་དུས་ཀྱང་མཚན་ལམ་དུ་སྦྲུལ་རིང་པོ་ཕྲ་སྦོམ་ལྕམ་ཙམ་ཡོད་པ་ཞིག་སྐུ་རྒྱབ་ཀྱི་བྲག་ཅིག་ནས་བྱུང་བ་ཁོ་བོའི་གཡོན་ཕྱོགས་ནས་ཚུར་བསྐོར་བ་ལྟ་བུ་བྱས་ཏེ་ཕྱི་ངོས་སུ་སོང་ནས་མཇུག་མ་གནམ་དུ་བསྒྲེངས་ཏེ་སྤྲུག་སྤྲུག་བྱེད་བཞིན་ས་འོག་ཏུ་འཛུལ་སོང་བ་རྨིས་གསུང༌། སྐབས་འདི་འདྲ་ཞིག་ཏུ་ཕྱག་ཞབས་ཀྱི་སོར་དབར་རྣམས་སུ་ཆུ་བུར་མང་དུ་བྱུང་རྐྱེན་གྱིས་སྐུའི་གནས་གཞན་ལའང་ཤུ་ཐོར་འཕེལ་ཏེ་ཤིན་ཏུ་འོ་བརྒྱལ་བའི་རྣམ་པར་འདུག་ནའང་ལྷག་པར་ཐུགས་སྟོབས་བསྐྱེད་དེ་ཉམས་བཞེས་ཀྱི་རིམ་པ་རྣམས་ཉིན་མཚན་ཁོར་ཡུག་ཏུ་གང་རྒྱས་གནང་ཞིང༌། མབྲསྤྱལ་ཕྱག་གིས་བསྣམས་མ་ནུས་ཀྱང་གཞན་ལ་འཛིན་བཅུག་སྟེ་གྲངས་སྔར་ལས་ལྷག་པར་མཛད། སྦྱིན་སྲེག སྐུ་ཕྱག གཞན་དོན་དུ་འབྱོན་བཞུད་སོགས་ལའང་བསྐྱོད་པ་ཡང་བར་མཛད། ཤིང་ལུག་༡༨༩༥ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔར་སྟོན་པ་ཐུགས་རྗེ་ཅན་གྱིས་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་སྡེ་རིནཔོ་ཆེ་གསུངས་པའི་དུས་བཟང་ཉིན་ཞི་ཚེ་རྒྱ་དཔོན་ཚང་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་བཤད་ལུང་ཟབ་མོ་དགྱེས་བཞིན་སྩལ། གཞན་ཡང་མདོ་སྡེ་བསྐལ་བཟང་གི་ལུང༌། ལམ་རིམ་དངོས་གྲུབ་ཀུན་འབྱུང་གི་ཁྲིད་བསྡུས་པ། མི་འཁྲུགས་པ་ལྷ་དགུའི་དབང་ཆེན་རྣམས་གནང༌། མཇུག་ཏུ་བླ་མཆོད་དང་འབྲེལ་བའི་ཚོགས་འཁོར་མཛད། སྟོང་སྐོར་དགོན་དུ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བླ་བྲང་གཟིམས་ཆུང་དུ་མཁར་གསར་སྤྲུལ་སྐུ་དང༌། ལི་ཐང་དགེ་བཤེས་སོགས་སེར་སྐྱ་གྲངས་ལས་འདས་པ་ལ་ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་ཕོགས། བསྒྲུབ་བྱ་ཤིན་ཏུ་མང་པོ་དགེ་ཚུལ་སློང་གི་སྡོམ་པ་ལ་བཀོད། བརྒྱ་དཔོན་ཚང་དུ་ནགས་ཚང་སྤྲུལ་སྐུ་སོགས་མར་ངོའི་ཚེས་བཅུར་རྗེ་བཙུན་མཁའ་སྤྱོད་དབང་མོའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དང༌། བསྐྱེད་རྫོགས་ཀྱི་ཟབ་ཁྲིད་སྨིན་རྒྱས་སྩལ། ཉ་རྒྱས་བླ་བྲང་དུ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཆེན། བསྙེན་ཡིག་གི་ཁྲིད། བླ་མ་མཆོད་པའི་ལུང་སོགས་གནང༌། ཧ་དྷི་དགེ་ཚུལ་དགོན་དུ་སྤྱོད་འཇུག་གི་ཁྲིད། རྡོ་རྗེ་རྣམ་འབྱོར་མའི་དབང༌། བསྐྱེད་རིམ་སོགས་ཀྱི་ཟབ་ཁྲིད་སྩལ། གཞན་ཡང་སྤྱན་རས་གཟིགས་ཀྱི་བདག་བསྐྱེད། ཐུའུ་ཀན་པའི་མ་རྒྱུད་ཐུན་མོང་མ་ཡིན་པའི་རྩ་ལྟུང་སྡོམ་ཚིག སྔགས་དང་བྱང་སེམས་ཀྱི་སྡོམ་ཚིག་རྟེན་འབྲེལ་བསྟོད་པ། བར་དོའི་འཕྲང་སྒྲོལ་གསོལ་འདེབས། སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར། བློ་སྦྱོང་དོན་བདུན་མའི་སྨོན་ལམ་བཅས་ཀྱི་ལྗགས་ལུང་གནང༌། ལབ་མཁན་ཆེན་སྤྲུལ་སྐུ་རིན་པོ་ཆེ་རིང་མོའི་ལམ་ནས་ཆེད་གཉེར་དུ་ཕེབས་ནས་གསོལ་བ་བཏབ་པ་ལྟར་ཐེག་པ་མཆོག་གི་ལམ་བཟང་ཚོལ་བའི་སྐལ་ལྡན་སྟོང་ཕྲག་ཏུ་ཉེ་བ་ལ་བརྒྱད་སྟོང་པའི་ཁྲིད། འགྲེལ་པ་བཞི་སྦྲག་གི་བཤད་ལུང༌། རྒྱུད་དང་རྒྱ་གཞུང༌། བོད་ཀྱི་མཁས་པའི་བཤད་པ་ཁུངས་ཐུབ་དང༌། དཀའ་བའི་གནས་ལ་དཔྱོད་པའི་དོགས་སློང་ཕྲ་ཞིབ་བཅས་སྩལ་བས། ཚོགས་པ་མཐའ་དག་ཟབ་མོའི་ལྟ་བ་དང༌། གསང་བ་བླ་ན་མེད་པའི་བདུད་རྩིས་ཚིམ་པར་གྱུར། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་དང༌། བསྐྱེད་རྫོགས་ཀྱི་ཁྲིད་ཀྱང་སྩལ། ནགས་ཚང་སྤྲུལ་སྐུ་ལ་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་རྗེས་གནང་རྣམས་ལེགས་པར་སྩལ། ལི་ཐང་གཡོན་རུ་དང་སྡེ་གཞུང་གི་འཁྲུག་འདུམ་ལ་ཕེབས། དེ་སྐབས་ཆར་བ་ཤིན་ཏུ་དཀོན་ཡང་ཕྱོགས་དེའི་སྐྱེ་བོའི་འདོད་མོས་ལྟར་ཆར་འབོད་གནང་བའི་ཕྱི་ཉིན་ནས་ལྷུག་པར་བབས་པས་མི་ཕྱུགས་མཐའ་དག་དགའ་བདེའི་དཔལ་ལ་བཀོད། ལི་ཐང་བའི་འཁྲུག་པ་ཡང་ཞི་སྟེ་ལུས་ཅན་དཔག་མེད་སྲོག་གི་འཇིགས་པ་ལས་བསྐྱབས། གཟིམས་ཆུང་དུ་ནགས་ཚང་སྤྲུལ་སྐུ་སོགས་བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་དང༌། རྗེ་རང་གི་གསུང་འབུམ་གྱི་ལུང་གནང༌། བྲག་མགོ་དགོན་གྱི་ཇོ་བོ་རིན་པོ་ཆེར་ལྷ་རྫས་ཀྱི་ན་བཟའ་དང༌། ལྷུང་གཟེད་སོགས་ཕུལ་ཏེ་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་རྒྱས་པའི་ཐུགས་སྨོན་རྒྱ་ཆེར་མཛད། ཉ་མཚོ་དགོན་དུ་སྨོན་ལམ་ཆེན་མོར་ཐུབ་པའི་སྐྱེས་རབས་དང༌། བརྒྱད་སྟོང་འགྲེལ་བ་སོགས་ཀྱི་འཆད་ཉན་རྨད་དུ་བྱུང་བ་གནང༌། ལྷ་ལྡན་གྱི་སྨོན་ལམ་ཆེན་མོ་དང་མི་མཐུན་པའི་ཕྱག་ལེན་ཕྲ་མོ་ཚུན་ཆད་ལེགས་པར་བཅོས། རབ་གནས་དགེ་ལེགས་ཆར་འབེབས་ཀྱི་ཚོགས་མགོན་ཡང་མཛད། འགའ་ཞིག་ལ་གཅོད་དབང་བརྒྱ་རྩ་དང༌། དགེ་བཤེས་བཀྲ་ཤིས་ནས་ཞུས་ངོར་ལམ་གཙོ་རྣམ་གསུམ་གྱི་ཁྲིད་སྩལ། སྐུ་མཚམས་དམ་པར་མཛད་དེ་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་ལྗགས་བསྙེན་གནང༌། ནུབ་གཅིག་རྒྱུན་གྱི་ཐུགས་དམ་བཅུ་གསུམ་མའི་སྔགས་ཕྲེང་སྐབས། ཕྱོགས་དེའི་གཞི་བདག་སྨིན་མཐོ་ཞེས་བགྱི་པ་ནག་ཕྱོགས་ལ་དགའ་ཞིང་རྗེ་ཉིད་ལའང་རྟག་ཏུ་མཐོ་འཚམས་པ་ཞིག་ཡོད་པ་མིར་བརྫུས་ཏེ་དྲུང་དུ་གུས་གུས་ལྟར་བྱས་ནས་དར་ཞིག་ཕུལ། ཅི་བཞེད་སྒྲུབ་པར་ཁས་བླངས་པར་གྲགས། གསེར་ཟངས་ཀྱི་རྡོར་སེམས་མདའ་ཚད་མ་ཞིག་ཉ་མཚོ་གཟིམས་ཆུང་དུ་བཞུགས་སུ་གསོལ། འབུལ་བའི་ཁྲོད་དུ་མཆོད་ཆའི་རིགས་གང་བྱུང་རྣམས་ཀྱང་དེར་བཞག་སྟེ་བསྟན་པའི་ཕྱི་མོར་རྟེན་དང༌། གཟིམས་ཁང་སོགས་ལ་འཛིན་བདག་ལེགས་པར་དགོས་པའི་བཀའ་སློབ་གནང༌། ཕྱིར་བྱོན་དུས་འདུ་ཁང་སྟེང་ནས་དར་འབོད་དང༌། དུང་འབུད་སོགས་བགྱིས་པར་རྗེ་ཉིད་ནས་ཀྱང་ཆིབས་ཞལ་ལན་གསུམ་བསྒྱུར་ཞིང་འཕྲལ་ཡུན་དགེ་བའི་རྟེན་འབྲེལ་བསྒྲིགས་པར་མཛད། བྲག་མགོ་དགོན་དུ་དད་ལྡན་སེར་སྐྱ་སྟོང་ཕྲག་ཏུ་ཉེ་བ་ལ་བཅོམ་ལྡན་འདས་གསང་བདག་འཁོར་ལོ་ཆེན་པོའི་དབང་བཞི་སྟ་གོན་དང་བཅས་པ་སྨིན་རྒྱས་སུ་སྩལ་ཏེ། བཀའ་སྲོལ་འདི་ཉིད་ཀྱི་སྲོག་མཐུད་པར་མཛད། གཤེད་དམར་བཅུ་གསུམ། དགྲ་ནག་བཅུ་གསུམ་མ། འཇིགས་བྱེད་དཔལ་བོ་གཅིག་པའི་དབང་ཆེན་རྣམས་ཀྱང་རས་བྲེས་ལ་བརྟེན་ནས་དགྱེས་བཞིན་སྩལ། བསྙེན་ཆེན་ཁས་བླངས་པ་རྣམས་ལ་བསྙེན་ཡིག་གི་ཁྲིད་དང༌། ལམ་རིམ་དངོས་གྲུབ་ཀུན་འབྱུང་གི་ཁྲིད་སོགས་གནང༌། བཟང་ལུང་སྒྲུབ་ཕུག་ཏུ་མཚན་ཐོག་ཐག་ཐུགས་དམ་མཛད། ནོར་བུའི་རི་ཁྲོད་དུ་སྤྲུལ་སྐུ་ཚུལ་ཁྲིམས་སོགས་ལ་ནཱ་རོ་མཁའ་སྤྱོད་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་སྩལ། ཧ་དྷི་དགེ་ཚུལ་དགོན་དུ་བཅད་རྒྱ་དམ་པར་བཞུགས་པའི་ཐུན་མཚམས་སུ་བླ་མཆོད་ཆེན་པོའི་ཁྲིད། བརྒྱ་དཔོན་ཚང་དུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་ལུང༌། དར་རྒྱས་དགོན་དུ་སེར་སྐྱ་སྟོང་ཕྲག་བརྒལ་བ་ལ་ཀུན་རིག་གི་དབང༌། ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་དབང༌། བརྒྱད་སྟོང་པའི་ལུང༌། སྤྱན་རས་གཟིགས་ཀྱི་རྗེས་གནང་བཅས་སྩལ། ཧོར་དུ་དཔལ་ལྡན་འདོད་ཁམས་དབང་མོའི་ཞི་རྒྱས་ཀྱི་གཏོར་སྒྲུབ་དང༌། རབ་གནས་དགེ་ལེགས་ཆར་འབེབས་ཀྱི་ཚོགས་མགོན་དུ་བྱོན། གཟིགས་སྐུ་རི་ཁྲོད་དུ་འཁོར་ལོ་སྡོམ་པ་དྲིལ་བུ་ལྷ་ལྔའི་དབང༌། འཇིགས་བྱེད་དཔའ་བོ་གཅིག་པའི་དབང༌། བསྙེན་ཡིག་བསྐྱེད་རིམ་སོགས་ཀྱི་ཁྲིད་རྣམས་གནང༌། སོག་དགོན་དུ་མཁར་གསར་སྤྲུལ་སྐུ་སོགས་ལ་གདུགས་དཀར་བྱད་གྲོལ། འཇིགས་བྱེད་སྔགས་བཏུའི་རྗེས་གནང༌། འཇམ་དཔལ་མཚན་མརྗོད། མངོན་རྟོགས་རྒྱན། དབུ་མ་འཇུག་པ་རྣམས་ཀྱི་ལྗགས་ལུང་སྩལ། རབ་མཚར་རྣམ་སྲས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་མཛད་ཅིང་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཞེས་པའི་མཚན་གསོལ་ཏེ། ཞྭ་སེར་བསྟན་པ་རིན་པོ་ཆེ་མི་ནུབ་པའི་གསོས་སུ་འགྱུར་བའི་ཐུགས་དམ་གསལ་འདེབས་ཞིབ་རྒྱས་གནང༌། ལི་ཐང་ཧོར་རྙིང་དུ་ཐོག་ཏུ་འཕགས་པ་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན་དང་ཆོས་བཀའ་ཅི་རིགས་པ་སྩལ། སྟོང་སྐོར་དགོན་དུ་བཅོམ་ལྡན་ཐམས་ཅད་རིག་པའི་དབང༌། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་དབང༌། འདོད་ཁམས་དབང་མོའི་རྗེས་གནང༌། འཇམ་དཔལ་མཚན་བརྗོད། ཡོན་ཏན་གཞི་གྱུར་མ༌། མངོན་རྟོགས་རྒྱན། མཎིའི་ལུང་བཅས་དགྱེས་བཞིན་གནང༌། འཛིན་གྲྭ་སོ་སོར་རྩི་བཞག་རྣམས་གནང་ཞིང་བསྟན་པ་རིན་པོ་ཆེའི་རྩ་བ་ཐོས་བརྩོན་ལ་ཧུར་བསྐྱེད་དགོས་པའི་ཞལ་གདམས་དང༌། དགེ་ཚུལ་སློང་གི་སྡོམ་པའང་མང་པོར་ཕོགས། ཞབས་དྲུང་སྤྲུལ་སྐུའི་ས་བོན་ཐུགས་བརྟག་གནང༌། གསེར་ཁང་གཙུག་ལག་ཁང་དུ་སྙན་དར་མཆོད་སྤྲིན་གཟབ་རྒྱས་སྤྲོས་ཏེ་བདག་ལྷ་ལྡན་དུ་འགྲོ་བའི་སྒོ་གསུམ་གྱི་བྱ་བ་ཐམས་ཅད་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པའི་ཞབས་འདེགས་ཁོ་ནར་འགྱུར་བ་དང༌། ཨ་ནེ་བགྲེས་པོ་ཞིག་ཡོད་པ་ཁྲིད་རྩིས་གྱི་ལམ་གར་ཉེས་སྐྱོན་མི་འབྱུང་བའི་སྐྱབས་འཇུག་ཐུགས་རྗེས་གཟིགས་ཞེས་ཐུགས་དམ་ཡུན་རིང་མཛད། འཁྲུངས་གསར་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ལ་གཟུངས་འབུལ་དང༌། ལམ་རིམ་བཤད་ལུང་ཉིན་བཅུར་སྩལ། འདི་སྐབས་མི་ཏྲ་དང༌། རྡོར་ཕྲེང་གི་དཀྱིལ་འཁོར་རྣམས་འབྲི་རྒྱུའི་ཐིག་ཚོན་སོགས་ཀྱི་ཞལ་བཀོད་དབུ་ཟུར་ཡ་མ་མཁའ་འགྲོ་དང༌། ལྷ་བཟོ་བཅས་ལ་གནང༌། ལྷ་ལྡན་དུ་ཆིབས་བསྐྱོད་ཉེ་བ་ན། རྡོར་ཕྲེང་དཀྱིལ་འཁོར་ཞེ་ལྔ་ཐིག་ཚོན་གསེར་རིས་བཅས་དང༌། མི་ཏྲའི་དཀྱིལ་འཁོར་རེ་ལྔ་སྐྱ་ཐིག་དང༌། རི་མོ་ཙམ་ཟིན། ཟུར་བཀའི་སྐོར་གསན་ཡིག་ལྟར་གྱི་དཀྱིལ་འཁོར་སོ་གསུམ་ཐིག་དང་རི་མོ་གྲུབ། བཅུ་གསུམ་ལ་ཚོན་དང༌། ལྔ་ལ་གསེར་ཡང་གསོལ་ཚར་གདའ། དཀྱིལ་ཆོག་ནོར་ཕྲེང་གི་དཀྱིལ་འཁོར་ཉེར་གཅིག་ལ་ཐིག་རེས་ཟིན་ཅིང༌། དེ་ལྷག་རེ་བཞི་ཙམ་ལས་མ་གྲུབ། ཙི་སྒྲྣ་མ་ཎིའི་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་རྗེས་སུ་གྲུབ་པར་བྱ་དགོས་པའི་བཀའ་གནང༌། ནགས་ཚང་རྒྱབ་རིའི་རྩེར་ནགས་ཚང་སྤྲུལ་སྐུ་སོགས་ལ་ཐུབ་པ་དམ་ཚིག་གསུམ་བཀོད་གྱི་དབང༌། ནགས་ཚང་གཟིམས་ཁང་དུ་ནགས་ཚང་སྤྲུལ་སྐུ་སོགས་སེར་སྐྱ་མཆོག་དམན་སྟོང་དུ་ཉེ་བ་ལ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང༌། རྟ་མགྲིན་གསང་སྒྲུབ་ཀྱི་དབང་སྟ་གོན་བཅས་དགྱེས་པ་ཆེན་པོས་སྩལ། གཞན་ཡང་ཡུལ་འདིའི་བླ་དགོན་དཔོན་ཁྱིམ་སོ་སོར་འདོད་མོས་བཞིན་བསྐྱོད་དེ་ཆོས་འབྲེལ་དང༌། ཐུགས་བརྩེ་བ་ཆེན་པོས་གཏན་བདེའི་ཞལ་གདམས་རྣ་བར་སྙན་ཞིང་ཡིད་དུ་འབབ་པར་ལྷུག་པར་སྩལ་བས་དད་པའི་ཆུ་གཉེར་རང་དབང་མེད་པར་ཁོལ་ཞིང་འདྲེན་བྱེད་ཀྱི་ལམ་ནས་དད་པའི་མཆི་མ་བརྒྱུད་མར་དཀུ།

༤ སླར་ཡང་དབུས་སུ་ཕེབས་ཏེ་རྒྱལ་དབང་བཅུ་གསུམ་པ་ལ་མཇལ་ ཕྱག་དང༌། དབུས་གཙང་ཁུལ་གྱི་ཆོས་སྡེ་རྣམས་སུ་མཆོད་འབུལ་དང༌། སྡེ་པ་མི་དྲག་ཁག་དང་བླ་སྤྲུལ་ཆེ་ཁག་དུ་མར་ཟབ་རྒྱས་ ཆོས་ཚུལ་རྒྱ་ཆེར་གསུངས་པའི་ཚུལ།

མེ་སྤྲེལ་༡༨༩༦ཧོར་ཟླ་བདུན་པའི་ཚེས་དགུའི་ཉིན་ཆིབས་སྐྱེལ་དང་བཅས་ལྷ་ལྡན་དག་པའི་ཞིང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། གཟིམས་ཁང་ཡང་ཐོག་ནས་དར་འབོད་དང༌། ཆིབས་ཞལ་ཕྱིར་བསྒྱུར་བ་སོགས་རྟེན་འབྲེལ་ལེགས་པར་བསྒྲིགས། དེ་སྐབས་དབུ་ཟུར་ཡ་མ་མཁའ་འགྲོ་དང༌། ཚེ་དབང་ནོར་བུ་གཉིས་ལ་སྡེ་མགོན་ཁང་གི་ཐོག་ཀར་དུས་འཁོར་བློས་བསླང་བཞུགས་ཡུལ་ཡགས་པོ་བཞེང་འདུག་ཟེར་མོད། ཁོ་བོས་བལྟ་རྒྱུ་མ་བྱུང་བས་ཁྱེད་ཅག་གིས་ཞིབ་ཏུ་ལྟོས་ལ་ཞིག་གསོ་དགོས་ཚེ་སླ་ཆོས་སུ་མ་སོང་བ་དགོས་ཞེས་བཀའ་ནན་ཏན་ཕེབས། སྐྱེ་བོའི་ཚོགས་ཆེ་བ་ལ་ཕྱག་དབང་དང༌། མཇལ་ཁ་སྩལ་ཏེ་ཞལ་འཛུམ་བག་དང་བཅས་གསུང་གིས་དབུགས་དབྱུང་བར་མཛད། ཚེས་བཅུ་བཞིར་འཇམ་འབིལ་ཐང་དུ་ནགས་ཚང་སྤྲུལ་སྐུ་སོགས་ལ་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་དབང་དང༌། ཚེས་བཅོ་ལྔར་འཇིགས་བྱེད་ཞེ་དགུ་མའི་དབང་དགྱེས་པ་ཆེན་པོས་གནང༌། ཐ་ཤུལ་དགོན་དུ་འདོད་ཆོས་འགའ་ཞིག་དང༌། སེར་ཤུལ་དགོན་དུ་དགེ་འདུན་ཡོངས་ལ་བཀའ་ཆོས་དང༌། འདུ་ཁང་ཞལ་འདེབས་སུ་རྒྱ་དངུལ་རྡིལ་ཚད་གཅིག་སྩལ་ཏེ་ལུགས་གཉིས་ཀྱིས་ཚིམ་པར་མཛད། ལབ་ཆོས་ལྡན་དགོན་དུ་མཁན་པོ་སོགས་སེར་སྐྱ་སྟོང་དུ་ཉེ་བ་ལ་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་སྨིན་རྒྱས་སུ་གནང༌། ནག་ཆུ་དགོན་དུ་མཁན་པོ་སོགས་ལ་ཚེ་དབང་སྩལ། ལྕམ་ལྷ་ཁང་གདོང་དུ་གཟིག་རྒྱབ་སྤྲུལ་སྐུ་དང་མཇལ་ཏེ་འདི་ཕྱི་དགེ་བའི་ཞལ་གདམས་སྤྱི་དང༌། ཁྱད་པར་ཧོར་ཡུལ་སྟོད་སྨད་ཀྱི་གདུལ་བྱ་སྐྱོང་ཚུལ་ཞིབ་རྒྱས་བཀའ་སློབ་གནང༌། འཕན་མདར་དགའ་ལྡན་བྱང་རྩེ་གྲྭ་ཚང༌། ཏྲེ་བོ་ཁམས་ཚན་གྱི་རྟ་པ་དང་ཐབ་བསུ་ཡོད་པ་སོ་སོར་བྱོན་ཏེ་ཁམས་འདྲི་སོགས་དགྱེས་པའི་གསུང་གླེང་ཕེབས། རི་རྒྱབ་ཏུ་བློ་གསལ་གླིང༌། ཏྲེ་བོ་ཁམས་ཚན། བློ་གླིང་མཁན་པོ། བྱེས་པ་གྲྭ་ཚང༌། སེ་ར་ཏྲེ་བོ། རྒྱུད་སྨད་མཁན་པོ། གཞན་ཡང་རྗེ་ཉིད་ཀྱི་ཞལ་སློབ་སྦྱིན་བདག་ཏུ་གྱུར་པའི་ཞབས་པད་སོགས་སེར་སྐྱ་དྲག་ཞན་སྟོང་ཕྲག་མང་བོའི་ཆིབས་བསུ་བཅས་ཧོར་ཟླ་དགུ་པའི་ཚེས་ཉེར་ལྔ་ལ་ལྷ་ལྡན་ར་ཆེ་ལྕང་རྒྱབ་གཟིམས་ཆུང་དུ་ཞབས་སོར་མངོན་པར་བཀོད། མཇལ་ཞུ་རྒྱུན་མི་ཆད་པ་རྣམས་ལ་དགྱེས་པའི་ཞལ་དང་གསུང་གིས་དབུགས་དབྱུང་མཛད། དེ་རྗེས་བདུན་ཕྲག་གཅིག་ཏུ་ཐུགས་དམ་རྣལ་འབྱོར་གྱི་རིམ་པ་ལ་གཞོལ། ཚེས་དགེ་བའི་ཉིན་ཕོ་བྲང་ཆེན་པོ་པོ་ཏ་ལར་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་ཞབས་དྲུང་དུ་འབྱོར་ཕྱག་དང་འབྲེལ་བའི་མཇལ་ཁ་ཞུས། ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་དང༌། དེ་མོ་རིན་པོ་ཆེ་སོགས་ལ་ཡང་མཇལ། གནས་ཆུང་པེ་ཧར་ལྕོག་ཏུ་བསྟན་སྲུང་ཆེན་པོ་ཁོག་ཞུགས་དང་བསྟུན་གསེར་ཕུད་སྙད་དར་ཕུལ་ཏེ་འཕྲིན་བཅོལ་དང་བཀའ་ལུང་ཞུས། དགྱེས་པའི་མཚན་མ་དང་བཅས་ྋགོང་ས་ཐམས་ཅད་མཁྱེན་པ་སྨོན་ལམ་གྱི་ཚོགས་དབུར་གདན་ཞུ་གནང་ན། རྣམ་བཞིའི་འཕྲིན་ལས་དུས་ལས་མི་གཡེལ་བའི་ལུང་ཕེབས། བཤད་སྒྲུབ་བསྟན་པའི་འབྱུང་གནས་འབྲས་སྤུངས་ཏྲེ་བོ་ཁམས་ཚན་གྱི་གཟིམས་ཆུང་ཤར་དུ་སྐུ་མཚམས་ཀྱི་ཁོང་ནས་འཇིགས་བྱེད་ཀྱི་ལྗགས་བསྙེན་མཛད། མེ་སྤྲེལ་༡༨༩༦ཧོར་ཟླ་བཅུ་པའི་ཚེས་བཅུའི་ཉིན་གོང་ས་ལྷ་མའི་རྣམ་འདྲེན་ཆེན་པོ་སྨོན་ལམ་ཚོགས་དབུར་གདན་འདྲེན་གྱི་ཐོག་མའི་སྙན་གསན་ཕབ། དེ་བཞིན་སྙན་གསན་གཉིས་པ་དང༌། གསུམ་པ་ཕུལ་ཏེ་ཞལ་བཞེས་ལེགས་པར་ཐོབ། མེ་བྱ་༡༨༩༧ཟླ་བ་དང་པོའི་ཚེས་བརྒྱད་ལ་ྋགོང་ས་རིན་པོ་ཆེ་སྤྱན་འདྲེན་བདེ་ཤར་རྡོ་སྟེགས་ནས་མཇལ་དར་ནང་མཛོད་ཕྱིར་སློག་བྱུང་བ་རྗེ་ཉིད་ཀྱི་མགུལ་དུ་བཞེས་ཏེ་སྤོས་སྣེ་ཞུས། གཞུང་སྒོ་ཕུན་ཚོགས་འདུ་ལམ་བརྒྱུད་རྡོ་རིང་ནང་མ་ནས་ཤིང་རའི་རྒྱ་སྒོའི་བར་ཆིབས་ཐོག་དང༌། དེ་ནས་རྩེ་གཟིམས་ཆུང་བར་ཞབས་ཐང་གིས་སྤོས་སྣེ་དྲངས། གཟིམས་ཆུང་དགའ་ལྡན་ཡང་རྩེ་ཨེ་ཝཾ་དུ་ཕེབས་སྟོན་དཀར་སྤྲོའི་ཐོག་མཇལ་ཕྱག་ཞུས། ཚེས་བཅུ་གསུམ་ཉིན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སྟོང་མཆོད། གུང་ཚིགས་སྐབས་རྣམ་ཐར་སྒོ་གསུམ་གྱི་ཐེམ་སྐས་མགོར་སྐྱབས་རྗེ་མཆོག་ནས་སྤོས་སྣས་མདུན་བསུས་ཏེ་ྋགོང་ས་སྲིད་ཞིའི་གཙུག་རྒྱན་སྤྱན་དྲངས་ཤིང་གདོང་ལྔ་འབར་བའི་གསེར་ཁྲིར་ཞབས་ཀྱི་པདྨོ་མངོན་པར་འཁོད་པ་ན། རྗེ་ཉིད། མཛོད་པ། ཞབས་གྲས་བཅས་ནས་མཇལ་དར་རེ་ཕུལ་ཏེ་གདན་ལ་བཞུགས། གསོལ་ཇ་དུག་སེལ་ཞུས། ཞིང་ཁམས་རྒྱ་མཚོའི་བཀོད་པས་ཐོག་དྲངས་དངོས་འབུལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ་འགྲན་པ་དང་འབྲེལ་མབྲསྤྱལ་ལྗགས་བཤད་དབྱངས་ཅན་མགྲིན་པའི་མཛོད་ལ་འཁུ་བ་མཛད། སྐུ་འགྱེད་དངུལ་ཞོ་བཞི་སྐར་ལྔ་རེ་དང༌། གཞན་ཡང་མདོ་དགེ་འདུན་དང༌། དཔོན་སེར་གཟུགས་སོགས་གང་ལ་གང་འོས་སུ་མཆོད་སྤྲིན་གྱ་ནོམ་བསྟར་པ་ཁྱོན་བསྒྲིལ་དངུལ་ཊཾ་སྲང་ཆིག་ཁྲི་ལྔ་སྟོང་བརྒྱ་གོ་བརྒྱད་ཞོ་དགུ་སྐར་ལྔས་བསྙེན་བཀུར་ཞེས་ཏེ་དད་རྫས་ཆུད་མི་མཛའ་ཞིང་འབྲེལ་ཐོག་སྐྱེ་འགྲོ་རྣམས་ཀྱི་འཁོར་བ་མཐའ་ཅན་དུ་མཛད་པ་སོགས་བསོད་ནམས་རླབས་པོ་ཆེའི་འོད་སྣང་སྲིད་ཞིའི་ཁོང་ལས་བརྒལ་བར་གྱུར། ཚེས་བཅོ་ལྔ་ལ་གསུང་རར་ྋགོང་ས་རྒྱལ་བའི་དབང་པོའི་ཞབས་དྲུང་དུ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱ་ཆེར་སྤྲོས། གནས་ཆུང་ཆོས་སྐྱོང་ཆེན་པོར་གཏང་རག་ཏུ་དགྱེས་སྐོང་དམ་རྫས་བསམ་གྱིས་མི་ཁྱབ་པ་དང༌། ལས་བཞིའི་འཕྲིན་ལས་བཅོལ་བའི་ཚིགས་བཅད་བཅས་ཕུལ། ཚེས་ཉེར་ལྔའི་ཉིན་ྋགོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་དུ་ཆིབས་བསྐྱོད་སྐབས་སྐྱབས་རྗེ་མཆོག་ནས་སྤོས་སྣས་མདུན་བསུས་ཏེ་ར་མོ་ཆེར་གནས་གཟིགས་དང་འབྲེལ་གཟིམས་ཆུང་ཉི་འོད་འཁྱིལ་པར་ཞབས་མཐིལ་བཀྲ་ཤིས་ཀྱི་རེ་ཁ་བཀོད་པ་དང་བསྟུན་དཀར་སྤྲོའི་ཐོག་མཇལ་དར་ནང་མཛོད་རྩེར་སོན་དང་རྟེན་དོད་དངུལ་སྲང་ལྔ་ཕུལ། ྋགོང་ས་མཆོག་ནས་ནང་མཛོད་དང༌། སྲུང་མདུད་བཅས་ཐུགས་དགྱེས་པ་ཆེན་པོས་སྩལ། མེ་བྱ་༡༨༩༧ཟླ་བ་གཉིས་པའི་སྐབས་ཚེ་ལྷ་རྣམ་གསུམ་གྱི་སྣང་བརྙན་གསེར་ཟངས་ལས་གྲུབ་ཅིང་སྐུ་ཚད་མདའ་གང་ལྷག་ཙམ་ལ་རིན་པོ་ཆེའི་ཕྲ་ཚོམ་དུ་མས་སྤྲས་པ་བཞེངས་ཏེ་རིང་བསྲེལ་རྣམ་བཞིས་ཕྱུར་བུར་བཀང་ནས་རབ་ཏུ་གནས་པའི་ཆོ་ག་ཡང་དམ་པ་ཉིད་ཀྱིས་མཛད། ཡེར་པ་ལྷ་རི་བྱམས་སྐུ་རིན་པོ་ཆེའི་མདུན་དུ་བརྒྱ་མཆོད་དང༌། དགེ་འདུན་ལ་མང་ཇ་ཕུལ། བཅད་རྒྱ་མཛད་དེ་ཐུགས་དམ་རྣལ་འབྱོར་གྱི་རིམ་པ་ལ་རྩེ་གཅིག་ཏུ་གཞོལ། ལྷ་ལྡན་གཟིམས་ཆུང་དུ་གཟིམས་འགག་མི་ཆེན་ནས་ཞུས་ངོར་བྲག་རྒྱབ་སྤྲུལ་པའི་སྐུ་དང༌། དགེ་བཤེས་སྐྱོར་དཔོན་སོགས་དད་ལྡན་བརྒྱ་ཕྲག་དུ་མ་ལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ་ཡོངས་སུ་རྫོགས་པའི་ལྗགས་ལུང་དང༌། འགའ་ཞིག་ལ་ནཱ་རོ་མཁའ་སྤྱོད་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་སྩལ། ཐན་པ་ཤིན་ཏུ་ཆེ་བར་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་བཞིན་འཇའ་ཚོན་ཆུ་མིག་ཏུ་ཆར་འབེབས་ལ་བྱོན། བཞུགས་གུར་རྒྱབ་པ་ཙམ་གྱིས་ཆར་ཆེན་པོ་བབས་པས་མི་ཕྱུགས་མཐའ་དག་དགའ་བདེའི་དཔལ་ལ་བཀོད། འདི་སྐབས་རྗེ་ཉིད་ཀྱི་གསུང་འབུམ་སྤར་དུ་འཁོད་པ་རྣམས་ལ་དགེ་བཤེས་སྐྱོར་དཔོན་ནས་ཞུ་དག་ཐུགས་ཁུར་ལྷོད་མེད་གནང༌། འོལ་ཁ་རྗེ་དྲུང་དུ་རིན་པོ་ཆེ་དང༌། ཏྲེ་བོ་ཆོས་རྗེ་སྤྲུལ་པའི་སྐུ་སོགས་ལ་ལྷ་མོའི་རྗེས་གནང་སྩལ། ཞོལ་ཁང་པ་སོགས་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང༌། དྭགས་པོ་༅ཛྲཱུཾ་པ་བ་དང༌། ཟུར་ཁང་སྲས་མོ་སོགས་ལ་ཚེ་དབང་སྟོང་ཚར་དགྱེས་བཞིན་སྩལ། འབྲས་སྤུངས་སུ་བཞད་དངུལ་ཆུ་བ་རིན་པོ་ཆེའི་སྐུའི་དཔོན་རིགས་བློ་བཟང་འཇིགས་མེད་དབང་པོ་སོགས་ལ་དཔལ་གསང་བ་འདུས་པའི་དབང་ཆེན་ཟབ་རྒྱས་གནང༌། སོག་པོ་ཆོས་མཛད་སོགས་ལ་མི་འཁྲུགས་པ་ལྷ་དགུའི་དབང༌། རྟ་མགྲིན་གསང་སྒྲུབ་ཀྱི་དབང༌། བླ་མ་ལྔ་བཅུ་པའི་ལུང༌། ཚེ་དཔག་མེད་ཀྱི་བེའུ་བུམ་གྱི་ལུང༌། སློབ་མ་ཉུང་ཤས་ལ་མགོན་པོ་བར་ཆད་ཀུན་སེལ། དུར་ཁྲོད་བདག་པོ། མགོན་པོ་སྙིང་ཞུགས། མགོན་དཀར་སོགས་ཀྱི་རྗེས་གནང༌། ཆོས་རྒྱལ་དུག་རི་ནག་པོའི་རྗེས་གནང་བཅས་སྩལ། མགོན་པོ་སྙིང་ཞུགས་དང༌། ཆོས་རྒྱལ་ཡང་གསང་གི་རྗེས་གནང་སྔར་ཤིན་ཏུ་བཀའ་དོག་པར་མཛད་ཀྱང་འདི་སྐབས་དེ་འདྲ་གཏན་ནས་མི་མཛད་པར་དགྱེས་རྒུར་གནང་བ་ནི་རེ་ཞིག་སྐུ་དངོས་ཀྱི་གདུལ་བྱའི་ཐ་མར་གཟིགས་པ་ཡིན་སྣང༌།

༥ སྐུ་བསྙུན་པའི་ཚུལ་བསྟན་པ་དང༌། སྐུ་ཚེ་འདིའི་རྣམ་པར་ ཐར་པའི་སྤྱི་སྡོམ།

དེ་ལྟར་སྙིགས་དུས་འདིར་ཡང་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཆེ་ཆེར་སྤེལ་བ་ལ་བློ་བཟང་རྒྱལ་བ་རང་ཉིད་དང་མཚུངས་པས་བསྟན་པའི་རྒྱལ་མཚན་འོག་མིན་གྱི་བར་དུ་བསྒྲེངས་པར་མཛད། སྐུ་ཁམས་ཅུང་ཟད་མི་དྭངས་པའི་ཚུལ་བཞེས་ཏེ། ཆོས་གྲགས་དང་པད་ཕྲུག་སོགས་ཞབས་གྲས་ནང་མ་འགའ་ཞིག་ལ་ཁོ་བོའི་ལུས་སེམས་ལ་སྔོན་དང་འདྲ་བའི་སྣང་བ་བདེ་ཉམས་གཏན་ནས་མི་འདུག་པས་རིང་མིན་ཕ་ཡུལ་དུ་འགྲོ་བ་དགའ་གསུང༌། འོ་ན་འཕྲལ་དུ་གྲྭ་བསྒྲིགས་ནས་ཕེབས་རྒྱུ་ཞུ་ལགས་ཞུས་པར། ཕྱག་གཉིས་ཀྱིས་ཞལ་ཤངས་བཀབ་སྟེ་སྤྱན་བཙུམ་སྟེ་ཡུད་ཙམ་བཞུགས། འདི་འདྲ་བྱས་ནས་སོང་ན་མི་འོང་གསུངས་པ་སོགས་དཔྱད་གཞི་ཅན་གྱི་བཀའ་ལུང་སྩལ། བློ་གསལ་གླིང་ཆོས་རའི་སྐུ་རིམ་སྐབས་ཉག་རེ་དགེ་བཤེས་བསྐལ་བཟང་ཤེས་རབ་ཞབས་ཕྱིར་ཁྲིད་དེ་མཇའ་བར་བྱོན། ནུབ་བྱང་ཤར་སྒོ་གསུམ་ལ་རིམ་བཞིན་ཕེབས་ཏེ་ཡུན་རིང་བཞུགས་ནས་ཐུགས་སྨོན་རྒྱ་ཆེར་མཛད། བགྲེས་སོང་འགའ་རེས་ཏྲེ་བོ་ཁང་གསར་སྐུ་ཞབས་ཀྱིས་ཆོས་རར་མཇལ་ཁ་དང༌། སྤྱན་དམིགས་དེ་ལྟར་མཛད་པ་དཔྱད་གཞི་ཤིན་ཏུ་ཆེ། ཧ་ཅང་ཡིད་ཆེས་པོ་རང་མི་འདུག་ཅེས་གླེང༌། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་ཇོ་བོ་རིན་པོ་ཆེ་དང༌། རང་བྱོན་ལྔ་ལྡན་སོགས་སྟེང་འོག་བར་གྱི་རྟེན་མཆོག་བཞུགས་སོ་འཚལ་དང༌། ར་ཆེ་ཇོ་བོ་སོགས་ལ་སྙན་ཤལ་དང༌། སྣ་ལྔའི་མཆོད་སྤྲིན་གྱི་ཕུང་པོ་བློ་ཡུལ་ལས་འགོངས་པ་སྤྲོས་ཏེ་ཐུགས་སྨོན་ཤུགས་དྲག་ཡུན་རིང་དུ་གནང༌། གླིང་བསྐོར་དུ་ངན་སློང་ཉམ་ཐག་རྣམས་ཟང་ཟིང་གི་སྦྱིན་པ་རྒྱ་ཆེར་པོས་ཚིམ་པར་མཛད། ཉ་ལུག་སོགས་ཀྱི་སྲོག་སྐྱོབ་བསམ་གྱིས་མི་ཁྱབ་པ་གནང༌། པོ་ཏ་ལར་འཕགས་པ་རིན་པོ་ཆེ་ལོ་ཀི་ཤྭ་ར་སོགས་ཚོགས་ཞིང་བྱིན་རླབས་ཀྱི་གཟི་འོད་འབར་བ་རྣམས་ལ་སྙན་ཤལ་མཆོད་སྤྲིན་གཟབ་རྒྱས་བསྟར། ཏྲེ་བོ་གཟིམས་འགག་སྐལ་བཟང་བྱམས་པ་ནས་བདེ་ཡངས་ཤར་རང་ཤག་ཏུ་གདན་ཞུས་ཀྱིས་གསོལ་བ་ནན་ཏན་བཏབ་པར། རིང་ནས་དམ་ཚིག་གཙང་ལ་སྐུ་གམ་དུ་བཅར་ཡུན་རིང་ཞིང་སྔ་ཕྱིར་ལྷག་བསམ་དགེ་བའི་ཞབས་ཕྱི་རྣམ་པར་དག་པ་ཞུས་པ་དང༌། སྐུ་ཚེ་འདི་ཉིད་ཀྱི་གདུལ་བྱའི་ཐ་མར་གྱུར་པ་སོགས་དགོས་དོན་དུ་མ་ལ་དགོངས་ཏེ་གསང་བདག་ནག་མོ་སུམ་སྒྲིལ་གྱི་རྗེས་གནང་ཐུགས་བརྩེ་བ་ཆེན་པོས་དགྱེས་བཞིན་སྩལ། ཕུར་ལྕོག་ཡོངས་འཛིན་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་དཔལ་བཟང་པོའི་དྲུང་དུ་ཕེབས་ཏེ་རྣམ་པ་གཉིས་ཐུགས་དགྱེས་པའི་གསུང་གླེང་འཕེལ་ཞིང་རྒྱུན་རིང་བར་བཞུགས་ཏེ། སླར་འབྲལ་མི་ཕོད་པ་ལྟ་བུའི་རྣམ་པས་བྱོན། འབྲས་སྤུངས་སོག་པོ་ཆོས་མཛད་ཀྱིས་བསྐལ་བཟང་སངས་རྒྱས་སྟོང་གི་དབང་ཆེན་ཞིག་གསོལ་བ་བཏབ་བར་མ་འོངས་པའི་གདུལ་བྱར་དགོངས་ཏེ་ཞལ་བཞེས་ཙམ་གནང༌། སྐུ་གྲིབ་ཅུང་ཟད་བཞེས་པའི་ཚུལ་གྱིས་ཕྱག་བསྟར་དུ་མབྲསྤྱལ་ཕུལ་བ་སོགས་སྟབས་མི་བདེ་ཙམ་ལས་སྙུན་མངོན་མཚན་ཆེ་བ་ཅི་ཡང་མ་བཞེས་ཤིང་ཐུགས་དམ་ཞལ་འདོན་གྱི་རིམ་པ་རྣམས་རྒྱུན་འཁྱེར་ཆག་མེད་ཀྱི་སྟེང་དུ་འཕར་མ་ཇེ་རྒྱས་སུ་གནང་སྟེ་ཉིན་མཚན་ཁོར་མོ་ཡུག་ཏུ་ཉམས་བཞེས་ལ་བརྩོན་པར་མཛད། སྔར་ཕ་ཡུལ་ནས་ལྷ་ལྡན་དུ་འབྱོན་ཁར་དགེ་སློང་ཆོས་གྲགས་ལ་ཁྱོད་ཀྱང་ཞབས་ཕྱིར་འགྲོ་དགོས་ཞེས་བཀའ་སྩལ་པ་ན། ཁོང་ནས་བདག་ལོ་མཐོ་ཚུལ་སོགས་ཀྱི་རྒྱུ་མཚན་དང་བཅས་དགོངས་པ་ཞུས་པར། ཅིས་ཀྱང་བསྐྱོད་དགོས། བདག་ལའང་མཐར་ན་བ་དང༌། ཤི་བ་ཞིག་ངེས་པར་འོང་བས་དེ་དུས་སྙིང་ཉེ་བར་འགའ་རེ་ཡོད་དགོས་པར་འདུག་ཅེས་གསུང༌། རྟ་བྱ་༡༨༩༧ལོར་རྗེ་ཉིད་བྲག་མགོ་སེང་ལྡིང་རི་ཁྲོད་དུ་བཞུགས་སྐབས་ཤིག་དགོན་པའི་སྨོན་ལམ་ཚོགས་དབུར་ཕེབས་པ་ལ་གེགས་རིགས་ཡོད་མེད་འཁྲུངས་གསར་བླ་མ་རིན་པོ་ཆེར་བརྟག་ཞུས་ཕུལ་བར་འཚུབ་ཆ་ཆེ་བར་བབས། དེ་དོན་རྗེ་འདི་ལ་ཞུས་པས་བར་ཆད་ཕྲ་མོ་ཡོད་ཤས་ཆེ་ཡང་ཁོ་བོའི་ཚེ་སྲོག་ལ་ཉེས་སྐྱོན་མེད། ཡུལ་འདིར་ལུས་སྲོག་མི་འདོར་བའི་འདུན་པ་ཡང་ཡང་བྱས་པ་ཡིན་ཞེས་ཕེབས། སྔར་ཡིན་ན་མཐོ་དམན་ཕྱི་ནང་སུ་ལའང་ཚུལ་མཐུན་མ་བྱས་པ་རྣམས་ཐད་ཀ་ཐད་ཀར་གསུང་བ་དང༌། ཚ་དྲག་གི་བཀའ་བཀྱོན་སོགས་འཕྲལ་འཕྲལ་དུ་འབེབས་ཤིང༌། གཟི་བརྗིད་ཀྱིས་སྐུ་མདུན་དུ་བཅར་མི་ཕོད་པ་ལྟ་བུར་ཡོད་ཀྱང༌། འདི་སྐབས་ཞབས་ཕྱི་སོགས་ལ་གསུང་ཚ་མོ་རེ་གནང་ནའང་དེ་མ་ཐག་ཐུགས་བརྩེ་བ་ཆེན་པོས་སེམས་གསོ་བ་དང༌། གསོལ་རས་སྩོལ་བ་སོགས་མཛད་པ་ཐ་མའི་རྣམ་འགྱུར་སྣ་ཚོགས་སུ་མངོན། གཞན་ཡང་འབྲས་སྤུངས་ཏྲེ་བོ་ཁམས་ཚན་དུ་ཡོངས་ཀྱི་དགེ་བའི་ཤེས་གཉེན་ཆེན་པོ་སྐྱོར་དཔོན་གྱིས་ཞུས་ངོར་བརྒྱད་སྟོང་བའི་ཁྲིད་ལུང་ཞིབ་རྒྱས་སྩལ་ཞིང༌། གསུང་འཕྲོས་སུ་དེང་སང་སློབ་གཉེར་བ་ཕལ་གྱིས་ལུང་རིགས་མན་ངག་གི་མཚོན་རྩེ་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་རབ་དང༌། ཕུལ་དང༌། གཙོ་བོར་གྱུར་པ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་དང༌། དགོངས་འགྲེལ་མངོན་པར་རྟོགས་པ་རྒྱན་གྱི་གནད་དོན་མི་ཚོལ་བར་གནས་སྐབས་ཤགས་འགྱེད་རྣོ་ཙམ་གྱི་རྟགས་གསལ་དང་དམ་བཅའ་ལྷུར་ལེན་པ་ནི་ཤིན་ཏུ་སྐྱོ་ཞེས་གསུངས་ཏེ་སྤྱན་ཆབ་ཀྱང་གསིལ། དེ་ནས་ལྷ་སར་ཕེབས་སྐབས་ཆོས་རྗེ་སྤྲུལ་སྐུ་ལ། ཁོ་བོས་རིང་ནས་སྨོན་པའི་འབྲས་བུ་རྣམས་གྲུབ་ཟིན་པས་ད་དེ་ཙམ་ཡིན་གསུངས་པ་སོགས་དགོངས་གཞི་ཅན་མང༌། ད་ནི་རྒྱས་པར་བསྙད་པའི་དོན་མདོར་དྲིལ་བར་བྱ་སྟེ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་བདེ་བཤེགས་དཔལ་བརྩེགས་རྒྱལ་པོའི་སྐུ་མངོན་པར་སངས་རྒྱས་ཀྱང་གདུལ་བྱའི་དོན་དུ་རིགས་ཕུན་སུམ་ཚོགས་པ་ཇིང་གིར་གནམ་གྱི་རྒྱལ་རྒྱུད་དུ་སྐྱེ་བ་བཞེས། བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་སོགས་གསར་རྙིང་རིས་མེད་ཀྱི་མཁས་གྲུབ་བཅུ་ཕྲག་ལྔ་ཙམ་རྒྱལ་སྲས་རྟག་ཏུ་ངུ་དང་གཞོན་ནུ་ནོར་བཟང་ལྟར་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན། ཡིག་རིགས་འབྲི་ཀློག སུམ་རྟགས་དག་ཡིག་སྙན་ངགས་དབྱངས་ཅན་སྒྲ་མདོ། སྡེབ་སྦྱོར་རིན་འབྱུང༌། སྐར་རྩིས། སྨན་དཔྱད། ཚད་མ། ཕར་ཕྱིན། དབུ་མ། འདུལ་བ། མངོན་པ། གསང་སྔགས་རྒྱུད་སྡེ་བཞི་སོགས་ཚར་གཅོད་རྗེས་འཛིན་ཀུན་ཤེས་ཀྱི་རིག་གནས་མཐའ་དག་ལ་མང་དུ་ཐོས་པའི་རྣམ་དཔྱོད་ཀྱི་རྩལ་རྫོགས། དབང་ལུང་མན་ངག་སོགས་ཟབ་རྒྱས་ཆོས་ཀྱི་གཏེར་མཛོད་ཆེན་པོར་གྱུར་ཅིང་རྒྱལ་བའི་བཀའ་ལས་ཡི་གེ་ན་གཅིག་ཀྱང་འདོར་རྒྱུ་མེད་པར་སེམས་རྒྱུད་འདུལ་བའི་གདམས་ངག་ཏུ་ལམ་ལམ་ཤར། སྡོམ་པ་གསུམ་གྱི་བཅས་མཚམས་ཕྲ་མོ་ཚུན་ཆད་མིག་བཞིན་སྲུང་པ་གཞིར་བཟུང་སྟེ། རྣམ་ཀུན་ཐོ་རངས་བཞེངས་མ་ཐག་དུས་དྲན། གཏོར་མ་བརྒྱ་རྩ་ཆ་ལག་བཅས་ཤིན་ཏུ་གཙང་སྤྲ་དང་ལྡན་པ། སྨོན་ལམ་གྱི་རིམ་པ་མང་པོ། རྟེན་འབྲེལ་བསྟོད་པ། འཇམ་དཔལ་མཚན་བརྗོད། རྟེན་འབྲེལ་སྙིང་པོ། འཁྲུགས་སེལ་གྱི་གཟུངས། ཕྱག་བསྟར་བརྒྱ་ཏིང་ཡོན་ཆབ། ལམ་རིམ་སྦྱོར་བའི་ཆོས་དྲུག དངོས་གྲུབ་ཀུན་འབྱུང་གི་ཆོ་ག་སྒྲིགས་སྟེང་ནས་གསུང་དལ་བུར་དངོས་གཞིའི་དམིགས་སྐོར་ཆ་ཚང༌། མུ་ནི་ཕྲེང་སྐོར་གཉིས་གསུམ་རེ། བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་དམིགས་བརྩེ་མ་གང་མང༌། བརྒྱད་སྟོང་ཤོག་བུ་སོ་གཉིས་རེ། སྤྱོད་འཇུག་ཚིགས་རྐང་ཉིས་བརྒྱ་རེ། གསང་འདུས་རྩ་རྒྱུད་ལེའུ་བཞི་རེ། མབྲསྤྱལ་ཚོམ་བུ་སོ་བདུན་མ་གང་འགྲོ། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་མངོན་རྟོགས་དང་འབྲེལ་བའི་ཨ་ར་པ་ཙ་དང་ལས་སྔགས་གཉིས་ལྔ་བརྒྱ་རེ། རྩ་སྔགས་དང་ཉེ་སྙིང་གཉིས་སུམ་བརྒྱ་རེ། ཡུམ་སྔགས་ཉེར་གཅིག་དང་འཁོར་སྔགས་བཅུ་གཅིག་རེ། ནཱ་རོ་མཁའ་སྤྱོད་དངུལ་ཆུའི་གསུང་ཆོ་ག་དང་འབྲེལ་བར་བསྙེན་སྔགས་ཨོཾ་གསུམ་མ་ལྔ་བཅུ་རེ། ཟླ་རེ་བཞིན་ཡར་མར་ངོའི་ཚེས་བཅུའི་མཆོད་པ་བདག་འཇུག་བཅས། ཉི་སྦས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་བླ་མེད་ལྟར་བསྙེན་སྔགས་གྲངས་མང༌། སྒྲོལ་མ་ཕྱག་རྡོར། འཇམ་དབྱངས་དཀར་པོ་གསུམ་གྱི་སྔགས་བརྒྱ་རེ། ཁྲོ་བོ་རྨེ་བརྩེགས་སོགས་སྔགས་ཀྱི་རིགས་ཐོར་བུ་མང་པོ། གཟིམས་ཆུང་དུ་བཞུགས་རིང་ཉིན་ལྟར་ཕྱི་དྲོ་རྡོ་རྗེ་འཇིགས་བྱེད་དང༌། མཁའ་སྤྱོད་མའི་ཆོ་ག་གསུང་བཞིན་ཇོ་ཁང་ལ་བསྐོར་བ་སུམ་བརྒྱ་ཙམ་རེ། ཟླ་བ་བྱུང་ངོ་ཅོག་གི་ཉེར་དགུ་ལ་ཆོས་རྒྱལ་ཡང་གསང་དུག་རི་ནག་པོའི་གཏོར་མ་དྲུག་ཅུ་མ་དང་བཅས། དགོང་མོར་བླ་མ་མཆོད་པ་གསུང་གྲོགས་དང་བཅས་བྱམས་སྐུ་རིན་པོ་ཆེའི་མདུན་དུ་རྒྱ་མཆོད་སྟོང་མཆོད་ཡོད་མེད་གང་ལྟར་ཡང་མཆོད་རོལ་དང་བཅས་དལ་བུས་གསུང་བ། དུས་འཁོར་མབྲསྤྱལ། ལྟུང་བཤགས་སྤྱི་བཤགས། གཙོ་རྒྱལ་མ། རྗེ་རང་ཉིད་ཀྱིས་མཛད་པའི་སྔགས་དང་བྱང་སེམས་ཀྱི་སྡོམ་ཚིག མབྲསྤྱལ་རྒྱས་པ། རྣམ་དག་གངས་རི་མ། བྱམས་བསྟོད་ཚངས་པའི་ཅོད་པན་དང་རིན་ཆེན་ཐེམ་སྐས་རེས་མོས། ཐུགས་རྒྱལ་བ་མ། ཞིང་ཕྱོགས་བཅུ་མ། རྗེ་ཉིད་ཀྱི་སྐུ་ཕྲེང་གསོལ་འདེབས་གསུམ་རེས་མོས། དམིགས་བརྩེ་མ་དགུ་སྐོར་བདུད་རྩི་འབེབས་སྦྱངས་དང་སྦྲག་པ། མཇུག་ཏུ་སྒྲོལ་མ་ཚར་གསུམ། སྒྲོལ་བསྟོད། རྣམ་རྒྱལ་གཟུངས་རིང་ཚར་ལྔ།། བཟང་སྤྱོད་སྨོན་ལམ། བདེ་སྨོན། ཞིང་མཆོག་སྒོ་འབྱེད། ཤིས་བརྗོད་ཀྱི་མཐར་མཎི་ཕྲེང་སྐོར་དང་བསྔོ་སྨོན་ཏེ། འདི་རྣམས་ཆག་མེད་རྒྱུན་གྱི་རྣལ་འབྱོར། མཚན་ཐོག་ཐག་ཏུ་ཞལ་འདོན་མི་རྫོགས་པར་ནམ་ལངས་པའི་སྐབས་ཤིན་ཏུ་མང༌། ལོ་ལྟར་ཟླ་བ་གཉིས་གསུམ་རེ་མ་ཆག་པར་བཅད་རྒྱ་དམ་པར་གནང་སྟེ་ཡི་དམ་མང་པོའི་བསྙེན་སྒྲུབ་དང༌། ཁྱད་པར་ཙ་བྲག་དབེན་གནས་སུ་རྡོ་རྗེ་འཇིགས་བྱེད་ཀྱི་གཞི་བསྙེན་ཆེན་པོ་སྔོན་འགྲོ་དང་བཅས་པ་ལོ་ཕྱེད་གསུམ་ཙམ་མཛད། སྤྱི་བཀའ་དང་ཟུར་བཀའི་དཀྱིལ་འཁོར་བརྒྱ་ཕྲག་མང་པོ་ལ་ལས་རུང་གི་བསྙེན་པ་ཁ་སྐོང་སྦྱིན་སྲེག་དང་བཅས་པ་ཕལ་ཆེར་མ་གནང་བ་མེད་ཅིང༌། སྔོན་གྱི་དམ་པ་རྣམས་ཀྱི་སྒྲུབ་གནས་རྣམས་སུ་ཡང་ཡང་བྱོན་ཏེ་ཐུགས་དམ་རྣལ་འབྱོར་གྱི་རིམ་པ་སྐུ་ཉམས་སུ་བསྟར་བ་སོགས་ཕལ་པའི་བློ་ཡུལ་ལས་འགོངས། མདོ་ཁམས་སྒང་དྲུག་དང༌། དབུས་གཙང་རུ་བཞི་སོགས་སུ་སྐལ་ལྡན་གྱི་གདུལ་བྱ་གྲངས་ལས་འདས་པ་ལ་འཆད་པ་དང༌། རྩོད་པ་དང༌། རྩོམ་པའི་འཕྲིན་ལས་མི་རྟོག་ལྷུན་གྲུབ་ཀྱི་གཏེར་བརྡོལ་བས་ལྔ་བདོའི་དུས་འདིར་རྒྱལ་བསྟན་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པ་ནི། གསུང་འབུམ་གླེགས་བམ་ལྔ་དྲུག་ཙམ་བཞུགས་པ་ལ་གཟིགས་ན་རྣམ་དཔྱོད་ཅན་གྱིས་བདེ་བླག་ཏུ་འཚལ་ལོ།། མཁས་པའི་ཡོན་ཏན་དེ་ལྟར་ལ། བཙུན་པའི་ཡོན་ཏན་ནི། སོ་ཐར་ལ་ཕམ་ལྷག་སོགས་རགས་པ་ལྟ་ཅི། ཐ་ན་སྦྱིན་སྲེག་གི་མེ་རེག་ལའང་དུས་ཀྱི་དྲན་པ་བསྟེན་ཅིང༌། རུང་ཁང་དང་སྤང་ལྟུང་བྱིན་རླབས་སོགས་འདུལ་བའི་དགོངས་པ་ཇི་ལྟ་བ་བཞིན་མཛད་ལ། ཕྱི་དྲོའི་ཁ་ཟས་བག་ཙམ་ཡང་མི་གསོལ། བྱང་སྔགས་གཉིས་ལ་རྗེ་རང་གི་སྡོམ་ཚིག་དང་འབྲེལ་བསྔོ་བགྲང༌། ཡིག་བརྒྱ་ཉེར་གཅིག་རེ། ཕུང་པོ་གསུམ་པ། སྤྱི་བཤགས་བཅས་ཉིན་རེ་ལན་གསུམ་གསུམ། སྐབས་སྐབས་སུ་བདག་འཇུག་བཞེས་པ་སོགས་ཀྱི་སྒོ་ནས་བཅས་མཚམས་ཕྲ་རགས་རྣམས་སྤྱན་འབྲས་ལྟར་སྲུང་ཞིང༌། ཡུལ་དུས་ཀྱི་དབང་གིས་འོས་མེད་དུ་བྱུང་བ་རྣམས་ཀྱང་འཕྲལ་འཕྲལ་ལ་བཤགས་ཏེ་སྡོམ་གསུམ་གང་ལའང་ལྟུང་བ་དང་ཞག་ཏུ་མི་འགྲོགས་པའི་རྣམ་ཐར་གཙང་མ་བདག་གིར་མཛད་པ་སྟེ། རྗེ་ཉིད་ཀྱི་ཞལ་ནས། སྔར་ན་ཚོད་ཕྲ་དུས་རྨི་ལམ་ཞིག་ལ་མགོ་ཐོག་ཏུ་གཏོར་རིལ་མང་པོ་ཧྲོབ་ཧྲོབ་བླུགས་པ་ཞིག་རྨིས་ཏེ་གཉིད་སད་པ་དང༌། ཉི་མ་ཡང་ཤར་ལ་ཉེ། དེ་ཉིན་དགེ་རྒན་བཀའ་དྲིན་ཅན་དེས་ངའི་མགོ་ལ་ཕྲེང་ལྕག་ཅིག་བརྒྱབ་པས་ཁྲག་ཐོན། དེའི་བཀའ་དྲིན་གྱིས་ད་ལྟ་ཚུལ་ཁྲིམས་ཅུང་གཙང་བ་བྱུང༌། རྨི་ལམ་དེ་ཡང་དེའི་ལྟས་སུ་གོ་ཞེས་གསུངས། བཟང་པོའི་ཡོན་ཏན་ནི། དུས་རྒྱུན་རྣམ་དཀར་ཕྲན་བུ་ལ་ཡང་བདག་གིས་དལ་འབྱོར་གྱི་རྟེན་ལན་གཅིག་ཐོབ་པའི་སྐབས་འདིར་འཁོར་བའི་གནས་ལ་མ་ཆགས་པར་མ་རྒན་སེམས་ཅན་ཐམས་ཅད་མྱུར་དུ་འཁོར་བའི་བཙོན་ར་ལས་བསྒྲལ་བའི་ཕྱིར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱའོ། །ཞེས་ངག་ཏུ་གསུང་ཞིང་ཐུགས་བསྐྱེད་རྣམ་པར་དག་པའི་རྩིས་ཟིན་པར་མཛད། སྦྱིན་བདག་ཕྱུག་དབུལ་དང༌། ངོ་ཆེ་ཆུང་གི་ཁྱད་འབྱེད་གཏན་ནས་མི་མངའ་ཞིང༌། ལྷག་པར་དབུལ་པོ་དང༌། སྐྱུག་བྲོ་བའི་གནས་རྣམས་ལ་དགྱེས་པ་ཆེན་པོའི་གསུང་གིས་དབུགས་དབྱུང་གནང༌། ལོངས་སྤྱོད་ཆེ་བ་དང༌། མཁས་དྲག་དག་ལ་ངོ་འགྲོ་དང༌། ངོ་སྲུང་གི་དྲི་ཙམ་ཡང་མི་མཛད་པར་ཐད་ཀར་ཐད་ཀར་མཛེས་མཚོན་མེད་པའི་གསུང་ཞགས་ཤར་མར་འབེབས། དད་འབུལ་བྱུང་བ་འདི་སྐད་དུ། ཀྱེ་མ་ཀྱི་ཧུད་ཁོང་རྣམས་ཀྱིས་བདག་ལ་རེ་བ་ཆེན་པོ་ཞིག་བྱས་ནས་སྤྲད་པའི་ནོར་འདི་དག་ངས་ཀྱང་ཞིང་དམ་པ་ཞིག་ལ་གཏོང་དགོས་ཀྱི། བར་མ་དོར་ཆུད་ཟོས་སུ་བྱེད་ག་ལ་རུང་གསུང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཐུགས་རྒྱུད་ཡོངས་སུ་གང་བས། སྐུ་གསུང་ཐུགས་ཀྱི་སྤྱོད་པ་མཐའ་དག་ཡིད་དུ་འོང་བ་དང་ཞལ་གྱི་དཀྱིལ་འཁོར་མཇལ་བ་ཙམ་གྱིས་མཐོན་པོའི་གོ་སར་འགྱིང་བའི་མ་རུངས་པ་འདུལ་དཀའ་བ་དང༌། གྲུབ་མཐའ་རིས་སུ་ཆད་པའི་ཁེངས་དྲེགས་ཅན་རྣམས་ཀྱང་མོད་ལ་དད་གུས་རང་དབང་མེད་པར་སྐྱེ་བ། ཕྱོགས་གང་དུ་བྱོན་ཀྱང་སྐྱེ་བོའི་ཚོགས་འབུམ་ཕྲག་མང་པོས་གདོང་མཆི་མས་གཡོགས་བཞིན་བསུ་བསྐྱེལ་བྱེད་ཅིང༌། བྱིས་པ་བསམ་མེད་དག་ཀྱང་ཞལ་མཐོང་བ་ན་ཡིད་འགྱུར་ཏེ་མ་བུ་འཕྲད་པ་ལྟར་དུང་སེམས་ཀྱིས་ངུ་བ་དང༌། དུད་འགྲོ་ཁྱི་ལྟ་བུས་ཀྱང་དད་གུས་ལྷུར་ལེན་པ་སོགས་བདག་ཉིད་ཆེན་པོའི་ངོ་མཚར་ཚུ་རོལ་མཐོང་བའི་བློ་གྲོས་ཀྱིས་དཔག་པར་དཀའ་བ་ཆེས་མང་དུ་སྣང༌། དེ་ལྟར་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་སོགས་དམ་པའི་དཔལ་ཡོན་གཞན་འགྲན་མ་མཆིས་པའི་མགོན་པོ་འདི་ལ་འཛམ་གླིང་མཐའ་དབུས་ནས་སློབ་མ་འདུས་པ་ནི། འཇིགས་བྱེད་བསྙེན་ཆེན་གྲུབ་པ་གཅིག་པུ་ཡང་སྟོང་ཕྲག་ལས་བརྒལ་ན། གཞན་ལྟ་ཅི་སྨོས། ཞག་གཅིག་བཞུགས་སར་ཡང་གནས་ཁང་བྱི་དོར་དང་འབྲེལ་འབྲལ་སྤང་ཐུབ་དབང་གི་སྤྱན་སྔར་ཡོན་ཆབ་མར་མེ་བདུག་སྤོས་སོགས་གཙང་ཞིང་ཡིད་དུ་འོང་ལ་དྲི་བསུང་ཆིང་ངེ་བའི་ངང་ནས་བཞུགས་མལ་དུ་སྐྱིལ་ཀྲུང་ལིང་ངེར་མབྲསྤྱལ་ཁྲོལ་ཁྲོལ་འབུལ་གྱིན་ཞལ་འདོན་གནང་བ་ལས། རྒྱབ་ཉལ་འཕྲེད་ཉལ་སོགས་བག་ཡངས་ཀྱི་རྣམ་འགྱུར་ཕྲ་མོ་ཙམ་ཡང་སྐུ་དྲུང་ན་འཁོད་པ་སུས་ཀྱང་མཐོང་མ་མྱོང༌། སྤྱོད་ལམ་རྣམ་བཞིར་ངག་བཀྱལ་གྱི་གནས་མི་སྲིད་ཅིང༌། ཆིབས་ཐོག་ཏུའང་བརྒྱད་སྟོང་དང༌། ལམ་རིམ་ཆུང་བའི་ཕྱག་དཔེ་བཞེས་ཏེ་གསུང་བཞིན་བྱོན། དགུན་དུས་ཁ་ལྷགས་ཤིན་ཏུ་ཆེ་བས་རྟ་ཐོག་ནས་སྡོད་མི་ཚུགས་པ་ལྟ་བུའི་སྐབས་སུ་ཡང་ཕྱག་གཉིས་ཀྱིས་དཔེ་ཆ་མཚན་པ་རེ་མཐོན་པོར་བཏེགས་ཏེ་ཞལ་འདོན་གནང་བཞིན་པར་ཕེབས་པ་སོགས་ནི། ཕན་བདེའི་རྩ་ལག་རྒྱལ་བ་སྲས་བཅས་ཀྱི་མཛད་ཁུར་ཡོངས་སུ་རྫོགས་པའི་རྣམ་ཐར་ཏེ། ཆེན་པོར་རློམ་པ་ཕལ་དང་ཕལ་གྱི་དོ་ཟླ་མ་ལགས་སོ། །ཚུལ་ཁྲིམས་ཀྱི་དྲི་ངད་ཉེ་སྐོར་ཀུན་ཏུ་ཁྱབ་པ་མངོན་སུམ་ཚད་གྲུབ་དང༌། མཚན་མོ་ཕལ་ཆེར་གཟིམས་མི་སྲིད་པ་ལྟ་བུ་ཡིན། ཏིང་འཛིན་དག་པའི་གཟིགས་སྣང་དང༌། ས་ལམ་སྤངས་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་ཡང་ཞལ་བཞེས་མི་མཛད་པས་འབྲི་བར་མ་སྤོབས།



༦ རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་དགོངས་པ་ ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་དང༌། རྗེས་འཛིན་སློབ་མ་ རྣམས་ཀྱིས་རྣམ་དཀར་དགེ་སྒྲུབ་རྒྱ་ཆེར་བྱས་པའི་ཚུལ།

མེ་བྱ་༡༨༩༧ཧོར་ཟླ་བཅུ་གཅིག་པའི་ཉེར་བཞིའི་ཉིན་ཕྱེད་མ་ཟིན་ཙམ་ནས་སྙུན་བབས་ལྕི་བའི་ཚུལ་བཞེས་ཏེ་གསུང་མ་གནང་བས་འཕྲལ་དུ་ཞབས་གྲས་རྣམས་ཅི་བྱ་གཏོལ་མེད་པར་གྱུར་ཏེ། ཇོ་ཤཱཀ་རྣམ་གཉིས་དང༌། རང་བྱོན་ལྔ་ལྡན་སོགས་ལ་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་ནན་ཏན་བཏབ། སྙན་ཤལ་རྣམས་ལ་རྗེ་ཉིད་ནས་གསུང་མ་བྱོན་ཀྱང་དབུ་གཏུགས་ཏེ་ཐུགས་སྨོན་གནང༌། སྐྱབས་མགོན་རྩེ་ཤོད། ཡོངས་འཛིན་རྣམ་གཉིས། དགའ་ལྡན་ཁྲི་རིན་པོ་ཆེ་གདན་ཟུར་སོགས་ལ་ཡང་ཐུགས་བརྟག་ཞུས་པར། ཕུར་ལྕོག་ཡོངས་འཛིན་རིན་པོ་ཆེས། ཁྱེད་དད་ལྡན་གྱི་གདུལ་བྱ་ཀུན་ནས་རྗེ་ཉིད་ལ་ཕྱག་འཚལ་ཞིང་གསོལ་བ་ནན་ཆེར་བཏབ་ན་འབྱོན་བཞུད་ཀྱི་མཛད་པ་མཐའ་དག་རྗེ་རང་ཉིད་ཀྱི་ཕྱག་ཏུ་༢ཡོད་པར་ངེས་པས་ཐུགས་རྗེ་འདྲ་གཟིགས་རོགས་མཛད་ཨེ་འོང༌། གཞན་ཁོ་བོ་ཅག་གིས་མོ་བཏབ་པས་ཅི་ཡང་བྱེད་རྒྱུ་མེད་ཅེས་གསུངས། ཚེས་ཉེར་ལྔ་ལ་སེར་འབྲས་ཚོགས་ཆེན་གཉིས་སུ་མང་ཇ་གསུམ་རེ་དང༌། སྐུ་འགྱེད་ཊཾ་རེ་ཕུལ། སེར་འབྲས་ཁམས་ཚན་གཉིས་ལའང་ཚོམས་ཇ་སྐུ་འགྱེད། ཇོ་ཤཱཀ་རྣམ་གཉིས་རྩེ་འཕགས་པ་སོ་སོར་སྟོང་མཆོད། དགའ་ལྡན་ཚོགས་ཆེན་ལ་མང་ཇ་དང༌། སྐུ་འགྱེད་ཊཾ་རེ། རྣམ་གྲྭར་ཚོམས་ཇ་སྐུ་འགྱེད། དགའ་ལྡན་གསེར་གདུང་རིན་པོ་ཆེར་སྟོང་མཆོད། ཏྲེ་བོ་ཁམས་ཚན་ལ་ཚོམས་ཇ་སྐུ་འགྱེད་བཅས་ཕུལ་ཏེ་ཞབས་བརྟན་རིམ་གྲོ་རྒྱ་ཆེར་བསྒྲུབས། ྋགོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་ནས་མཇལ་དར་དང༌། གསུང་མདུད་སྩལ་ཏེ་བསྟན་འགྲོའི་མགོན་དུ་ཞབས་པད་བསྐལ་བརྒྱར་བརྟན་དགོས་ཤིང༌། ཁྱེད་ཀྱིས་བསྟན་འགྲོའི་དོན་རླབས་ཆེན་མཛད་པ་ལ་ཁོ་བོས་ཀྱང་གཟིགས་པས་བསྐྱང་ཆོག་ཅེས་ཕེབས་མོད། སྔགས་མདུད་དབུར་གཏུགས་ཏེ་ཐུགས་སྨོན་མཛད་པ་ཙམ་ལས་སྙུན་གཞི་དྭངས་སྐྱེད་མ་བཞེས། སྐྱབས་མགོན་རྒྱལ་བའི་དབང་པོར་མཇལ་དར་ནང་མཛོད་རྩེར་སོན་དང༌། མབྲསྤྱལ་རྟེན་དོད་ཊཾ་སྲང་བཅོ་ལྔ་ཕུལ་ནས་ཟློག་ཐབས་རིམ་གྲོ་གང་ལེགས་ཀྱི་ཐུགས་བརྟག་ཞུས་པར། ཞབས་གྲས་རྣམས་ནས་གསོལ་བ་ནན་ཏན་བཏབ་པ་དྲག་ཅེས་ཕེབས། ཏྲེ་བོ་བཀའ་འགྱུར་བླ་མ་རིན་པོ་ཆེ་དང༌། གཟིམས་འགག་སོགས་ནས་མབྲསྤྱལ་རྟེན་གསུམ་ཕུལ་ཏེ་ཕྱག་འཚལ་དང་འབྲེལ་བས་ཞབས་པད་བརྟན་པར་གསོལ་བ་ཤུགས་དྲག་བཏབ་ཀྱང་ཞལ་བཞེས་མ་གནང༌། རྒྱུད་སྨད་གྲྭ་ཚང་ལས་སྣེ། འབྲས་ཏྲེ་བོ་རྒན་སྤྱི། སེ་ར་ཏྲེ་བོ་ཁམས་ཚན། དགའ་ལྡན་ཏྲེ་བོ། བརྒྱ་དཔོན་ཚང་སོགས་ནས་ཀྱང་རྟེན་དོད་དངུལ་འབུལ་དང་བཅས་གསོལ་བ་ཕུར་ཚུགས་སུ་བཏབ་ཀྱང༌། ཞལ་མཇལ་ཙམ་ཡང་མ་གནང་ཞིང༌། བཀའ་འགྱུར་བླ་མ་རིན་པོ་ཆེ་དང༌། གཟིམས་འགག་སོགས་ཀྱིས་གནས་ཆུང་ལྕོག་ཏུ་བསྟན་སྲུང་དགྲ་ལྷ་ཆེན་པོར་ལུང་ཞུ་སྙན་དུ་གསོལ་མ་ཐག་སྐུ་རྒྱབ་ཏུ་འགྱེལ། སླར་ཡང་བཞེངས་ནས། ཧྲིའཿ རྗེ་ཡི་སྐུ་ལ་སྐྱེ་འཆི་མི་མངའ་ཡང༌། །སྐུ་འཚོ་ཤིན་ཏུ་དཀའ་ཞེས་དྲེགས་པའི་ངག །ཞེས་སོགས་ཕེབས་ཏེ་རིམ་གྲོ་འགའ་ཞིག་སྩལ། ལྷག་པར་འབྲས་ཏྲེ་བོ་ནས་གང་འོས་ཀྱི་ཞབས་རིམ་ཉིན་མཚན་རྒྱུན་མི་ཆད་དུ་བསྒྲུབས་ཤིང༌། དགའ་ལྡན་ཏྲེ་བོ་ནས་ཀྱང་དེ་བཞིན་མཛད་ཀྱང་སྐུ་ཁམས་དྭངས་བསྐྱེད་གང་ཡང་མ་བྱུང༌། ༧གོང་ས་མཆོག་ནས་སངས་རྒྱས་འོད་སྲུང་གི་འཕེལ་གདུང༌། རྟེན་འདུས། ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་ཤ་བཅས་སྩལ་བས། རྗེ་ཉིད་ནས་འཕེལ་གདུང་དང༌། རྟེན་འདུས་ཞལ་དུ་བཞེས་ཏེ་ཐུགས་སྨོན་ཡུན་རིང་གནང༌། ཨ་ནེ་བློ་བཟང་ཆོས་སྒྲོན་གྱིས་ཧ་ཅང་སྐུ་ན་བགྲེས་པ་དང༌། ཉམ་ཐག་པའི་ངང་ནས་ཞབས་པད་བརྟན་པར་གསོལ་བ་བཏབ་ཀྱང་གསུང་གཏན་ནས་མ་བྱོན་ཞིང༌། ཕྱག་གཡོན་པས་ཕྱག་མཛུབ་རྗེ་རང་ཉིད་ཀྱི་ཐུགས་ཀར་གཏད། སླར་ཨ་ནེ་ལ་གཏད་པས། ཞབས་གྲས་རྣམས་ཀྱིས་ཨ་ནེ་ལ་བྱམས་སྐྱོང་ལེགས་པར་གྱིས་གསུང་པའི་བརྡར་གོ་སྟེ། རིན་པོ་ཆེ་སྐུ་མ་འཚོ་ན་ཨ་ནེ་ལ་ཐུགས་འཚེར་གཏན་ནས་གནང་མི་དགོས་ལགས་ཞུས་པར། འཕྲལ་དུ་བརྡ་དོན་མ་གོ་བའི་ཉམས་ཀྱིས་ཧེ་ཧེ་ཞེས་བཞད་མོ་ཞིག་གནང༌། གསུང་སྔ་ཕྱི་འདི་དག་ལ་དཔག་ན། ཨ་ནེ་ལ་ཕྱག་མཛུབ་གཏད་པ་དེ་ངེས་པར་སྐུའི་ཡང་སྲིད་རྗེ་རང་ཉིད་དང་གདུང་རུས་གཅིག་པ་ལ་འབྱོན་པའི་བརྡ་མཛད་པར་གསལ། ༡༨༩༧ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི་ཉི་དྲོས་སྔ་ཆ་ཙམ་ལ་སྐུ་མདུན་ན་ཞབས་གྲས་བ་ཆོས་གྲགས་ཡོད་པ་ཅུང་ཟད་གཉིད་སོང་བས་ཟ་ཟིའི་ངང་དུ་ཞིང་སྐྱོང་ཀེང་རུས་གཟུགས་ཅན་གཉིས་ཀྱི་ལག་ཏུ་དར་རིང་པོ་ཞིག་ཐོགས་ཏེ་གར་འཆམས་བྱེད་པ་ཞིག་སྐུ་གམ་ན་འདུག་པ་མཐོང་བས་ཤིན་ཏུ་སྐྲག་དངངས་ཀྱི་ངང་ནས་འཕྲལ་དུ་བལྟས་པས་གང་ཡང་མི་སྣང་ཞིང་རྗེ་ཉིད་ཀྱི་དབུ་དྲང་པོར་བསྲངས། ཕྱག་གཉིས་མཉམ་བཞག ཞབས་སེམས་དཔའི་སྐྱིལ་ཀྲུང་བཅས་ཐུགས་དམ་རྡོ་རྗེའི་རྣལ་འབྱོར་གྱིས་སྟོང་པ་གསུམ་རིམ་གྱིས་མངོན་དུ་མཛད་དེ་མི་ཤིགས་པ་རྡོ་རྗེའི་ཕོ་བྲང་དུ་སྒྲིབ་པ་མཐའ་དག་དང་བྲལ་བའི་དོན་དམ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མཛད་ཅིང༌། དེའི་ཚེ་སྐུའི་གཟི་བརྗིད་ཀྱི་མདངས་གསེར་གྱི་ཁ་དོག་ལྟ་བུ་ལྷམ་མེར་འབར་ཞིང་རྒྱས་པ། གཉེར་མ་དང་ཁམ་ཁུམ་སོགས་མེད་པར་གཞོན་ཤ་ཤིན་ཏུ་ཆགས་པ་ཞིག་ཏུ་གྱུར་ཏེ། རྡོ་རྗེ་འཆང་གི་དགོངས་པ་དང་མཐུན་པའི་གྲུབ་ཐོབ་རྩོད་མེད་ཀྱི་རང་རྟགས་བསྟན་པ་རིན་པོ་ཆེ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བ་དན་དུ་བཙུགས་སོ། །ཚེས་དྲུག་ནས་བཟུང་ནམ་མཁའི་ངོས་སུ་གདུགས་དང༌། རྒྱལ་མཚན་དང༌། མེ་ཏོག་ལ་སོགས་པའི་མཆོད་རྫས་བསམ་གྱི་མི་ཁྱབ་པ་དང༌། འཇའ་སྤྲིན་ཁ་དོག་སྣ་ལྔའི་འོད་ཕྲེང་མཚར་སྡུག་ཏུ་བཀྲ་བས་ལྷ་ལམ་གྱི་ཁྱོན་ཀུན་དོག་པོར་བྱས་ཤིང༌། ལྷ་དང་མཁའ་འགྲོའི་འཕྲོ་འདུ་སྣ་ཚོགས་སོགས་ངོ་མཚར་བའི་ལྟས་མང་པོ་སྐྱེ་བོ་ཀུན་གྱི་མིག་གི་བདུད་རྩིར་ཅི་ཡང་འཛག་པར་གྱུར། ཉིན་གསུམ་གྱི་རིང་འོད་གསལ་ཐམས་ཅད་སྟོང་པའི་དབྱིངས་ལ་བཞུགས་རྗེས་སྟེང་འོག་གི་སྣ་རྩེ་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པ་དང་ཆབས་གཅིག་ཕུང་པོ་རྙིང་པོའི་ཟ་མ་ཏོག་ལས་སྒྱུ་འཕྲུལ་དྲ་བ་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་བཞེངས་ཏེ། དག་པ་མཁའ་སྤྱོད་དང༌། ཡིད་དགའ་ཆོས་འཛིན་སོགས་གང་བཞེད་ཀྱི་ཞིང་ཁམས་སུ་གདུལ་བྱའི་དོན་ལ་གཤེགས་སོ། ། སྨྲས་པ། སྨྲ་བའི་ཟླ་བ་འཇིག་རྟེན་གསུམ་གྱི་མིག ། མདོ་སྨད་བྱ་ལམ་ཡངས་པོར་འབར་བའི་གཟིས། ། འཛམ་གླིང་ནོར་འཛིན་མ་ལུས་གསལ་བྱས་ཀྱང༌། ། གློ་བུར་མི་རྟག་ཆུ་ལྷའི་ཁང་བར་གཟིམས། ། རྒྱུ་འབྲས་བདུན་གྱི་མགྱོགས་འགྲོས་ལེགས་དྲངས་ཤིང༌། ། གསང་གསུམ་ངོ་མཚར་འོད་རྣོན་འབུམ་དུ་འཕྲོ། ། སྐལ་ལྡན་གླིང་བཞིའི་པད་ཚལ་སྐྱོང་བའི་གཉེན། ། བསོད་ནམས་མ་ཡིན་ཐན་སྤྲིན་འཁྲིགས་པས་གཡོགས། ། ཀུན་བཟང་སྤྱོད་པའི་ཆ་ཤས་རེ་རེས་ཀྱང༌། ། གསོ་དཀའ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ནད། ། སེལ་མཛད་ཆིག་ཐུབ་སྨན་གྱི་ལྗོན་པ་ཆེ། ། སྙིགས་མ་ལྔ་བདོའི་རླུང་དམརའཚུབས་པས་འགྱེལ། ། ལྷ་དང་ཀླུ་ཡི་དཔལ་ཡང་ཟིལ་གནོན་པའི། ། གཏན་བདེའི་འདོད་རྒུ་ལྷུག་པར་འཇོ་བའི་ནོར། ། སྔོན་མེད་ཡིད་བཞིན་དབང་གི་རྒྱལ་པོ་གང༌། ། ཆུ་སྲིན་རྒྱལ་མཚན་ཌཱ་ཀིར་བརྫུས་པས་འཕྲོག ། ལམ་མཚོན་ཉི་མ་ནུབ་རིའི་ཕག་ཏུ་ཡིབས། ། བདུད་རྩིའི་ཆར་འབེབས་མ་རུངས་རཱ་ཧུས་བཟུང༌། ། རྔམ་ནག་མུན་དཔུང་རི་ཀླུང་མེད་པར་འཐིབས། ། ཀྱེ་མ་ཀྱི་ཧུད་ད་ནི་ཇི་ལྟར་བྱ། ། དད་པའི་མིག་ནས་མཆི་མ་འདྲིལ་བཞིན་དུ། ། ཡིད་དབང་གདུང་བའི་སྨེ་སྔགས་སྣ་ཚོགས་ཀྱིས། ། གཉིད་ཟས་བཏང་སྟེ་ཉིན་མཚན་དུས་དྲུག་ཏུ། ། རེ་བའི་མགོན་ལ་འབོད་པ་མ་དགོངས་སམ། ། རྒྱལ་བ་སྲས་དང་བཅས་པའི་མདུན་ས་རུ། ། མཁའ་ཁྱབ་སྐྱེ་རྒུ་འཁོར་བའི་རྒྱ་མཚོ་ལས། ། སྒྲོལ་བའི་དེད་དཔོན་བདག་གིས་བྱ་འོ་ཞེས། ། མ་བཅོལ་ཁུར་ཆེན་བླངས་པ་འདོར་རམ་ཅི། ། འོན་ཀྱང་མཁྱེན་བརྩེའི་ཆ་རྫོགས་བླ་མ་རྗེ། ། རྣམ་ཀུན་ཉེས་པའི་གོ་སྐབས་ག་ལ་ཞིག ། བདག་ཅག་སྐལ་བ་དམན་པས་ནོངས་ལགས་ཀྱི། ། རིང་མིན་སྤྲུལ་སྐུའི་འཛུམ་ཞལ་བསྟན་དུ་གསོལ། ། ཞེས་བྱ་བ་ནི། གདུང་བའི་དབྱངས་ཀྱི་ཚིགས་སུ་བཅད་པའོ། ། ཚེས་ལྔ་ནས་ཚེས་བཅུའི་བར་སྐུ་གདུང་རིན་པོ་ཆེ་བཞུགས་པའི་སྤྱན་སྔར་བཀའ་འགྱུར་བ་ཆེན་པོ་ཡོངས་འཛིན་བློ་བཟང་སྦྱིན་པ་དང༌། རྒྱུད་སྨད་དགེ་འདུན་བརྒྱད་བཅས་དཔོན་སློབ་དགུས་གསང་བདེ་འཇིགས་གསུམ་གྱི་བདག་འཇུག་དང༌། བླ་མཆོད་སྨོན་ལམ་སོགས་ཉིན་མཚན་ཀུན་ཏུ་རྒྱུན་མི་འཆད་པར་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་ཐབས་ལ་འབད་པར་མཛད། སྐབས་དེར་གླིང་ཡོངས་འཛིན་རིན་པོ་ཆེའི་གཟིམས་ལམ་དུ་རྗེ་འདི་ཉིད་ཇོ་མཇལ་ལ་ཕེབས་ཏེ་ཕྱིར་ཁྱམས་རའི་སྒོ་དྲུང་དུ་བྱོན་ནས་འདི་སྐད་ཅེས། ཁོ་བོའི་འདོད་པ་མ་གྲུབ་པ་ཅི་ཡང་མེད་ཅེས་གསུངས་ཤིང་ཀླུ་སྦུག་ཕྱོགས་ནས་ཡར་རྟ་པ་མང་པོའི་ཆིབས་སྐྱེལ་དང་བཅས་བདེ་ཆེན་བརྒྱུད་ཁམས་ལ་ཆིབས་བསྒྱུར་གནང་བ་ཞིག་རྨིས་འདུག ཚེས་དགུའི་ཉིན་གསུང་ཆོག་པ་སོགས་ཀྱི་རྣམ་རྒྱལ་བུམ་ཆུ་དང༌། སྨན་དང་དྲི་བཟང་སྣ་ཚོགས་པའི་ཆུས་བཀྲུ་བ་སོགས་བགྱི་བར་འོས་པའི་སྲི་ཞུ་མཐའ་དག་ལེགས་པར་བསྒྲུབས་ཏེ་ཚེས་བཅུའི་ཐོ་རངས་ལ་ཏྲེ་བོ་བཀའ་འགྱུར་བླ་མ་རིན་པོ་ཆེས་གཙོས་རྒྱུད་གྲྭའི་དགེ་འདུན་བརྒྱད་དང༌། འབྲས་ཏྲེ་བོའི་གྲྭ་མང་བཅས་ནས་སྐུ་གདུང་རིན་པོ་ཆེ་གདན་དྲངས་ཏེ་ཆུ་བཟང་རི་ཁྲོད་དུ་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་དང༌། ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་སོགས་སྐྱེས་མཆོག་དུ་མའི་རགས་སྐུའི་ཟ་མ་ཏོག་ཞུགས་འབུལ་བགྱིས་པའི་གནས་དེར་པུར་ཁང་ཚད་ལྡན་བརྩིགས་པའི་ནང་དུ་བཞུགས་སུ་གསོལ་ཞིང་འཇམ་དཔལ་དུས་དགྲའི་དབང་པོའི་སྒོ་ནས་སྦྱིན་སྲེག་ཕུལ། དེའི་ཚེ་ཐོག་མར་དུ་བ་ཁ་དོག་དཀར་ཞིང་དབྱིབས་ཞོ་གསར་སྤུངས་པ་འདྲ་བ་ཞིག་འབྲས་སྤུངས་ཕྱོགས་སུ་སོང༌། འཇའ་སྤྲིན་ཡིད་འོང་མཆོད་རྫས་ཀྱི་རྣམ་ཅན་ཁ་དོག་སྣ་ཚོགས་པས་ཕྱོགས་ཀུན་ཁྱབ་ཅིང༌། འགའ་ཞིག་ཐོལ་བྱུང་དུ་ཕར་སྐྱེལ་བ་དང༌། ཚུར་བསུ་བའི་རྣམ་འགྱུར་གྱིས་འཕྲོ་འདུ་བྱེད་པ་དང༌། པུར་ཁང་དུ་དྲི་བཟང་གིས་ཁྱབ་པ་སོགས་ངོ་མཚར་བའི་སྣང་ཚུལ་མཐའ་ཡས་པ་བྱུང༌། ཐུགས་ལྗགས་སྤྱན་གསུམ་གྱིས་མེ་མ་བཞེས་པར་ཡུན་རིང་བཞུགས། ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ། དེ་མོ་རིན་པོ་ཆེ། དགའ་ལྡན་ཁྲི་རིན་པོ་ཆེ་གདན་ཟུར། ཀུན་བདེ་གླིང་མཆོག་སྤྲུལ། ཚེ་ཆོག་གླིང་མཆོག་སྤྲུལ། ཚེ་སྨོན་གླིང་མཆོག་སྤྲུལ། ཤར་བྱང་ཆོས་རྗེ་རྣམ་གཉིས། གདན་ས་ཁག་གི་མཁན་པོ་གདན་ཟུར་སོགས་དབུས་ཕྱོགས་དང༌། པཎ་ཆེན་ཐམས་ཅད་མཁྱེན་པ། དངུལ་ཆུ་སྐུ་དབོན་བློ་བཟང་འཇིགས་མེད་དབང་པོ་སོགས་གཙང་ཕྱོགས་ཀྱི་བླ་མ་མང་པོར་ལྗགས་བསྔོ་དང༌། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ར་མོ་ཆེ། རྩེ་འཕགས་པ་ལྷ་ཁང་གསུམ་དུ་སྟོང་མཆོད། སྨོན་ལམ་ཆེན་མོར་མང་ཇ་དང༌། སྐུ་འགྱེད་ཊཾ་རེ། བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་ལ་མང་ཇ་ཉིན་འཁྱོངས་དང༌། སྐུ་འགྱེད་ཊཾ་རེ། གཞན་ཡང་རྫིང་ཕྱི་སོགས་ལྷོ་རྒྱུད་ཀྱི་རྗེའི་སྒྲུབ་གནས་རྣམས་དང༌། ཆོས་འཁོར་རྒྱལ། ཁྲ་འབྲུག རྩེ་ཐང༌། བསམ་ཡས། རྭ་སྒྲེང་སོགས་སུ་མཆོད་སྤྲིན་རྒྱ་ཆེན་དང༌། ཡི་དམ་མང་པོའི་བདག་འཇུག་སོགས་དགོངས་སྐྱོར་གནད་སྨིན་བསྒྲུབས་ཤིང༌། མདོ་སྨད་དུ་ཡང་དེ་བཞིན་བགྱིས། སྐུ་གདུང་རིན་པོ་ཆེ་མདོ་སྨད་ཕྱོགས་སུ་སྲི་ཞུ་ཕུན་སུམ་ཚོགས་པ་དང་བཅས་གདན་དྲངས་ཏེ་འབྱོན་དུ་ཉེ་བ་ན། བསམ་སྦྱོར་གཉིས་ཀྱི་ཚུལ་བཞིན་བསྟེན་པའི་ཐུགས་སྲས་དམ་པ་ནགས་ཚང་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བྱང་ཆུབ་ཆོས་འཕེལ་གྱིས་སྤོས་རིང་ཐོགས་ཤིང་སྤྱན་ཆབ་གསིལ་བཞིན་བསུ་བར་ཕེབས། གདུང་རུས་དབུ་གཙུག་ཏུ་བཀུར་ཏེ་བྱམས་སྐུ་རིན་པོ་ཆེའི་མདུན་དུ་སེངྒེའི་ཁྲིར་བཞུགས་སུ་གསོལ། གཟིག་རྒྱབ་སྤྲུལ་སྐུ། དགོན་ཡས་མས་ཀྱི་དགེ་བའི་བཤེས་གཉེན། སྔགས་རམས་པ། གྲྭ་མང་བཅས་ཡིད་དད་པ་དང་གདུང་བས་ནོན་བཞིན་གདུང་རུས་ལ་ཁྲུས་དང༌། བསངས་འབུལ་བ་སོགས་བཀུར་སྟི་ཆེན་པོས་གཡུ་ལོ་འཁྱིལ་གྱི་གཟིམས་མལ་དུ་སྤྱན་དྲངས། བྱམས་ཁང་དུ་ནགས་ཚང་སྤྲུལ་སྐུ་སོགས་དགེ་འདུན་བཅོ་ལྔ།། ཇོ་ཁང་དུ་གཟིག་རྒྱབ་སྤྲུལ་སྐུ། མཁར་གསར་སྤྲུལ་སྐུ། རབ་མཚར་བླ་མ་རིན་པོ་ཆེ་བློ་བཟང་བསྟན་འཕེལ་སོགས་དགེ་འདུན་བཅོ་ལྔས་མི་འཁྲུགས་པ། སྨན་བླ་གསང་འདུས། བདེ་མཆོག འཇིགས་བྱེད། དུས་འཁོར་ལ་སོགས་པ་རྒྱུད་ཆེན་མང་པོའི་དཀྱིལ་འཁོར་གྱི་བདག་འཇུག་བཞེས་ཏེ་དགོངས་པ་རྫོགས་པའི་སྨོན་འདུན་རྒྱ་ཆེར་གནང༌། དཀར་མཛེས་མདོ་སྔགས་གྲྭ་ཚང་ལ་དགོངས་རྫོགས་སུ་ལོ་ལྟར་གྲྭ་ཇ་ཉིན་འཁྱོངས་དང༌། སྟོང་མཆོད་ཀྱི་ཐེབས་རྩར་རྒྱ་དངུལ་རྡིལ་ཚད་ཉི་ཤུ་རེ་བཞག མདོ་སྨད་ལྗོངས་ཀྱི་བླ་སྤྲུལ་དགོན་སྡེ་རི་ཁྲོད་ཆེ་ཕྲ་ཀུན་ལ་དམ་པ་གང་གི་ཐུགས་ཀྱི་བཞེད་དོན་མཐའ་དག་བདེ་བླག་ཏུ་འགྲུབ་པ་དང༌། ཡང་སྲིད་འཁྲུལ་བྲལ་མྱུར་གསལ་སོགས་ཀྱི་ཆེད་དུ་མཆོད་སྤྲིན་གྱ་ནོམ་པ་བསྟར། དགའ་གདོང་ཆོས་སྐྱོང་ཆེན་པོར་ཡང་སྲིད་སོགས་ཀྱི་ལུང་ཞུ་ཕུལ་བའི་ཕྱིར་ཕེབས་སུ། ཧྲིའཿ རྣམ་འདྲེན་ཐུབ་དབང་རྒྱལ་སྲས་དང༌། ། རིན་ཆེན་རྣམ་གསུམ་པད་མཚོར་རོལ། ། སྙིང་རྗེ་ལྷ་མིག་མི་འཛུམ་པ། ། སྒྱུ་མའི་རང་མདངས་གཟུགས་སྐུའི་བཀོད། ། བདག་བསྐྱེད་གནས་ཀྱི་སླར་ཡང་གཟུགས། ། འཕགས་སྐྱེ་ཀློང་ནས་མ་དོར་བས། ། ཤར་ལྷོ་མཚམས་ནས་ཟླ་བའི་འོད། ། མཆོག་ཏུ་འཆར་བའི་ངོ་ཆེ་ཤར། ། རིམ་གྲོར་འཇིགས་བྱེད་ཆོ་ག་དང༌། ། གནས་བཅུ་རྒྱལ་བསྟན་འཛད་མེད་སོགས། ། གཞན་ཡང་ཏཱ་རེའི་བཞི་ཆོག་དང༌། ངས་ཀྱང་ལས་བཞིའི་འཕྲིན་ལས་བྱེད། ། ཅེས་སོགས་སྩལ། རྗེ་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་འཕྲིན་ལས་པ་བསོད་ནམས་དོན་འགྲུབ་ནས་ནགས་ཚང་མཆོག་སྤྲུལ་རིན་པོ་ཆེར་ཞུས་ཏེ་བྲག་མགོའི་མགར་བ་ཨོ་རྒྱན་སྐྱབས་ངོ་གཡོག་ནས་བླ་མ་རྡོ་རྗེ་འཆང་གི་བཀའ་དྲིན་བསམ་བཞིན་སྐུ་གདུང་མཆོད་རྟེན་དང༌། འདྲ་སྐུ་རིན་པོ་ཆེ་ཐིག་བཟོ་གང་ཅིར་ཕུན་སུམ་ཚོགས་པར་བཞེངས་པ་ན་རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་ཤིང༌། སྤྱན་དབྱེའི་ཆོ་ག་རྣམ་པར་དག་པས་བྱིན་རླབས་མི་ཟད་པའི་གཏེར་ཆེན་པོར་བསྒྲུབས་ཏེ་ལྷར་བཅས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དང་མིག་གི་བདུད་རྩིར་ལེགས་པར་བཞུགས་སོ། ། སྨྲས་པ། སྐལ་བཟང་མོས་པའི་ནོར་འཛིན་མར། ། བརྩེ་ཆེན་ཟླ་གཞོན་ཞུ་བའི་མཚོར། ། དཔལ་ལྡན་པུབྲསྤྱ་རིའ་ཀའི་ལྗོན། ། མཐོང་གྲོལ་མཚན་དཔེའི་ཚོམ་བུར་སྨིན། ། དོན་གཉེར་རྐང་པ་དྲུག་པའི་ཁྱུ། ། ལུང་རྟོགས་སྦྲང་རྩི་འཐུང་བའི་སླད། ། དད་བརྩོན་འཕུར་ལྡིང་རྣམ་འགྱུར་བརྒྱས། ། ཕྱོགས་ཀྱི་འཁོར་ཡུག་ཀུན་ནས་འདུ། ། དེ་ཚེ་རྟག་པར་འཛིན་པའི་གདོན། ། མེ་ཏོག་མདའ་ཅན་དཔུང་དང་བཅས། ། འཐོར་རླུང་དྲག་པོར་བརྫུས་ནས་ནི། ། འཇིག་རྟེན་གཞན་དུ་གཡོ་བར་བྱས། ། འོན་ཀྱང་མཆི་མའི་ཆར་པ་ཡིས། ། གདོང་གི་དཀྱིལ་འཁོར་བརླན་བཞིན་དུ། ། ཐུགས་དགོངས་རྫོགས་པའི་ཆོ་ག་དང༌། ། གདུང་བའི་གསོལ་འདེབས་འབུམ་ཕྲག་སྤོམས། ། ཞེས་བྱ་བ་ནི། བར་སྐབས་ཀྱི་ངལ་བསོ་བའི་ཚིགས་སུ་བཅད་པའོ། །ཞེས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་ལས། བོད་ཡུལ་དབུས་སོགས་སུ་བསྟན་འགྲོའི་དོན་མཛད་ཚུལ་འཕྲོས་དང་བཅས་པའི་སརྒ་སྟེ་བཞི་པའོ། ། མཇུག་བྱང༌། སྨྲས་པ། མཁྱེན་བརྩེ་ནུས་པའི་རྩེ་མོར་རབ་འཛེག་བླ་ན་མེད་ པའི་རིན་ཆེན་མཛོད། །དག་གསལ་གཉིན་པོ་བདེན་ གཉེས་རང་བཞིན་གང་ཞིག་གང་གིས་ཆགས་བྲལ་བ།། ཇི་ལྟ་ཇི་སྙེད་གཟིགས་པ་རྣམ་དག་རིག་གྲོལ་དཔལ་ དང་འབྱོར་པས་ཕྱུག །སྲིད་པའི་མཚོ་ལས་སྒྲོལ་བའི་ དེད་དཔོན་སངས་རྒྱས་ཆོས་དང་དགེ་འདུན་བསྔགས།། ཟག་ཟད་མཚན་གྱི་འོད་ཐིགས་ཕྲ་མོ་གང་དུ་ལྷུང་ བའི་ས་ཕྱོགས་དེར། །རྨོངས་མུན་སྟུག་པོའི་དཔུང་ ཆེན་དག་ཀྱང་ཀུན་ནས་འབྲོས་པ་ལྷུར་ལེན་ཞིང༌།། རབ་བསིལ་ཐུགས་རྗེའི་སྤྱན་རས་གཡོ་བས་འགྲོ་ལ་ རྟག་ཏུ་དགོངས་པ་ཅན། །ངོ་མཚར་གྲུབ་འཛིན་ ཞིང་གི་ཉི་མ་ལོ་ཀི་ཤྭ་ར་སྤྱི་བོར་བསྟེན། ། མདོ་རྒྱུད་བཀའ་དང་དགོངས་འགྲེལ་མ་ལུས་མང་དུ་ ཐོས་པས་ཐང་མར་བརྡལ། །ཐེག་གསུམ་དྲང་ངེས་ གསུང་རབ་མཐའ་དག་ཕྲ་ཞིང་བསམ་པས་གདམས་ པར་ཤར། །འཕགས་པ་དགྱེས་པའི་བསླབ་པའི་ཚུལ་ རྣམས་དུས་ཀུན་སྒོམ་པས་ཉམས་སུ་བླངས། །ཟབ་ གསལ་ཐོས་བསམ་སྒོམ་པའི་ལམ་ནས་གྲུབ་པའི་ སར་གཤེགས་བདག་གི་མགོན། །

བློ་གྲོས་བཟང་པོས་ཤེས་བྱའི་འཁོར་ཡུག་བརྒལ། ། ཚུལ་ཁྲིམས་གཙང་མས་མི་དང་མི་མིན་གནོན། ། བཤད་དང་སྒྲུབ་པས་བསྟན་པའི་རྒྱལ་མཚན་བསྒྲེངས། ། བློ་བཟང་རྒྱལ་བ་སླར་ཡང་བྱོན་པ་སྙམ། ། འཇམ་མགོན་བླ་མ་གང་ནས་གཤེགས་པའི་བཤུལ། ། འཁྲུལ་བྲལ་མ་ཚང་མེད་པ་ང་ཡིན་ཞེས། ། སྨྲ་དང་མཚུངས་པའི་མཛད་པའི་ཆ་ཤས་རེར། ། ཀུན་བཟང་སྤྱོད་པ་རྒྱ་མཚོའི་སྣང་བ་རྫོགས། ། མཚར་སྡུག་བདེ་ཆེན་འཁོར་ལོའི་དོ་ར་རུ། ། མཆོག་གི་གར་མཁན་རིག་འཛིན་བཅུ་ཕྲག་ལྔའི། ། དཔྱིད་གླུ་འདོད་རྒུར་མྱོང་བའི་སིམ་པ་བརྒྱས། ། མ་རིག་བམ་ཟའི་འཁྲུལ་པ་དབྱིངས་སུ་ཞིག ། བརྩེ་ཆེན་ཟླ་བ་ནོར་བུའི་འཁྲི་ཤིང་ལས། ། འཛག་པའི་ཡན་ལག་བརྒྱད་ལྡན་བདུད་རྩིའི་རྒྱུན། ། ཇིང་གིར་རིགས་ཀྱི་བུམ་པའི་ལྟོར་འཁྱིལ་བ། ། འཇིག་རྟེན་ལྷ་དང་བཅས་པའི་འདོད་འཇོར་གྲུབ། ། གླིང་བཞི་བྱེ་བ་ཕྲག་བརྒྱར་མགོན་འདིའི་ཟླ། ། དཔལ་གྱི་ལྕི་ཡང་མཉམ་ཉིད་ཚོལ་བའི་སླད། ། སྣང་བའི་མཛོད་ཟུང་ཉིན་མཚན་རེས་མོས་ཀྱིས། ། སོང་ཡང་མ་རྙེད་རྒྱུ་སྐར་མཁའ་ལ་བཀྲམ། ། འདི་ཡི་ལས་ཀྱིས་བདག་གི་སྤྱོད་ཡུལ་ནི། ། རིང་མིན་ལྷག་མ་མེད་པར་སྟོང་འགྱུར་ཞེས། ། ཆུ་སྲིན་རྒྱལ་མཚན་སྡེ་དང་བཅས་པའི་དཔུང༌། ། ཕྱོགས་དང་ཕྱོགས་ནས་ས་འཛིན་རྣམ་པར་སྲུང༌། ། ཡབ་རྗེ་སྨྲ་བའི་ཉི་མ་ནུབ་པ་ན། ། དད་ལྡན་མྱ་ངན་སྤྲིན་གྱི་ཀློང་ཡངས་ལས། ། མཆི་མའི་དྲག་ཆར་ལྷུག་པར་བབ་པའི་ཚེ། ། ལུས་མེད་བདག་པོ་དགའ་བའི་འབྲུག་སྒྲ་སྒྲོག ། འོན་ཀྱང་མཛད་པ་ཐ་མས་བགྲང་ཡས་འགྲོ། ། ཐར་པའི་ལམ་ལ་ཁྱུ་ལྡིང་བྱས་པ་དང༌། ། ཡང་སྲིད་ནམ་མཁའི་ནོར་བུ་འཆར་མཐོང་ནས། ། རང་གི་མལ་ན་གདུང་བས་ཤུགས་རིང་འབྱིན། ། དེ་ལྟར་བསྔགས་འོས་བླ་ན་མེད་པའི་དཔལ། ། སྙན་ངག་དབྱངས་ཅན་མགྲིན་པའི་གླུར་ལེན་པར། ། ལྕེ་དབང་སྐལ་པ་ཐུང་དུར་མ་གྱུར་པའི། ། ཚུལ་འདིས་ཞི་བར་རེ་བའི་གོམ་པ་དོར། །

འདིར་འབད་བསོད་ནམས་གངས་རིའི་ཏོག་ལ་ཟླ་ ཟེར་གསར་པ་ལྷུང་བ་དང༌། །རབ་དཀར་དུང་གི་ ལྷུན་པོའི་འགྲམ་པར་འོ་མའི་མཆོད་ཡོན་འཐོར་འདྲ་ ངེས། །དག་དང་མ་དག་མཁའ་ཁྱབ་སྐྱེ་བོས་སྲས་ བཅས་རྒྱལ་བའི་དགོངས་པ་བཞིན། །ཡིད་འོང་མཁོ་ རྒུའི་འབྱོར་པ་སྣ་ཚོགས་ལག་པའི་མཐིལ་དུ་སྟོབ་གྱུར་ཅིག། ངེས་དོན་ཕན་བདེའི་རྩ་ལག་མཆོག་རྣམས་བཤད་སྒྲུབ་ གཙང་མའི་མེ་ལོང་གིས། །ཐུབ་བསྟན་བཞིན་རས་ སྐྱོང་བར་མི་གཡེལ་འཚོ་གཞེས་རྡོ་རྗེའི་རི་མོར་སྨིན།། འཆད་རྩོད་རྩོམ་ངག་ཚིག་སྤྱིར་མ་སོང་འཇིགས་བྲལ་ སེངྒེའི་ང་རོ་བཅས། །མི་མཐུན་བདུད་ལས་རྣམ་པར་ རྒྱལ་བའི་བ་དན་མཆོག་ཏུ་མཛེས་གྱུར་ཅིག། ཡངས་པའི་ནོར་འཛིན་ཁྱོན་ན་སྤྱོད་པ་མཆོག་དམན་ བར་མའི་སྐྱེ་བོ་ཀུན། །ཕན་ཚུན་གཉེན་གྱི་མཛའ་བ་ ལྷུར་ལེན་བདེ་སྐྱིད་རྫོགས་ལྡན་གསར་བས་འཚོ། ། དགེ་བཅུའི་ལམ་ལ་གཅིག་ཏུ་གཞོལ་བས་ཀུན་གཟིགས་ ཞིང་དང་མངོན་དགའ་བཞིན། །ངོ་མཚར་དཔག་ཡས་ བཀྲ་ཤིས་རྒྱ་མཚོས་ལྷམ་མེ་ལྷང་ངེར་ཁྱབ་གྱུར་ཅིག།

 ཅེས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་འདི་ནི། མཆོག་གི་སྤྲུལ་སྐུའི་འཛུམ་ཞལ་གང་ལས་གྲོལ་བའི་མ་ཡུམ་དབྱངས་ཅན་མཁའ་འགྲོ། དགེ་རྒན་བློ་བཟང་བསྟན་འཛིན། ཕྱག་མཛོད་རིན་ཆེན་དར་རྒྱས་སོགས་ནས་མབྲསྤྱལ་རྟེན་གསུམ་དང་བཅས་ཡང་ཡང་ནན་ཏན་དུ་བསྐུལ་བའི་ངོར། འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་རབས་དགུ་བཅུ་པའི་མིང་འཛིན་ཤཱཀྱའི་དགེ་སྦྱོང་བྱམས་པ་ཆོས་གྲགས་ཞེས་བགྱི་བས། དད་ལྡན་འབུམ་ཤུག་ཆོས་གྲགས་ཀྱིས་ལྷ་རེག་ཨ་ཤེ། སྒྲོལ་སྐུ་ལི་མ། ཕྱི་སྒོར་བརྒྱད་ཅུ་བཅས་ཕུལ་ནས་ཞུས་པ་ལྟར་གཟིག་རྒྱབ་སྤྲུལ་སྐུས་ས་བོན་གྱི་ཡིག་སྣ་མང་པོ་ཕྱོགས་གཅིག་ཏུ་བསྒྲིགས་པའི་རྣམ་ཐར་གཞི་བཞག་ཏེ་དེར་མ་དག་པ་དགོས་མེད་ཀྱི་ཚིག་ཚོགས་ཆེ་བ་རྣམས་དོར་སྟེ་སློབ་བུ་རྣམ་དཔྱོད་ཅན་དག་གི་ཟིན་བྲིས་ཚད་ལྡན་གང་རྙེད་གཞིར་བཟུང༌། རང་གི་བློ་ངོར་ངེས་པ་འགའ་ཞིག་གིས་ཟུར་བརྒྱན་ཏེ་དང་བ་ཆེན་པོས་སྦྱར་བ་སིདྡྷི་རསྟུ།། །། 

༈ སྭ་སྟི། རྒྱལ་བསྟན་གྲུ་ཡིས་འགྲོ་ཀུན་སྲིད་མཚོ་ལས། །བརྒལ་ཏེ་རྣམ་མཁྱེན་ནོར་བུའི་གླིང་མཆོག་ཏུ། །སོན་ཕྱིར་ཏྲེ་ཧོར་ཁང་གསར་བླ་བྲང་ནས༌། །ཆོས་སྦྱིན་འཛད་མེད་འདོད་རྒུའི་ཆར་འདི་བབ། །དེ་ལས་བྱུང་བའི་དགེ་དང་དགེ་གཞན་མཐུས། །སྐྱེ་བ་ཀུན་ཏུ་རྗེ་བཙུན་བླ་མ་ཡིས།། འབྲལ་མེད་རྗེས་སུ་བཟུང་ནས་སྐུ་བཞིའི་སར། །མྱུར་བ་མྱུར་བར་བགྲོད་པའི་མཐུ་ཐོབ་ཤོག། ཛཡ༅ྣ༤།། །།


ཟུར་བཀོད། ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་བསྟན་པའི་ རྒྱལ་མཚན་དཔལ་བཟང་པོའི་གསུམ་འབུམ་ དཀར་ཆག།༡ སྔོན་འགྲོའི་ཆོས་དྲུག་ནས་གསང་ཆེན་རིམ་གཉིས་བར་ བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་བླང་ཚུལ་ཐུགས་རྗེའི་ ཞལ་གྱི་བུམ་བཟང་ལ། ༣༢ ༢ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་ པའི་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོའི་ཟིན་བྲིས་ཐེག་ཆེན་ གཞལ་མེད་ཁང་དུ་འཛེགས་པའི་བཻ་ཌཱུསྐྲཕྱའི་ཐེམ་སྐས་ཞེས་ བྱ་བ་ལས་བཤེས་གཉེན་ཚུལ་ཡན་གྱི་སྐོར་ལ། ༡༥༢ ༣ བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་ལན་ལྔ་བ་ཞུས་ སྐབས་ཀྱི་ཟིན་བྲིས་སྐུ་བཞིའི་གཞལ་མེད་ཁང་དུ་བགྲོད་ པའི་བཻཌཱུསྐྲཕྱ་སེར་པོའི་ཐེམ་སྐས་ལ། ༣༤ ༤ བྱང་ཆུམ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་ པར་བགྲོད་པའི་བདེ་ལམ་གྱི་ཟིན་བྲིས་བླ་མའི་གསུང་རྒྱུན་ དྲི་མ་མེད་པ་ཕན་བདེའི་ཆར་ཆེན་འབེབས་པའི་དཔག་ བསམ་ལྗོན་པ་ལ། ༣༩ ༥ དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རིམ་པ་དང་པོའི་ཟིན་ བྲིས་ཟུང་འཇུག་རིན་ཆེན་འདྲེན་པའི་ཤིང་རྟ་ལ། ༠༧ ༦ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་པའི་རིམ་པའི་དམར་ ཁྲིད་ཁྱེར་བདེ་བ་བདེ་འབྱུང་གཙུག་རྒྱན་ག་བུར་ཐིགས་པ་ལ། ༤༠ ༧ ཞལ་གདམས་རང་རྒྱུད་དུག་གསུམ་འཇོམས་པའི་བདུད་ རྩིའི་བུམ་བཟང་ལ། ༡༡

ཁ༽ དཀར་ཆག་ལ། ༢ ༡ བླ་མའི་རྣམ་འབྱོར་བྱིན་རླབས་བདུད་རྩིའི་སྦྲང་ཆར་ལ། ༤ ༢ ལམ་རིམ་དམར་ཁྲིད་ཐམས་ཅད་མཁྱེན་པར་འགྲོད་པའི་ མྱུར་ལམ་གྱི་ཟིན་བྲིས་ཕན་བདེའི་ཆར་ཆེན་འབེབས་པའི་ ཡིད་ནོར་ལ། ༧༢ ༣ མྱུར་ལམ་དམར་ཁྲིད་ཀྱི་ཟིན་བྲིས་གསེར་གྱི་ཤིང་རྟ་ལ། ༡༣༧ ༤ བླ་མའི་མན་ངག་བདུན་རྩིའི་ཐིགས་པ་ཉོན་མོངས་གདུང་ སེལ་ལ། ༥ ༥ འཆི་བ་མི་རྟག་པ་ལ་བློ་སྦྱོང་བའི་ཚུལ་རྟག་འཛིན་དགྲ་དཔུང་ འཇོམས་པའི་རུ་མཚོན་ལ། ༡༠ ༦ མབྲསྤྱལ་བཤད་པ་ནོར་བུའི་ཕྲེང་བ་ལ། ༡༠ ༧ མཎ་བཤད་གནང་བསྡུས་ལ། ༦ ༨ ཟབ་ལམ་བླ་མ་མཆོད་པའི་མན་ངག་སྙན་བརྒྱུད་ལག་ལེན་ བསྟར་བའི་རིམ་པ་ནག་འགྲོས་སུ་བཀོད་པ་ལ། ༣༢༢ ༩ དཔལ་དུས་ཀྱི་འཁོར་ལོའི་མཆོད་བརྗོད་ཚིགས་བཅད་ ཟུང་གི་འགྲེལ་བཤད་ལ། ༩ ༡༠ བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་ བའི་ཆོ་གའི་ཡན་ལག་ས་ཆོག་གི་སྐོར་སོགས་ནག་འགྲོས་ སུ་བཀོད་པ་བདེ་ཆེན་མྱུར་ལམ་ལ། ༨༡ ༡༡ དུས་འཁོར་དབང་ཆོག་ནག་འགྲོས་སུ་བཀོད་པ་ལ། ༢༨

ག༽ དཀར་ཆག་ལ། ༡ ༡ མཁྱེན་རབ་རྣམ་པར་བཀྲ་བ་བྲག་དཀར་སྤྲུལ་སྐུ་དང་ བརྒལ་ལན་འགའ་ཞིག་བགྱིས་པ་ལ། ༡༨ ༢ རྗེ་བཙུན་བླ་མ་དམ་པ་རྡོ་རྗེ་འཆང་བློ་བཟང་ཆོས་འཕེལ་ མཐུ་སྟོབས་རྒྱ་མཚོ་དཔལ་བཟང་པོའི་ཞབས་བསྟན་ སོགས་ཐོར་བུ་སྣ་ཚོགས་ལ། ༧༤ ༣ ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་བདེ་ཆེན་མྱུར་ལམ་ལ། ༥༠ ༤ ལམ་རིམ་བསྡུས་དོན་གྱི་ཟིན་བྲིས་བདུད་རྩིའི་སྙིངཔོ་ལ། ༡༦ ༥ ཟབ་མོ་དབུ་མའི་ལྟ་ཁྲིད་བདག་འདྲེན་དགྲ་འཇོམས་ལ། ༡༣ ༦ བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ བཤད་པདྨ་ར་གའི་ཕྲེང་བ། ༧ བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་ རྒྱལ་སྲས་འཇུག་ངོགས་ལས་རྩ་འགྲེལ་སོ་སོར་འབྱེད་པ་ ནག་པོ་འགྲོ་ཤེས་ཞེས་བྱ་བ་ལ། ༡༩༢ མཆན། དཀར་ཆག་འདི་ནི་ལྷ་ས་རྩེ་ཕོ་བྲང་གི་དཔེ་མཛོད་ན་ཡོད་པའི་གསུང་འབུམ་གྱི་ཐོ་གཞུང་ཕྱོགས་བསྒྲིགས་བྱས་པ། ྐགསུང་འབུམ་དཀར་ཆགས༽ཤོག་གྲངས་ ༧༩༥ནས་༧༩༧ བར་གསལ་ཞིང༌། གཞན་ཡང༌། སི་ཁྲོན་མི་རིགས་དཔེ་མཛོད་ཁང་གི་ནང་ཡོད་པའི་གསུང་འབུམ་ཀ་ཁོངས་བསྒྲིགས་པའི་ཐོ་གཞུང་ནང་དུའང་སྤྱོད་འཇུག་གི་འགྲེལ་པ་ནག་པོ་འགྲོ་ཤེས་ཞེས་པ་འདི་ཉིད་ལྷག་པ་ལས། གཞན་རྣམས་གཅིག་མཚུངས་སུ་འཁོད་འདུག །





༄༅༅། །ཁང་གསར་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ཐུབ་བསྟན་བློ་བཟང་འཇིགས་མེད་རྒྱ་མཚོ་ དཔལ་བཟང་པོ་མཆོག་གི་རྣམ་ཐར་སྙིང་བསྡུས།

རྩོད་དུས་འགྲོ་བའི་རྣམ་འདྲེན་ཟས་གཙང་སྲས། ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་གྲུ་འཛིན་མགོན། ། ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་པ། ། དབྱེར་མེད་རྗེ་བཙུན་བླ་མའི་ཞབས་ལ་འདུད། ། ཐུབ༵་བསྟན༵་འཛིན་ལ་བློ༵་བཟ༵ང་གྲགས་པ་བཞིན། ། འཇིགས༵་མེད༵་ལུང་དང་རིགས་པའི་མཁྱེན་རྒྱ་ཡངས། ། རྗེས་བརྩེ་རླབས་ཀྱིས་ས་གསུམ་བརླན་མཛད་པའི། ། ལུས་ཅན་རྒྱ༵་མཚོའི༵་མགོན་ལ་གསོལ་བ་འདེབས། །

ཞེས་ཤིས་པར་བརྗོད་པའི་ཚིག་གི་ཕྲེང་བས་སྔུན་བསུས་ནས་འདིར་ངེས་པ་དོན་དུ་འཕགས་མཆོག་འཇིག་རྟེན་མགོན་པོ་ཉིད་དྲང་དོན་གདུལ་བྱའི་སྣང་ངོར་རྣམ་གསུམ་ངུར་སྨྲིག་འཆང་བའི་བརྟུལ་ཞུགས་ལ་རོལ་བ། ཁང་གསར་སྐྱབས་མགོན་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་ཐུབ་བསྟན་བློ་བཟང་འཇིགས་མེད་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་པ་སྙིང་བསྡུས་ཤིག་བརྗོད་པར་བྱ་བ་ཡིན་ལ། དེ་ཡང་དམ་པ་འདི་ཉིད་ནི་བོད་ཆེན་པོའི་ཤར་ཕྱོགས་མདོ་ཁམས་ཟལ་མོ་སྒང་དང་ར་བ་སྒང་གི་བར་མདོ་ཁམས་ས་ལའི་ལྟེ་བ། ཧོར་སེར་ད་ར་ཁག་ལྔ་ལས་ཤིང་སཱ་ལ་ལྟར་མངོན་པར་མཐོ་བའི་དཀར་མཛེས་ནོར་བུའི་གླིང་ན་ཆེན་པོ་ཧོར་གྱི་གདུང་རྒྱུད་འཆང་བ། ཡུམ་ཁང་གསར་དཔོན་མོ་དབྱངས་ཅན་མཁའ་འགྲོ་དང༌། མདོ་ཁམས་ཟལ་མོ་སྒང་གི་འདབས་ན་དཔལ་དང་འབྱོར་པའི་གཟི་བྱིན་ཟླ་བ་ལྟར་ཚེས་པའི་ཡབ་ཨ་ཐུབ་ཚང་ཚེ་དབང་ཕུན་ཚོགས་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་ཁྱི་ ༡༨༩༨ ལོར་བཀྲ་ཤིས་པའི་ལྟས་དང་མཚན་མ་མང་པོ་དང་བཅས་ཡུམ་གྱི་མངལ་ནས་གནོད་པ་མེད་པར་འཁྲུངས། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེ་དང་འཕྲིན་དགའ་སྤྲུལ་སྐུ་གཉིས་ཀྱང་དམ་པ་འདི་དང་ཡབ་གཅིག་པའི་སྐུ་མཆེད་ཡིན། རྗེ་འདི་ཉིད་སྐུ་ན་ཆུང་དུས་ནས་དམ་པའི་རང་རྟགས་འབུར་དུ་ཐོན་པའི་མཛད་སྤྱོད་དང་ལྷ་དང་བླ་མའི་ལུང་བསྟན་རྩེ་མཐུན་བྱུང་བ་བཅས་ལ་བརྟེན་ནས། ཁང་གསར་སྐྱབས་མགོན་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་བྱུང་བ་ཡིན། དགུང་ལོ་ཆུང་དུས་ནས་དགེ་རྒན་བློ་བཟང་བསྟན་འཛིན་གྱི་དྲུང་ནས་ཡི་གེ་འབྲི་ཀློག་དང༌། ཐུན་མོང་རིག་གནས། ཆོས་སྤྱོད་ཆོ་ག་སོགས་ལ་གསན་སྦྱོང་རྒྱ་ཆེར་གནང་སྟེ་མཁས་པར་གྱུར། སྐབས་དེར་མན་ཇུ་གོང་མས་བོད་ཕྱོགས་མདོ་ཁམས་སུ་བཙན་འཛུལ་གྱི་ཇུས་ངན་བཏོན་ཏེ། དམག་སྤྱི་ཀྲོ་ཨར་ཕིང་གི་དྲག་པོའི་དཔུང་ཤུགས་ཀྱིས་སྡེ་དཔོན་འཐེན་ནས་གཞུང་དཔོན་བསྐོ་བཞག་བྱེད་པའི་ལམ་ལུགས་ལག་བསྟར་གྱིས་རེ་ཞིག་ཁང་གསར་དཔོན་ཚང་གི་གོ་ཐོབ་ལ་ཕམ་ཉེས་ཐེབས་པའི་རྐྱེན་གྱིས། དམ་པ་འདི་ཉིད་རེ་ཞིག་དབུས་སུ་ཆིབས་བསྒྱུར་གནང་རྒྱུ་ཕྱི་འགྱངས་བྱུང་བ་དང༌། དཀར་མཛེས་བཤད་སྒྲུབ་ནོར་གླིང་དུ་སྐུ་གོང་མའི་ཆོས་ཁྲི་ཐོག་མངའ་གསོལ་ཁྲི་འདོན་ཞུས། གོང་མའི་ཐུགས་སྲས་ནགས་ཚང་སྐུ་ཕྲེང་གསུམ་པ་བློ་བཟང་བྱང་ཆུབ་ཆོས་འཕེལ་དང༌། འཁྲུངས་གསར་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་གྱི་དྲུང་ནས་ཚེ་དབང་དབང་དང་ལམ་རིམ་སོགས་མདོ་སྔགས་ཀྱི་བཀའ་ཆོས་དུ་མ་གསན། འདིའི་སྐབས་དབུས་འགྱུར་དག་པ་ལྷ་ཡི་ཞིང་ཁམས་དཔལ་ལྡན་འབྲས་སྤུངས་ཏྲེ་ཧོར་ཁང་ཚན་གྱིས་དམ་པ་འདིའི་སྐུ་ཚེ་མཛད་འཕྲིན་གྱི་ཆེད། མོ་ལུང་གསུང་བརྟག་གང་དྲག་བྱས་འབྲས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་འདོན་དང༌། དྲུག་ཅུ་མ་འབུམ་ཐེར་བབ་པ་ལྟར། ཁང་ཚན་སྤྱི་སོ་ནས་བསྒྲུབས་པར་མ་ཟད། དམ་ཅན་ཆོས་ཀྱི་རྒྱལ་པོའི་འཕྲིན་བཅོལ་བསྡུས་པ། སྟོབས་ཆེན་གཤིན་རྗེའི་རྒྱལ་པོ་འཁོར་བཅས་ཀྱིས། ། ཨ་ཏི་ཤཱ་དང་བློ་བཟང་གྲགས་པ་དང༌། ། རྩ་བའི་བླ་མ་ཁང་གསར་སྐྱབས་མགོན་གྱི། ། བསྟན་ལ་གནོད་པའི་དགྲ་བགེགས་ཚར་བཅད་ལ། ། བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་བར་མཛོད། ། ཅེས་པ་ཚོགས་སུ་འདོན་སྲོལ་བཙུགས་པ་ནས་ད་ལྟའི་བར་དུ་འདོན་སྲོལ་དུ་འཇགས༌། །བླ་མ་ལྷ་སྲུང་གི་བྱིན་མཐུ་དང་འབྲེལ་ཡོད་དགེ་འདུན་འདུས་པའི་ཐུགས་སྨོན་གྱི་བདེན་སྟོབས་ལ་བརྟེན་ནས། ཀྲོ་ཨར་ཕེང་གི་དྲག་གནོན་དང་བཀག་རྒྱའི་འོག་ནས་རབ་བྱུང་བཅོ་ལྔ་པའི་ཆུ་གླང༌། སྤྱི་ལོ་༡༩༡༣ དགུང་ལཽ་བཅུ་དྲུག་པར་སྟོན་འཁོར་མང་པོ་དང་བཅས་དབུས་འགྱུར་དམ་པའི་ཞིང་སར་ཕེབས་ཏེ་དབུས་གཙང་ཁུལ་གྱི་ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་གཙོ་ཁག་ལ་མཇལ་ཁ་དང་མཆོད་འབུལ་རྒྱ་ཆེར་བྱས་ནས། ལོ་དེར་བོད་གངས་ཅན་གྱི་ན་ལ༅ུ་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གི་སྒྲིགས་ཁུངས་སུ་ཆོས་ཞུགས་གནང་སྟེ། ཚོགས་ཆེན་དང༌། གྲྭ་ཚང༌། གདན་ས་གསུམ་ཀའི་ཏྲེ་ཧོར་ཁང་ཚན་བཅས་ལ་ཕལ་བའི་བློ་ལས་འགོངས་པའི་མཆོད་འབུལ་དང་གཏོང་རྩ་རྒྱ་ཆེར་གནང༌། རབ་བྱུང་བཅོ་ལྔ་པའི་ཤིང་སྟག་སྤྱི་ལོ། ༡༩༡༤ དགུང་ལོ་བཅུ་བདུན་ཐོག་ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་གསར་མཇལ་གྱི་གོ་སྐབས་གནང་བའི་སྐབས་ཐུགས་ཤིན་ཏུ་དགྱེས་ཚོར་ཆེན་པོས་མདོ་ཁམས་ཤར་ཕྱོགས་ཀྱི་ལུགས་གཉིས་ལ་སྨོན་པའི་ནང་མོལ་སློབ་སྟོན་རྒྱ་ཆེར་གསན་པའི་སྐལ་བ་ཐོབ། གདན་ས་ཆེན་པོར་སྒྲིག་ཞུགས་གནང་བ་ནས་བཟུང༌། མཁྱེན་རབ་རྒྱ་མཚོ་ལྟར་ཟབ་ཅིང་འཕྲིན་ལས་ནམ་མཁའ་ལྟར་ཡངས་པའི་གོ་བོ་མཁན་པོ་བློ་གྲོས་རྒྱ་མཚོ་དང་ཁྲི་ཆེན་བྱམས་པ་ཆོས་གྲགས་སོགས། བཀའ་མདོ་རྒྱུད་ཀྱི་དགོངས་དོན་མ་ལུས་པ་ཐོས་བསམ་སྒོམ་པའི་ཉམས་འོག་ཏུ་ཚུད་པ་བྱམས་པ་དང་འཇམ་དབྱངས་ལྟ་བུའི་དགེ་བའི་བཤེས་གཉེན་ཆེན་པོ་དུ་མའི་ཞབས་རྡུལ་འཁོར་ལོའི་རེ་ཁ་སྤྱི་བོར་བཀོད་དེ་བསྡུས་གྲྭ་ནས་བཟུང་ཕར་ཚད། དབུ་མ་འདུལ་མཛོད་སོགས་གཞུང་ཆེན་ཁག་ལ། སྐྱེས་སྦྱངས་ཀྱི་རྣམ་དཔྱོད་དང༌། གུས་སྟོབས་སྦྱོར་བའི་བརྩོན་འགྲུས་ཟུང་དུ་འབྲེལ་ནས། གསན་བསམ་རྒྱ་ཆེར་མཛད་པས། ངེས་དོན་མཁས་པའི་གོ་སར་སྙེགས། ། རབ་བྱུང་བཅོ་ལྔ་པའི་ས་རྟ་༡༩༡༨ དགུང་ལོ་ཉེར་གཅིག་པར་ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ ༡༩༢༤ དགུང་ལོ་ཉེར་ལྔ་པར་ལྷ་ལྡན་སྨོན་ལམ་ཆེན་པོར་གདན་གསུམ་མཁས་མང་ནམ་མཁའི་སྐར་ཚོགས་ལྟར་འདུས་པའི་དབུས་གཞུང་ལུགས་རབ་འབྱམས་སྨྲ་བའི་གྲྭ་སྐོར་མཛད་དེ་གཞུང་ལུགས་ཀྱི་གོ་བ་དང༌། ཁས་ལེན་གྱི་འཛིན་མཚམས། དགག་བཞག་གི་རྣམ་དབྱེ་གནང་ཚུལ་ལ་རྩོད་མེད་ཡོངས་སུ་གྲགས་པའི་མཁས་པ་ཀུན་གྱི་ཐུགས་ཡིད་རང་དབང་མེད་པར་ཕྲོགས། སྐྱབས་མགོན་ཐུབ་བསྟན་རྒྱ་མཚོ་དང༌། ཕ་བོང་ཁ་པ་བདེ་ཆེན་སྙིང་པོ། ཁྲི་ཆེན་བྱམས་པ་ཆོས་གྲགས། ལྕང་རྒྱབ་མཁྱེན་རབ་ཡོན་ཏན་རྒྱ་མཚོ། རྗེ་འཇིགས་མེད་བློ་གྲོས་རྒྱ་མཚོ་སོགས་དགེ་ལྡན་བསྟན་པའི་སྲོག་ཤིང་འཛིན་པའི་སྐྱེས་ཆེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ལམ་རིམ་དང་མདོ་རྒྱུད་དུ་མའི་དབང་ལུང་མན་ངག་རྗེས་གནང་སོགས་མཐའ་ཡས་པ་གསན། མཁས་བཙུན་བཟང་པོའི་མཚན་སྙན་ཡོངས་སུ་བདལ། རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ ༡༩༢༤ལོར་ཆོ་འཕྲུལ་སྨོན་ལམ་ཆེན་པོའི་ཚེས་བཅུ་གསུམ་ཉིན། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་ཚོགས་ཕེབས་གདན་འདྲེན་ཞུས་ཏེ་རྟེན་གསུམ་འདེགས་འབུལ་སྐབས། གསེར་གྱི་ཐུམ་བུ་ཁྱེར་མཁན་ཁོ་ན་མི་གྲངས་དོན་ལྔ་ཡོད་པའི་འབུལ་ཚན་བསམ་ཡུལ་དུ་མི་ཤོང་བ་ལྟ་བུ་བཏེགས་ཤིང༌། ཚོགས་སུ་སྔོན་བྱུང་མ་མྱོང་བ་ལྟ་བུའི་བག་ཚ་མར་ཁུའི་དགུང་ཚིགས་དང༌། དགེ་འདུན་རེར་དངུལ་དཀར་པོ་ཊམ་ཀ་རེའི་སྐུ་འགྱེད་ཕུལ། ལྷ་སྡོད་གཞུང་ཞབས་ཆེ་ཕྲ་ཀུན་ལ་གསོལ་ཚིགས་བརྒྱ་ཁོག་སྒྲིག་པ་སོགས་སྔོན་གྱི་རྒྱ་སོག་གི་བསྟན་པའི་སྦྱིན་བདག་ཆེན་པོ་ཚོས་ཀྱང་འགྲན་དཀའ་བའི་རྣམ་དཀར་གྱི་མཆོད་སྦྱིན་རྒྱ་ཆེར་གནང༌། ྋགོང་ས་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་ཤོག་གྲངས་༦༢༤་་་༦༢༥ལས། ཚེས་བཅུ་བཞི་ཉིན་དད་གཏོང་ཡངས་པ་ཏྲེ་ཧོར་ཁང་གསར་བླ་བྲང་ནས་གསོལ་བ་བཏབ་པ་བཞིན་ངུར་སྨིག་འཛིན་པ་ཁྲི་ཕྲག་གི་ཚོགས་མགོན་དུ་ཞབས་མཐིལ་བཀྲ་ཤིས་ཀྱི་རེ་ཁས་མཚན་པ་འགྱུར་མེད་རྡོ་རྗེའི་ཁྲི་ལ་མཛེས་པར་བཀོད་ཐོག མཚན་དཔེའི་དཀྱིལ་འཁོར་རྣམ་པར་གསལ་བས་ཕྱག་དབང་བྱིན་རླབས་དང༌། སྐྱབས་འགྲོའི་དབུ་བསྐུལ་མཛད་ཅིང༌། ཡོན་གྱི་བདག་པོ་ཁང་གསར་སྤྲུལ་སྐུ་ནས་ཞིང་ཁམས་རྒྱ་མཚོའི་བཀོད་པ་ཕྱག་ཏུ་ཐོགས་ཏེ་གསང་བ་གསུམ་གྱི་ཡོན་ཏན་རྨད་དུ་བྱུང་བའི་ཚུལ་བརྗོད་པ་སྔོན་དུ་བཏང་ནས། སྐབས་དོན་ཞབས་བརྟན་གསོལ་འདེབས་ཀྱི་སྙན་བསྐུལ་ཤུགས་དྲག་དང་བཅས་དངོས་འབྱོར་གྱི་ལེགས་འབུལ་སྤམས་མཐོ་བ་སྤྱན་ལམ་དུ་རིམ་བཞིན་བསྟར་ཞིང༌། འདུས་ཚོགས་སུའང་མང་འགྱེད་ཀྱི་སྲི་ཞུ་རྒྱ་ཆེ་བསྒྲུབས་པ་བཅས་ཀྱི་དགེ་རྩ་རྣམས་བྱང་ཆུབ་མཆོག་གི་རྒྱུར་སྒྱུར་བར་བྱེད་པའི་ཐབས་མཁས་དམ་པ་ལྗགས་བསྔོའི་མཚམས་སྦྱོར་མཐུན་འགྱུར་དང་འབྲེལ་བ་མཛད། ཅེས་གསུངས། ལོ་དེར་མདོ་ཁམས་འཛིན་མའི་བསོད་ནམས་ཀྱི་དཔལ་དུ། དམ་པ་གང་ཉིད་འཁོར་ལོ་གསུམ་གྱི་བྱ་བ་སྒྲུབ་པའི་ཕོ་ཉ་བ་སོགས་སྟོན་འཁོར་ཡོངས་རྫོགས་དཀར་མཛེས་ནོར་བུའི་གླིང་དུ་ཆིབས་བསྒྱུར་གནང༌། དཀར་མཛེས་བཤད་སྒྲུབ་ནོར་བུའི་གླིང་གི་འདུས་སྡེ་ལ་འགྱེད་དང་གཏོང་རྩའི་སྒོ་འཕར་ནམ་མཁའ་མཛོད་ལྟར་ཕྱེས་ཤིང༌། དེ་དང་སྐབས་བསུྟན་ནས་ནང་གི་བཤད་སྒྲུབ་འཆད་ཉན་དང༌། སྤོང་པ་བསམ་གཏན། ཕྱི་ཡི་བྱ་བ་ལས་ཀྱི་འཁོར་ལོ་སོགས་ཀྱིས་མཚོན། ཐ་ན་རུང་ཆུ་འདོན་པ་དང་ཆོ་ག་ཕྱག་ལེན་ཚུན་ཆད་ལའང་དམ་ཆོས་འདུལ་བའི་ལག་ལེན་དང༌། སྔོན་བྱོན་དམ་པའི་ཕྱག་སྲོལ་མ་ཉམས་པའི་ཐོག་ནས་དགོན་སྡེ་འདིའི་སྒྲིག་འཛུགས་དམ་འཛིན་རྒྱ་ཆེར་གནང༌། དེ་བཞིན་ཁང་དམར་དགོན། རྟ་འུ་དགོན། བྲག་མགོ་དགོན། བེ་རི་དགོན་སོགས་སུའང་གདན་ཞུས་ལྟར་མདོ་སྔགས་ཀྱི་བཀའ་ལུང་མན་ངག་རྒྱ་ཆེར་གནང༌། དཀར་མཛེས་ཉིན་སྲིབ་ཀྱི་རི་ཁྲོད་ཁག་རྣམས་ལ་སྒོམ་སྒྲུབ་ཉམས་ལེན་གྱི་གདམས་པ་རྒྱ་ཆེར་བསྩལ། རབ་བྱུང་བཅུ་དྲུག་པའི་མེ་ཡོས༌། ༡༩༢༧ དགུང་ལོ་སོ་གཅིག་པར་དགོས་དབང་གིས་དར་རྩེ་མདོར་ཕེབས་དགོས་བྱུང་ཞིང༌། སྐབས་དེར་གོ་མིན་ཏང་སྲིད་གཞུང་གིས་བོད་ཤར་ཕྱོགས་ཁུལ་དུ་དྲག་པོའི་དམག་ཤུགས་ལ་བརྟེན་ནས་བཙན་འཛུལ་བྱེད་རྒྱུའི་ངན་འཆར་ཐོག དམ་པ་འདི་ཉིད་མདོ་ཁམས་ས་ཡི་ལྟེ་བ་དཀར་མཛེས་ཁུལ་གྱིས་མཚོན་པའི་བོད་ཤར་ཕྱོགས་སུ་མཚན་སྙན་དང་འཕྲིན་ལས་ཤིན་ཏུ་རྒྱས་སྟབས། ཕྱོགས་གཅིག་ནས་རྒྱའི་དད་ལྡན་དུ་མས་མདོ་སྔགས་ཀྱི་བཀའ་ཆོས་དུ་མ་ཞུ་བ་དང༌། ཕྱོགས་གཞན་ཞིག་ནས་གོ་མིན་ཏང་སྲིད་གཞུང་གི་ལས་བྱེད་ཚོས་ཁམས་ཁུལ་དབང་བསྒྱུར་བྱེད་རྒྱུའི་ལག་ཆ་ལྟ་བུར་བེད་སྤྱོད་ཀྱི་ངན་འཆར་བཏོན་པར། དམ་པ་འདིས་སྟོབས་འབྱོར་གོ་ས་སྙིང་པོར་འཛིན་ནས་དགྲ་ལ་ངོ་དགའ་བྱེད་པའི་སྲོལ་ངན་མཆིལ་མའི་ཐལ་བ་བཞིན་དོར་ནས། ཞུམ་པ་དང་ཟློག་པ་མེད་པའི་ལན་གྱིས་ཕྱིན་ཆད་དེའི་ཐད་རེ་བའི་ཆ་ཏིལ་འབྲུ་ཙམ་ཡང་མི་རྙེད་པར་བྱས་ཏེ་དཀར་མཛེས་ཁུལ་དུ་ཕྱིར་ཕེབས་གནང༌། སྐབས་དེར་གོ་མིན་ཏང་གིས་སྔར་འཁོན་གྱིས་དཀར་མཛེས་ཡུལ་དགོན་དང༌། དེ་བཞིན་དཔོན་འབངས། དཔོན་ཁག་ཕན་ཚུན། བླ་ཁག་ཕན་ཚུན་བར་བཅས་ལ་གྱོད་གཞི་དང་གཡེན་དཀྲུགས་ཀྱི་གཞི་རྩ་ཇི་ལྟར་འཚོལ་ཡང་མ་རྙེད་པའི་མཐར། ཁོ་ཚོས་དམ་པ་འདི་ཉིད་ཁང་གསར་སྐྱབས་མགོན་སྐུ་ཕྲེང་དང་པོའི་ཡང་སྲིད་མ་རེད། འདི་ནི་ཁང་གསར་ཚང་གིས་དཔོན་ཐོབ་དང་བླ་ཐོབ་གཉིས་ཀ་ཟུང་འབྲེལ་གྱིས་དཀར་མཛེས་ཡུལ་དགོན་གཉིས་ཆར་ངན་དབང་བསྒྱུར་རྒྱུའི་ཇུས་ངན་འདོན་པ་རེད། ཅེས་གང་སར་དྲིལ་བསྒྲགས་བྱས་པར་མ་ཟད། དཀར་མཛེས་ཁུལ་ཀྱི་བླ་སྤྲུལ་ཁག་ལའང་དེའི་ཐོག་ལང་ཕྱོགས་བཟུང་རྒྱུའི་རེ་བ་བྱས་ཀྱང༌། ཁུལ་འདིའི་བླ་སྤྲུལ་ཁག་གིས་ལང་ཕྱོགས་ལྟ་ཅི། དེ་ལས་ལྡོག་སྟེ་བླ་སྤྲུལ་བྱིངས་དང་ལྷག་པར། གཞི་གླིང་རིན་པོ་ཆེས་ཁོང་ཚོ་ལ་ངོ་བཏུགས་ནས་ངོ་རྒོལ་མཐའ་སྐྱེལ་གནང་བར་མ་ཟད། རང་ཁོངས་སེར་སྐྱ་མི་དམངས་རྣམས་ལའང་ཁང་གསར་སྐྱབས་དགོན་རིན་པོ་ཆེ་འདི་བཞིན་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་པའི་ངོས་འཛིན་རྟགས་དང་མཚན་མ། མཁས་བཙུན་བཟང་པོའི་ཡོན་ཏན་གང་ཅིའི་ཐོག་ནས་ལུང་རིགས་ཀྱིས་སྒྲུབ་ཐུབ་པ་ཡིན་བཞིན་དུ། གོ་མིན་ཏང་སྲིད་གཞུང་གིས། ཁོང་གི་མཚན་སྙན་བེད་སྤྱོད་ལོག་པར་གཏང་ས་མ་རྙེད་པའི་འཁོན་འཛིན་གྱིས། བསྐུར་འདེབས་དང་མཚན་སྨད་ཀྱི་དྲིལ་བསྒྲགས་འདྲ་མིན་བྱས་པ་ནི་བསམ་ཡུལ་ལས་འདས་པའི་རྫབ་ཆེན་རེད། ང་ཚོའི་ལུང་པའི་བསོད་ནམས་ཀྱིས་ལྕོག་ན་མཆོག་སྤྲུལ་རིན་པོ་ཆེ་འདི་འདྲ་བ་ཞིག སྟོང་གསུམ་གསེར་གྱིས་བཀང་ནས་བཙལ་ཀྱང་མི་རྙེད་པས། ཚང་མས་དད་པ་དང་དམ་ཚིག་སྦྱང་དགོས་ཞེས་པའི་བཀའ་ལུང་བསྒྲགས་པ་དང༌། ཡུལ་དགོན་གཉིས་ཀས་ཀྱང་དམ་པ་ལ་དམ་པར་ངོ་ཤེས་ནས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་ཞུས། གླེགས་བམ་གྱི་གཡས་གཡོན་གཉིས་སུ་གྲྭ་པ་གཉིས་བཞག་ནས་ཁོང་གཉིས་ཀྱིས་ཤོག་ལྷེ་བསྒྱུར་གང་ཐུབ་ཀྱིས་ཟླ་བ་གཅིག་ལྷག་རིང་རྒྱལ་བའི་བཀའ་འགྱུར་ཆ་ཚང་གི་ལྗགས་ལུང་གནང་གྲུབ་ཅིང༌། དམ་པ་འདི་ཉིད་འཇིག་རྟེན་དབང་ཕྱུག་ཕྱག་བཞི་པའི་རྣམ་འཕྲུལ་མཚོན་བྱེད་ལྟ་བུར་ལྗགས་ཀྱི་ཐོག་ཏུ་པད་མ་འདབ་བརྒྱད་ཀྱི་རང་བྱོན་མཆོག་དམན་སུས་བལྟས་ཀྱང་མཇལ་ཐུབ་པ་ཞིག་ཡོད། ཧོར་ཁོག་གི་དགོན་སྡེ་ཡས་མས་དང་རི་ཁྲོད་ཕན་ཚུན་འཚང་ཀའི་ངང་གདན་ཞུས་ཐོག ལམ་རིམ་དང་ལྷ་སྔགས་སོགས་ཀྱི་རྗེས་གནང་མཛད་པ་སོགས་ཀྱིས་དུས་འདའ་ཞིང༌། ལྷག་པར་དཀར་མཛེས་བཤད་སྒྲུབ་ནོར་གླིང་གི་ཚོམས་ཆེན་དུ་སྐུ་གོང་མས་ལྗགས་རྩོམ་གནང་བའི་སྐྱེས་བུ་གསུམ་གྱི་ལམ་གྱི་གནད་ཀུན་བསྡུས་པ་ལམ་རིམ་གསེར་གྱི་ཤིང་རྟའི་ཁྲིད་ལུང་གྲ་རྒྱས་གནང༌། སྐབས་དེའི་ཧོར་ཁོག་གི་བླ་སྤྲུལ་དང་དགེ་བཤེས་ཕལ་ཆེ་བ་དམ་པ་འདིའི་སློབ་མ་མ་གྱུར་པ་ཧ་ལམ་མེད་པ་དང་འདྲ། བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཆོས་འཆད་ཟིན་པའི་མཇུག་ཏུ་སྡེ་འདིའི་མ་འོངས་པའི་བདེ་སྡུག་གི་ལུང་སྟོན་ཅུང་དམ་པ་ཞིག་ཀྱང་ཁྲོམ་བཤད་གནང༌། ཁང་དམར་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་དཔལ་ལྡན་རྒྱ་མཚོ་མཆོག་ལ་མདོ་སྔགས་སྤྱི་དང་ལྷག་པར་བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་རྒྱུན་གྱི་བསྟན་པའི་རྒྱལ་ཚབ་ཏུ་མངའ་གསོལ། དགུང་ལོ་སོ་བཞི་པ་རབ་བྱུང་བཅུ་དྲུག་ལྕགས་ལུག་༡༩༣༡ལོར་དཀར་མཛེས་གཡུལ་རྒྱལ་ཕོ་བྲང་གི་ཉེ་ཞོལ་དུ་ཧོར་སེར་ད་ར་ཁག་ལྔའི་སེར་སྐྱ་ཁྲི་ཕྲག་བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང༌། རབ་བྱུང་བཅུ་དྲུག་པའི་མེ་གླང་༡༩༣༢ ༽༡༢༽༡༧ཉིན་ལོར་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་དགོངས་པ་ཆོས་དབྱིངས་སུ་བསྟིམས་པའི་རྗེས། པཎ་ཆེན་ནང་མ་སྒར་བ་རྣམས་གོ་མིན་ཏང་གི་གཡེན་དཀྲུགས་འོག་རང་ཁུལ་དུ་ལོག་ཐབས་བྲལ་ཏེ། ལོ་དེའི་ཟླ་བ་༡༢ ཚེས་༢༥ ཉེར་ལྔ་ལ་དཀར་མཛེས་ཁུལ་དུ་གདན་འདྲེན་ཞུས་ཏེ་སེར་མོ་བ་རྣམས་དཀར་མཛེས་དགོན་དང༌། དེ་བྱིངས་ཁང་གསར་ཕོ་བྲང་དུ་བཞུགས་གཏན་གྲྭ་སྒྲིགས་དཔེ་མེད་ཐོག གཞུང་བླའི་བར་གྱི་འགལ་བ་གཙང་སེལ་དང་རྒྱ་གཞུང་གི་དཀྲུགས་ཤིང་ལ་འགོག་རྐྱེན་རྒྱ་ཆེར་གནང་བ་སོགས་ལོ་རྒྱུས་ཐོག་བསུབ་ཐབས་མེད་པའི་མཛད་རྗེས་རླབས་ཆེན་གནང༌། རབ་བྱུང་བཅུ་དྲུག་པའི་ས་སྟག་༡༩༣༨ཟླ་བ་༨རི་འགོག་དམག་འཁྲུགས་ལངས་ནས་ལོ་གཅིག་སོང་རིང༌། གོ་མིན་ཏང་སྲིད་གཞུང་ལ་ཕམ་ཉེས་ཚབ་ཆེར་ཐེབས་ཏེ་སྲིད་གཞུང་རྒྱལ་ས་ཁྲང་ཆེན་དུ་གནས་སྤོས་བྱས་དགོས་བྱུང་བའི་འུ་ཐུག་དེའི་ནང་དུའང་ད་དུང་སྟོང་སེམས་ཀྱི་སྨྱོ་ཧམ་བཅངས་ཏེ། ཏའམ་ཁྲོམ་ཞིན་པཎ་ཆེན་དགོངས་རྫོགས་ཀྱི་འདས་མཆོད་སྐུ་ཚབ་ཏུ་ཆེད་མངགས་བཏང་ཞིང༌། ཁོང་གིས་པཎ་ཆེན་འདས་མཆོད་དང་སྟབས་བསྟུན་ནས། ཁང་གསར་དཔོན་མོ་བདེ་ཆེན་དབང་མོ་དང༌། སྡེ་དགེ་བྱ་རྒོད་སྟོབས་ལྡན། རྒྱ་རི་འཆི་མེད་སྒྲོལ་མ། དཀར་མཛེས་འཁྲུངས་གསར་སྤྲུལ་སྐུ། བེ་རི་དཔོན་བསོད་ནམས་ཕུན་ཚོགས་སོགས་ལ་མཇལ་འཕྲད་དང་ལག་རྟགས་དངོས་འབྱོར་རྒྱ་ཆེར་ཕུལ། དོན་དུ་ཁམས་དཀར་མཛེས་ཁུལ་གྱི་སྡེ་དཔོན་དང་ཡུལ་མིའི་སྟོབས་ཤུགས་ལ་གསང་ཉུལ་ཚད་བགོམས་ཀྱི་ལས་འགན་ཁྱེར་ཡོད་པ་རེད། ལོ་དེའི་ཟླ་བ་༨ པ་དེ་ག་རང་དུ་ཁང་གསར་དཔོན་མོ་བདེ་ཆེན་དབང་མོ་དང༌། པཎ་ཆེན་ནང་མ་སྒར་གྱི་དྲུང་ཆེན་ཡེ་ཤེས་རྡོ་རྗེ་གཉིས་གཉེན་སྒྲིག་གཏན་འཁེལ་བྱུང་བར་བསྙད་འདོགས་བྱས་ཏེ། དཀར་མཛེས་ཡུན་སྡོད་ཀྲང་ཅ་ལིང་གིས་ཁྲོན་སྡོད་ལིའུ་ཝུན་ཧུའེ་ལ་སྙན་ཞུ་ཞུས་དོན་བཞིན། རྒྱ་ཕྱོགས་ནས་པཎ་ཆེན་ནང་མ་སྒར་དང་དཀར་མཛེས་ས་ཁུལ་ བར་མཐུན་སྦྲེལ་དམ་ཟབ་གྱུར་ན། གོ་མིན་ཏང་སྲིད་གཞུང་གིས་བཙན་འཛུལ་བྱེད་རྒྱུར་འགོག་རྐྱེན་འཕྲོད་རྒྱུའི་དོགས་འཆར་ལ་བརྟེན་ནས། མཐའ་གཅིག་ཏུ་འགོག་རྒོལ་བྱས་པར་མ་ཟད། ཁང་སར་དཔོན་མོ་དང་པཎ་ཆེན་ནང་མ་སྒར་གཉིས་དོགས་མེད་ལྷིང་འཇགས་ཀྱི་གཉེན་སྒྲིག་མཛད་སྒོ་བྱེད་པའི་ཉིན་དེར་རྒྱ་དམག་གིས་ཕོ་བྲང་བསྐོར་ཏེ་ཁང་སར་དཔོན་མོ་བཀག་ཉར་བྱས་ཐོག་ཧོའ་ནེར་ཞིང་ཆེན་ནས་ཡིན་པའི་རྒྱའི་ཚོང་པ་ཆེན་པོ་ཧོ་ལུའོ་ཁྲོན་ཟེར་བ་དང་གཉེན་སྒྲིག་དགོས་པའི་རེ་ངན་ཇི་ཙམ་བཅངས་ཀྱང་ཁས་ལེན་མ་བྱས་པར་བརྟེན། ལོ་གཅིག་རིང་བཀག་ཉར་བྱས་མཐར་དཀར་མཛེས་དགོན་གྱི་གྲྭ་པ་འགའ་ཞིག་གིས་སྣེ་འཁྲིད་པའི་ཤི་ཕོད་རུ་ཁག་ཅེས་པ་གཅིག་བཙུགས་ཏེ་ཁང་གསར་དཔོན་མོ་བཙོན་ནས་བཏོན་པ་མ་ཟད། དེ་ནས་མགོ་འཛུགས་ཏེ་དཀར་མཛེས་ཡུལ་དགོན་གཉིས། པཎ་ཆེན་ནང་མ་སྒར་གསུམ་མཉམ་བསྡེབས་ཀྱིས་དཀར་སྡོད་གོ་དམག་དང་དམར་འཛིངས་རྒྱུད་མར་བྱས་མཐར་རྒྱ་དམར་སྟོང་ཕྲག་གསུམ་ཙམ་བསད་དེ་རེ་ཞིག་ལྷིང་འཇགས་སུ་གྱུར། སྤྱི་ལོ་༡༩༤༡ལོར་སླར་ཡང་གོ་མིན་ཏང་སྲིད་གཞུང་གི་དམག་དཔུང་བརྟས་ཆེན་དྲངས་པས། དཀར་མཛེས་ཡུལ་དགོན། པཎ་ཆེན་ནང་མ་སྒར་བཅས་ཀྱིས་ཤི་འཛིང་རོ་འཐམས་ཀྱིས་རྒྱ་དམག་རེ་ཞིག་དཀར་མཛེས་ཁུལ་ནས་མཁར་དཀར་ལྕགས་རྒོད་ལ་འདབས་བར་ཕྱིར་འདེད་བྱས་ཀྱང་མུ་མཐུད་ནས་འཐབ་པའི་ཕན་འབྲས་མེད་པར་སྤྱི་ལོ་༡༩༤༡ དགུང་ལོ་༤༤པར་ཁང་སར་སྐྱབས་མགོན་རིན་པོ་ཆེ་སྟོན་འཁོར་དང༌། ཁང་སར་དཔོན་མོ་རྗེ་བློན་རྣམས་ཁམས་སྐྱེ་རྒུ་མདོར་བྲོས་བྱོལ་དུ་ཡོང་དགོས་བྱུང༌། དེ་གར་ལོ་ཤས་བཞུགས་རིང་ཁང་གསར་སྐྱབས་མགོན་སྐུ་གོང་མའི་དངོས་སློབ་ལབ་སྐྱབས་མགོན་རིན་པོ་ཆེས་གདན་ཞུས་ལྟར་ལབ་དགོན་པར་བྱང་ཆུབ་ལམ་གྱི་རིམ་པའི་གསུང་ཆོས་ཟླ་བ་གཅིག་དང་མདོ་སྔགས་ཀྱི་བཀའ་ལུང་མན་ངག་རྒྱ་ཆེར་སྩལ། དེ་བཞིན་རྭ་ཉག་དགོན་དང༌། རབ་ཤིས་ཀླུང་ཤོད་དགོན་སོགས་སྐུ་གོང་མ་དང༌། ཆོས་འབྲེལ་ཡོད་པའི་དགོན་པ་ཁག་གི་གདན་འདྲེན་ཞུས་ཏེ་གསོལ་བ་བཏབ་པ་ལྟར་དབང་ལུང་མན་ངག་གི་འདོད་ཆོས་དུ་མ་སྩལ། ཁང་གསར་དཔོན་མོ་རྗེ་བློན་རྣམས་མཚོ་སྔོན་དུ་ཆིབས་ཞལ་བསྒྱུར་རྩིས་སྐབས། ནུབ་གཅིག་གཟིམས་ལམ་དུ་བུད་མེད་ནག་མོ་རལ་པས་སྐུ་རྒྱབ་ཁེབས་པ་ཞིག་གིས་ཁྱེད་རང་ལྷ་སར་ཕེབས་དང་འགྲོ་དོན་གྱི་ལྷག་མ་ལྷ་སར་ཡོད། ཅེས་ལུང་སྟོན་པ་ཞིག་རྨིས་པ་བསྟན་སྲུང་གཙོ་མོ་དཔལ་ལྡན་ལྷ་མོའི་ལུང་སྟོན་དུ་དགོངས་ཏེ། རིན་པོ་ཆེ་སྟོན་འཁོར་རྣམས་ཁང་གསར་དཔོན་བློན་ཚོ་དང་ཞལ་གྱེས་གནང་ནས་དབུས་ལམ་དུ་ཆིབས་བསྒྱུར་གནང༌། དམ་པ་འདི་ཉིད་སྟོན་འཁོར་རྣམས་དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང་སར་ཞབས་ཟུང་གསེར་གྱི་འཁོར་ལོའི་རེ་ཁ་བཀོད་པའི་འཕྲིན་བཟང་ཡོངས་སུ་ཁྱབ་པ་ན། ཇི་ལྟར་དཔྱིད་ཀྱི་ཀོ་ཀུ་ལ་ཡིས་གྲུ་ཆར་དང་རྨ་བྱ་དག་གིས་དབྱར་གྱི་རྔ་སྒྲ་ཐོས་པ་བཞིན། དད་ལྡན་སྐྱེ་བོ་གྲངས་ལས་འདས་པས་ཕེབས་བསུ་དང༌། ལྷག་པར་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྱི་སོ་གྱི་མི་སྣ། ཏྲེ་ཧོར་ཁང་ཚན་གྱི་སྣེ་མཐུས། ཁང་དགེ ལྷ་སྡོད་དཀར་མཛེས་ཁུལ་གྱི་ཚོང་པ་ཁག་བཅས་ཀྱིས་ཕེབས་བསུའི་གྲྭ་སྒྲིག་ཨང་གསར་བྱས་ཏེ་རེ་ཞིག་བཞུགས་གདན་འཇགས་རྗེས། ཉིན་རེར་དད་ལྡན་སྐྱ་སེར་མཇལ་བཅར་ཞུ་མཁན་གྲངས་ལས་འདས་པར་མཇལ་ཁ་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་ཚུལ་རྒྱ་ཆེར་གསུངས།། ལྷག་པར་སྤྱི་ལོ་༡༩༤༢ལོར་དབྱར་གཞུང་ཞིག་ཏུ་དད་ལྡན་བླ་སྤྲུལ་འགའ་ཞིག་གིས་བསྐུལ་བ་བཞིན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བཀའ་དབང་སྩལ་རྒྱུའི་ཞལ་བཞེས་གནང་སྟེ། འཇལ་མན་གླིང་ཁར་གུར་ཕུབ་ཏེ་གྲྭ་སྒྲིག་བྱས། བཀའ་དབང་གི་སྟ་གོན་ཉིན་ཚོགས་ཐུན་གཅིག་གྲོལ་ནས་ཉིན་གུང་བར་གསེང་སྐབས་ཤིག་ཏུ། རྒྱན་དང་ཆ་ལུགས་ཤིན་ཏུ་བཟང་བའི་བུད་མེད་ཕྱག་ཏུ་ཤིང་ཏོག་སློག་མ་གང་བསྣམས་མཁན་ཅིག་རིན་པོ་ཆེའི་གཟིམས་གུར་དུ་འགྲོ་བ་སྐབས་དེའི་གསོལ་དཔོན་གྱིས་མཐོང་བས་ཡུན་རིང་སྒུག་ཀྱང་ཕྱིར་མ་དོན་པས། དབང་ཞུ་བ་རྣམས་སྒུག་ཡུན་མི་ཐེགས་པས་དྭོགས་ནས་གསོལ་དཔོན་ཉིད་གཟིམས་གུར་ནང་དུ་བཅར་དུས་སུ་ཡང་མཐོང་རྒྱུ་མེད་ཅིང༌། ད་ཅི་བུད་མེད་དེས་བསྣམས་པའི་ཤིང་ཏོག་སློག་མ་གང་དེ་རིན་པོ་ཆེའི་གསོལ་ལྕོག་ཐོག་ཏུ་བཞག་ཡོད་པར་མཐོང༌། གསོལ་དཔོན་དེས་གཞི་ནས་རྗེ་བཙུན་རྣལ་འབྱོར་མའི་རྣམ་འཕྲུལ་ཡིན་པར་ངེས་ཤེས་རྙེད་དེ་བླ་མ་ལ་ཤིན་ཏུ་དད་ནས་ཕྱག་འཚལ་བས། རིན་པོ་ཆེས་ཁ་བཙུམས་ཏེ་འདི་ཟོ་ཞེས་ཤིང་ཏོག་གཅིག་གནང༌། དངོས་གཞིའི་སྐབས་དབང་གྲལ་དུ་ཡོད་པའི་སྐྱེས་ཆེན་འགའ་ཞིག་གིས་བླ་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུའི་རྣམ་པར་དངོས་སུ་མཇལ་བ་ཡང་བྱུང་བ་སོགས་དམ་པ་འདིའི་རྟོགས་པའི་ཡོན་ཏན་ནི་སུས་ཀྱང་བརྗོད་པར་མི་ནུས་ཞེས་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་འཇམ་དབྱངས་དཔལ་བཟང་པོའི་ཞལ་སྔ་ནས་དངོས་སུ་ཐོས། འབྲས་སྤུངས་ཏྲེ་ཧོར་ཁང་ཚན་གྱིས་བཀའ་འགྱུར་རིན་པོ་ཆེ་དང་དམ་པ་འདི་གཉིས་གདན་འདྲེན་ཞུས་ཏེ་ཛམ་ལྷའི་གཡང་སྒྲུབ་གྲ་རྒྱས་ཤིག་ཚོགས། དམ་པ་འདི་གཉིས་ཀས་ཐུགས་སྨོན་ཤུགས་དྲག་གནང་བས། དེ་ནས་བཟུང་ཏྲེ་ཧོར་ཁང་ཚན་དུ་གྲྭ་རྒྱུན་དང་མཐུན་རྐྱེན་ཇེ་ལེགས་སུ་སོང་ཚུལ་ཡང་ད་ལྟར་ཞལ་བཞུགས་ཡོད་པའི་དགེ་བཤེས་རྒན་གྲས་ཚོའི་ཞལ་ནས་དངོས་སུ་ཐོས། ཁང་ཚན་སྤྱི་སོ་ནས་ཞུས་དོན་བཞིན་ཏྲེ་ཧོར་ཁང་ཚན་གྱི་ཚོམས་སུ་ལྷ་མོའི་རྗེས་གནང་དང༌། བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ལུང་བསྩལ། བཀའ་ཆོས་ཀྱི་ཉིན་དང་པོ་དགེ་བའི་བཤེས་གཉེན་ཆེན་པོ་བསོད་ནམས་མགོན་པོས་ཁང་ཚན་གྱི་ཐོག་ཁའི་རྒྱ་མཐོང་ལས་ཚད་བགམ་པའི་ཚུལ་གྱིས་གསན་པ་ལས། ཐུགས་ཡིད་ཤིན་ཏུ་ཚིམས་ཏེ་ཕྱི་ཉིན་ནས་བཀའ་ཆོས་ལ་ཕེབས་པ་སོགས། གདན་ས་ཆེན་པོར་ཉི་མ་དང༌། ཟླ་བ་ལྟར་གྲགས་པ་དག་གིས་ཀྱང་དམ་པ་འདིའི་འཆད་རྩོད་རྩོམ་པའི་ཡོན་ཏན་གྱིས་ཐུགས་ཡིད་དབང་མེད་དུ་འཕྲོག་སྐད། སྐབས་དེར་སྒོ་བློ་བདེ་སྔགས་བཞིའི་སློབ་གཉེར་བ་ཚོམས་སུ་མི་ཤོང་བའི་ཚད་ཙམ་འདུས་པར་བཤད། སྤྱི་ལོ་༡༩༤༣ དགུང་ལོ་༤༦ཐོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ལ་དམ་པ་འདིའི་སྐུ་གོང་མ་རྒྱུད་སྨད་མཁན་ཟུར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་ཞེས་མཚན་སྙན་རླུང་ལྟར་གྲགས་པ་དེས་བདེ་གསང་འཇིགས་གསུམ་གྱི་དབང་གནང་མྱོང་བར་བརྟེན་སྐུ་ཕྲེང་འདི་པར་ཡང་བདེ་གསང་འཇིགས་གསུམ་གྱི་བཀའ་དབང་གནང་དགོས་པའི་ཞུ་བ་རྟིང་ནན་དུ་ཕུལ་བ་ལྟར་རྟེན་འབྲེལ་ལ་དགོངས་ནས་ཞལ་བཞེས་གནང༌། ལོ་དེར་གྲགས་པ་མཆོག་སྤྲུལ་རིན་པོ་ཆེ་དབུ་མའི་དམ་བཅའ་བསྐོར་ཏེ། ཏྲེ་ཧོར་ཁང་ཚན་དུ་འཁེལ་བ་ན། ཁང་ཚན་གྱི་གྲྭ་རྒན་གྲས་དང་སྤྲུལ་པའི་སྐུ་རྣམས་ཀྱང་དམ་བཅའ་ལ་ཕེབས་རྒྱུའི་ལུགས་སྲོལ་ཡོད་པ་ལྟར་ཁང་ཚན་རྒན་གྱིས་གྲགས་པ་རིན་པོ་ཆེ་དབུ་མ་དམ་བཅའ་ཕེབས་རྒྱུ་ལགས་པས་རིན་པོ་ཆེ་ཉིད་དམ་བཅའ་ཚོགས་སར་གཟིགས་མོར་ཕེབས་དགོས་ཀྱི་བརྡ་ཕུལ་བས། དམ་པ་འདིས་གྲགས་པ་རིན་པོ་ཆེ་སྐུ་གོང་མ་དང་ང་གཉིས་འཛིན་གྲྭ་གཅིག་པ་ཡིན་མོད། ཁོང་དགོངས་པ་རྫོགས་ནས་ཡང་སྲིད་རིན་པོ་ཆེ་ད་ལྟར་འཛིན་གྲྭ་དབུ་མ་ལ་ཕེབས་ཚར་དུས། ད་དུང་བླ་རྒན་ཤི་རྒྱུ་མ་དྲན་པ་རེད་ཅེས་ཞལ་ཤགས་ཀྱི་ཚུལ་དུ་གསུང་ཤིང༌། དེ་ནུབ་དམ་བཅར་ཕེབས་པར་མ་ཟད་ཐུགས་དགྱེས་ཚོར་ཆེན་པོས། བདག་སྐྱེ་འགོག་ཚུལ་ལས་བརྩམས་ནས་རྟགས་གསལ་གྱི་བགྲོ་གླེང་ཡང་རྒྱ་ཆེར་གནང༌། ཕྱི་ཉིན་ནས་སྐུ་ཁམས་ཅུང་ཟད་སྙོག་པའི་ཚུལ་བསྟན་པར་ཏྲེ་ཧོར་ཁང་ཚན་སྤྱི་སོར་ནས་གདུང་ཤུགས་དྲག་པོས་བརྟན་བཞུགས་ཕུལ་བར་མ་ཟད། བླ་སྤྲུལ་ཁག་དང་དགེ་བཤེས་རྒན་གྲས་ཚོས་རིན་པོ་ཆེ་ཅིས་ཀྱང་སྐུ་ཚེ་ཞབས་པད་བརྟན་དགོས། ཞེས་ཞུ་བ་ནན་ཆེར་ཕུལ་བས་རེ་ཞིག་ཞལ་བཞེས་གནང་བའི་ཚུལ་གྱིས་ད་ནི་ང་རང་གཟུགས་པོ་བདེ་པོར་གྱུར་སོང་བས། ཁྱེད་རྣམས་བློ་བདེ་པོ་གྱིས་ཞེས་གསུངས། ཉིན་ཤས་སོང་རྗེས་མངོན་པར་ཤེས་པའི་ཡེ་ཤེས་སྒྲིབ་ཏུ་མེད་པའི་ཡོན་ཏན་མངའ་བ་ཏྲེ་ཧོར་བཀའ་འགྱུར་རིན་པོ་ཆེ་བློ་བཟང་སྦྱིན་པས་རང་གི་ཞབས་ཞུ་བ་ཞིག་ལ། སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེས་ཚོགས་ཞིང་བསྡུས་ཚར་སོང༌། དགོངས་པ་ཆོས་དབྱིངས་སུ་ཕེབས་གྲབས་འདུག དཀར་མེ་དང་ཐུགས་གསོའི་དོད་འབུལ་སར་སོང་ཞེས་མངགས་པ་ལྟར་གསོལ་དཔོན་དེ་གར་འགྲོ་དུས་ལྷ་སྡོད་སྐྱབས་མགོན་སྟོན་འཁོར་རྣམས་དེ་ཉིན་རིན་པོ་ཆེ་སྐུའི་སྙུང་གཞི་སོས་དྲག་ལྟར་སོང་བར་དགའ་སྟོན་ལྟ་བུའི་ཐུགས་སྤྲོ་གཏོང་བཞིན་ཡོད་པས་ཁོང་ལའང་བཞུགས་དང༌། ང་ཚོའི་རིན་པོ་ཆེ་སྐུ་ཁམས་གསལ་དྭང་བྱུང་བས་དེ་རིང་སྤྲོ་སྐྱིད་གཏོང་གི་ཡོད་ཅེས་བློ་བདེ་བ་ལྟ་བུ་བྱེད་འདུག་པས། བཀའ་འགྱུར་རིན་པོ་ཆེའི་གསོལ་དཔོན་གྱིས་ཅི་ཞུ་འདི་ཞུ་མ་རྙེད་པར་ཅུང་ཟད་སྡོད་དེ་ཚུར་ལོག་ནས་བཀའ་འགྱུར་རིན་པོ་ཆེར། རིན་པོ་ཆེས་ཕྲན་ལ་འདི་འདྲ་ཞལ་ཤགས་གནང་བ་དཔེ་སྲིད་དོགས་མེད། ཁོང་སྟོན་འཁོར་དེ་རིང་རིན་པོ་ཆེ་སྐུ་ཁམས་གསལ་དྭངས་སོང་བར་བློ་བདེའི་སྤྲོ་སྐྱིད་གཏོང་བཞིན་འདུག་ཞུས། དེ་ནས་ཆུ་ཚོད་གཅིག་ཙམ་ཡང་མ་འགོར་བར་ཞབས་འབྲིང་བ་ཞིག་སྐུ་ཞབས་བཀའ་འགྱུར་རིན་པོའི་ཆེའི་དྲུང་དུ་བཅར་ནས་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་སྐོར་ཞུས་དོན་བཞིན་སྐུའི་དབུ་སྔས་སུ་ཕེབས་ནས་ཐུགས་ཕམ་ཚད་མེད་ཀྱིས་སྨོན་ལམ་རྒྱ་ཆེར་གནང༌། དགོངས་པ་རྫོགས་ཁར་འབྱུང་འགྱུར་གཞིས་ཡུལ་གྱི་བླང་དོར་བཀའ་ལུང་དང༌། སྐུ་གདུང་བསྲེགས་སྦྱང་ཚུན་ཆད་གསལ་པོར་གསུངས་ནས་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་མཛད་དེ། རྒྱུད་སྡེ་ནས་གསུངས་པ་ལྟར་འོད་གསལ་ཆོས་སྐུའི་དབྱིངས་སུ་མཉམ་པར་བཞག་ནས་ཐུགས་དམ་ཉིན་བདུན་བར་བཞུགས། དེའི་རིང་བླ་བྲང་གི་ཞབས་འབྲིང་བ་རྣམས་ཀྱིས་གདན་ས་གསུམ་དང་རྒྱུད་གྲྭ་རྣམ་གཉིས་གཙོས་རིས་མེད་ཆོས་སྡེ་ཁག་ལ་མཆོད་འབུལ་བློ་ཡུལ་ལས་འགོངས་བར་བྱས། སྐུ་ཕྲེང་སྔ་ཕྱིའི་བུ་སློབ་རྣམས་དང༌། བཀའ་འགྱུར་མཆོག་སྤྲུལ་རིན་པོ་ཆེ་སོགས་བླ་སྤྲུལ་དགེ་བཤེས་མང་པོས་བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར་རྒྱ་ཆེར་སྒྲུབ་པ་སོགས་རྣམ་དཀར་དགེ་སྒྲུབ་རྒྱ་ཆེར་བྱས། ཞག་བདུན་གྱི་དགུང་མོ་ཐུགས་དམ་གྲོལ་བའི་རྟགས་སུ་ཤང་སྦུག་གཡས་གཡོན་ནས་བྱང་སེམས་དཀར་དམར་ཐོན། ཕྱི་ཉིན་ཕ་བོང་ཁ་དུར་ཁྲོད་དུ་སྐུ་ཕྲེང་སྔ་ཕྱིའི་བུ་སློབ། བཀའ་འགྱུར་རིན་པོ་ཆེ་སོགས་བླ་སྤྲུལ་ཆེ་ཆུང་ཁག་རྣམས་དང༌། ཏྲེ་ཧོར་ཁང་ཚན་གྱི་གྲྭ་དམངས། དཀར་མཛེས་ཁུལ་གྱི་ཚོང་དཔོན་ཁག་བཅས་སྐྱ་སེར་བརྒྱ་ཕྲག་དུ་མས་སྐུ་ཕུང་གདན་ཞུས་ཀྱིས་ཞུགས་འབུལ་ཞུ་དུས་མར་ཁུ་ཇི་ཙམ་བླུག་ཀྱང་སྐུ་ཕུང་དངོས་ཀྱིས་མེ་མ་བཞེས་པར་ཡུན་རིང་འགོར་མཐར། ཕག་སྒྲ་ཆེན་པོ་ཞིག་གྲགས་པ་དང༌། དབུ་ཐོད་ཀ་ལི་ཆ་ཚང་འཕག་སྟེ་བྱུང་བར་མ་ཎི་ཡིག་དྲུག་གི་འབུར་བརྙན་ཤིན་ཏུ་གསལ་བས་ཀ་ལའི་ནང་ངོས་ཡོངས་སུ་ཁེངས་འདུག་པ་དེར་ཡོད་སྐྱ་སེར་ཀུན་གྱིས་མཐོང་ཆོས་སུ་གྲུབ། དེ་ནས་སྐུ་ཞབས་བཀའ་འགྱུར་ལ་ཕུལ་བས་བཀའ་འགྱུར་རིན་པོ་ཆེས། རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་སུ་རྒྱ་གོང་མིན་ཏང་གི་ཁ་ལ་བལྟས་ནས་སྐྱབས་དགོན་སྐུ་གོང་མའི་ཡང་སྲིད་མ་རེད། ཅེས་ཁ་བཏང་ལོག་ལྟ་བྱེད་མཁན་ཚོས་འདི་ལ་ཞིབ་ཆ་མཇོལ། ལས་ངན་པའི་འབྲས་བུ་ལ་སྐྲག་ན་ད་ལྟར་སྐུ་གདུང་ལ་སྙིང་ཐག་པ་ནས་འགྱོད་བཤགས་ཀྱིས་ཕྱག་འབུལ་ཞུས། འདིས་ལོག་ལྟ་ཅན་ཁྱོད་ཚོ་ལ་ཕན་ཐོགས་མི་འོང་གསུངས་ཏེ་ཐུགས་ཕམ་དང་དགོངས་འཚང་གིས་ཞལ་དམར་པོ་གནང་བཞིན་སླར་ཡང་དབུ་ཐོད་དེ་ཉིད་ཞུགས་མེར་ཕྱིར་འཕངས། ཞུགས་མེའི་ཁྲོད་ནས་རིང་བསྲེལ་ཁ་བ་ལྟར་བབས། ཞུགས་འབུལ་ཞུ་སར་ལོག་སྨོན་དུས་སུ་བརྡོལ་བའི་མི་ཁྱི་དང་འདྲ་བ། རིན་པོ་ཆེ་ཞལ་བཞུགས་སྐབས་ལྐོག་ནས་སྒྲོ་བསྐུར་འདྲ་མིན་ཞུ་མཁན་གྱི་ཚོང་དཔོན་འགའ་ཞིག་ཡོད་པ་དེ་ཚོའི་གནོད་ཀྱིས་ཕྱིས་འབྱུང་གདུལ་བྱ་ཚོར་སྐྱེས་ཆེན་དམ་པ་འདིའི་མ་ཎི་ཡིག་དྲུག་འབུར་དུ་ཐོན་པའི་དབུ་ཐོད་ངོ་མཚར་ཅན་དེ་མཇལ་རྒྱུའི་སྐལ་བ་མེད་པར་བྱས་པ་ནི་ཤིན་ཏུའང་ཕངས། སྐུ་གདུང་ཞུགས་མེ་ལ་སྦར་ཟིན་རྗེས་སྤུར་ཐལ་རྣམས་ཕ་ཡུལ་དཀར་མཛེས་སུ་གདན་འདྲེན་ཞུས་ཏེ་དཀར་མཛེས་ཡུལ་དགོན་གཉིས་ཀའི་བསོད་ནམས་ཀྱི་རྟེན་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གདུང་རྟེན་མཆོད་རྟེན་གྱི་གཟུངས་ཞུགས་སུ་ཕུལ་བ་དང༌། གཞན་ཡང་རྣམ་དཀར་དགེ་སྒྲུབ་ཀྱི་བྱ་བ་རྒྱ་ཆེར་བྱས། དམར་སེར་ལི་ཁྲིའི་རྒྱ་མཚོ་ལ་སྦངས་པའི། ། བརྩེ་ཆེན་ཟླ་བ་དཀར་པོའི་རྣམ་འཕྲུལ་ཞིག ། གངས་རིའི་མུ་ཁྱུད་མཛེས་པའི་མཁའ་དབྱིངས་ནས། ། ཞི་བསིལ་སྣང་བ་འཇོ་འདིས་སུ་མི་སྤྲོ། ། གང་གི་གསང་བ་གསུམ་གྱི་མཛད་པའི་འཕྲིན། ། བརྗོད་ནུས་མིན་ཡང་ཐུན་མོང་རྣམ་ཐར་ཚུལ། ། ཅུང་ཟད་བརྗོད་པའི་དགེ་ཚོགས་ཀུ་ཤའི་ཆུ། ། བྱང་ཆེན་རྒྱ་མཚོའི་རླབས་དང་འགྲོགས་པར་ཤོག། ཅེས་གང་གི་རྣམ་པར་ཐར་པ་མདོ་བསྡུས་སུ་བཀོད་པ་འདི་ནི། དགེ་ལྡན་བསྟན་པའི་གསལ་བྱེད་རྒྱུད་སྨད་བླ་མ་དབུ་མཛད་དགེ་བའི་བཤེས་གཉེན་ཆེན་པོ་མཐུ་སྟོབས་མགོན་པོ་དཔལ་བཟང་པོའི་ཞལ་སྔ་ནས། ཁང་སར་སྐྱབས་མགོན་སྐུ་ཕྲེང་གཉིས་པ་དང་ཡུན་རིང་འགྲོགས་འདྲེས་མྱོང་བའི་དཀར་མཛེས་སྤྲོ་ལོ་ཚང་ཚོང་དཔོན་རབ་བསྟན་དང༌། སྐུའི་ཞབས་འབྲེང་པ་དཀར་མཛེས་སྒྲོལ་མ་དར་རྒྱས་སོགས་ཀྱི་རྒྱུད་ནས་རྣམ་ཐར་གྱི་ས་བོན་འཚོལ་སྡུད་དང་འབྲེལ། དམ་པ་འདིའི་རྣམ་ཐར་སྙིང་བསྡུས་ཤིག་འབྲི་དགོས་ཀྱི་བཀའ་ཡི་མེ་ཏོག་སྤྱི་བོའི་རྒྱན་དུ་འཐོར་བ་ལྟར། གོང་གསལ་ས་བོན་དེ་དག་གིས་གཞིར་བྱས་པའི་སྟེང༌། འབྲས་སྤུངས་ཏྲེ་ཧོར་ཁང་ཚན་གྱི་སྤྱི་རྒན་དགེ་བཤེས་པདྨ་ཡོངས་འཛིན་དང༌། ཀླུ་སྦྱིན་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་འཇམ་དབྱངས། ཏྲེ་ཧོར་ཁང་དམར་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་དཔལ་ལྡན་རྒྱ་མཚོ་བཅས་ཀྱི་ཞལ་ནས་ཐོས་པ་རྣམས་ཀྱིས་ཟུར་བརྒྱན་ཏེ། དམ་པ་གང་གི་སྐྱེ་རབས་ཕྲེང་བར་མི་ཕྱེད་པའི་དད་པ་ཐོབ་པ་བེ་རི་འཇིགས་མེད་དབང་རྒྱལ་པས་རབ་རྒྱལ་ལྕགས་འབྲུག་ལོའི་ ༢༠༠༠ ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་རྫོགས་པ་དང་པོའི་ཉིན་མཇུག་རྫོགས་པར་བྲིས་པ་དགེ་ལེགས་འཕེལ། །