བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་བཞི་པ། ཚོར་བའི་རླབས་རིས།

ཡོང་ཁུངས་Wikipedia


བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་བཞི་པ།

ཚོར་འདུའི་རླབས་རིས།


(2006-2010)


འཇིག་རྟེན་འདྲེན་པའི་མཆོད་སྤྲིན། གསེར་གྱི་རྟགས་མའི་གཟེངས་རྟགས་ལ་ཕུལ་བའི་འཚམས་འཕྲིན།

ཞི་བདེའི་ལོ་མ་སྟོན་མཇུག་རླུང་གིས་བདས།། བས་མཐའི་ལྷིངས་འཇགས་ཇག་ཚོགས་ངུས་པས་བཀྲོགས།། རི་ཀླུང་མཛེས་སྡུག་འཕྲུལ་ཆས་རྔམས་ཀྱིས་བཅོམ།། མཚོ་བཞི་གླིང་ལྔ་དུར་སར་འགྱུར་ཉེ་སྐབས།།

གསེར་མདོག་ཉི་གཞོན་ཤར་མཐའི་རི་ནས་འཆར།། རྟེན་འབྱུང་ལྟ་བའི་དཀྱིལ་འཁོར་དབུས་ནས་རྫོགས།། སྙིང་རྗེའི་འོད་དཀར་འཕགས་པའི་ཡུལ་ནས་ཚེས།། ཞི་བདེའི་སྣང་བ་འཛམ་བུ་གླིང་ལ་ཁྱབ།།

ནོ་བྷེལ་ཡུལ་ནས་ཞི་བདེ་དེད་དཔོན་བཀུར།། ཚན་རིག་མཁས་པས་འཇིག་རྟེན་མིག་ཏུ་བགྲངས།། ཨ་རིའི་གཞུང་གིས་གསེར་གྱི་རྟགས་མ་ཕུལ།། འཇིག་རྟེན་ཀུན་ཁྱབ་ཞི་བའི་དེད་དཔོན་མཆོག།

ཁྲ་དང་གླག་མོས་གཤོག་འགྱུར་གཟན་པ་དང༌།། གཅན་གཟན་གཏུལ་པོས་ནགས་ཀླུང་གང་བའི་དུས།། ཞི་བདེ་ཕུག་རེ་དཀར་པོས་འཇིག་རྟེན་འདིར།། ཤིས་པའི་འགྱུར་བག་ནམ་ཡང་རྩེན་གྱུར་ཅིག། 2007/12/1/ལ་བྲིས།

གསེར་མདོག་གི་ཉི་འོད།

ཉི་ཟླ་སྐར་གསུམ་འདྲ་བའི་མེས་དབོན་གསུམ།། དམུ་ཐག་བརྒྱུད་ནས་མི་མངོན་དབྱིངས་སུ་བསྐྱོད།། གངས་རིའི་མུན་སེལ་སྒྲ་བསྒྱུར་ལོ་པཎ་ཚོ།། མི་མངོན་བདེ་ཆེན་དག་པའི་ཞིང་དུ་གཤེགས།།

རྒྱལ་བློན་ནང་འཁྲུག་བརྒྱབ་པའི་གཡུལ་ས་ནས།། བཙན་པོའི་གདུང་བརྒྱུད་ཉག་ཕྲན་རྩེ་ནས་ཡལ།། རྒྱལ་ཕྲན་སིལ་མར་འཐོར་བའི་བྱང་བརྒྱུད་ན།། གྲུབ་མཐའི་འཁོན་འཛིན་གཡོ་བའི་རླུང་འཚུབ་ལྡང༌།།

སེར་པོ་ཧོར་གྱིས་བྱང་ནས་དམག་གིས་བཙེས།། ནག་པོ་རྒྱ་ཡིས་ཤར་ནས་སྲིད་ཀྱིས་སྡང༌།། ཨ་ཙཱ་ར་ཡིས་ལྷོ་ནས་སེམས་ཁམས་བསྒྱུར།། དུ་རུ་ཿཁ་ཡིས་ནུབ་ནས་གནས་སྒོ་བཀག།

ཡར་ཀི་གནམ་གྱི་རྒྱལ་མོའི་བཀའ་ཁྲིམས་ཀྱིས།། མར་ཀི་མགོ་ནག་མི་ཡི་གཉའ་ནས་གནོན།། ལྐོག་གྱུར་ལས་ཀྱི་རྣམ་སྨིན་ལྕི་མོ་ཡིས།། བོད་ཁམས་སྨག་དང་མུན་པའི་ཁུང་བུར་བཙུད།། གནམ་མཐའ་མེ་ཡིས་འཚིགས་པའི་དུ་ཞགས་འཁྲིགས།། ས་མཐའ་ཆུ་ཡིས་ཁྱེར་པའི་རླབས་རིས་གཡོ།། གནམ་ས་ཆ་ལོང་བརྡེབ་པའི་གྲུ་ག་ནས།། མགོ་ནག་བོད་པ་ཚང་གི་ལས་དབང་འཚོལ།།

དབུས་ཀྱི་སྐུ་དྲག་བཙན་པོའི་ཐོ་བ་དང༌།། མཐའ་མཚམས་གཞུང་དམག་རྐུན་པོའི་ལྕགས་ཧྲེང་གིས།། རྒྱལ་ཁམས་སིལ་བུར་གཏོང་བའི་སྐྱོ་གར་ཁྲོད།། ནང་འཁྲུག་ཐལ་རླུང་མཚུབ་མས་ཉི་འོད་སྒྲིབ།།

ལྷ་ལ་ཐལ་མོ་སྦྱར་བའི་ཡིད་ཆེས་དང༌།། འདྲེ་ལ་གཏོར་མ་བརྫངས་པའི་རྣམ་རྟོག་བར།། རྨོངས་དད་བྲག་རྫོང་བརྩེགས་པའི་འཇིག་རྟེན་འདིར།། གཟུགས་མེད་རྨི་ལམ་ལྗང་ཁུས་མཚན་ལྗོངས་བསྐྱལ།།

ཡོད་ཚད་ལྷ་ལ་བཅོལ་བའི་ཡིད་ཆེས་འོག། ངག་རྒུ་འདྲེ་ཡིས་བྱས་པའི་རྣམ་རྟོག་ལངས།། ནག་པོ་རྒྱ་ཡིས་གཙེས་པའི་གསུབ་ཀ་ནས།། ཁ་རྗཻ་དབང་ཐང་དགྲ་བོའི་ལག་ཏུ་ཤོར།།

པཎ་གྲུབ་བཅུ་བདུན་ཕེབས་པའི་བཀའ་དྲིན་ཟབ།། དོན་ཚན་བཅུ་བདུན་བཞག་པའི་ལོ་རྒྱུས་སྙན།། སུམ་ཅུ་སོ་བཞིའི་གྲངས་ཁ་བསྡོམས་པའི་གསེབ།། ལུས་སེམས་སྣ་ལྔའི་འཇའ་རིས་དཀྱིལ་ན་གཉིད།།

དམུ་ཐག་རལ་གྲིས་བཅད་པ་བཙན་པོའི་རྒྱུད། མི་འུ་གདོང་དྲུག་མཆེད་པའི་ཚ་བརྒྱུད་ཚོ།། རང་དབང་རླུང་གིས་བདས་པའི་མུན་ཁྲོད་ནས།། མི་ཡུལ་སྐྱབས་བཅོལ་འཁྱམས་པའི་སྐྱོ་གར་རིང༌།།

ལྟོས་དང་ཕ་གིའི་ཤར་ནུབ་རྒྱལ་ཁབ་ཚོར།། སྲིད་འབྱོར་རིག་གསུམ་དར་བའི་དཔལ་ཡོན་ལ།། སྣུམ་ཟད་མར་མེ་འདྲ་བའི་བོད་འབངས་ཚོ།། སེམས་ཁམས་སྐྱོ་བའི་ན་བུན་མི་འཐིབས་སམ།།

ད་ནི་ཊི་བྷེ་ཊ་ཡི་མི་རིགས་ཚོ།། སེམས་ཆུང་སྡུག་གིས་བཀང་ཡང་མི་ཕན་པས།། མགོ་བོ་གནམ་ལ་བཀྱགས་ནས་གཟིགས་མོ་མཛོད།། ཞི་བདེའི་དེད་དཔོན་མཛད་འཕྲིན་གསན་རོགས་གྱིས།།

སྐུ་ཡི་མེ་ཏོག་ཤར་མཐའི་ཡུལ་ནས་འཁྲུངས།། ཐུགས་ཀྱི་ཟེའུ་འབྲུ་ལྷ་ལྡན་ཡུལ་ནས་རྒྱས།། གསུང་གི་འཕྲིན་ལས་འཛམ་བུ་གླིང་ལ་ཁྱབ།། ཡ་མཚན་རྣམ་ཐར་རི་མོ་རྫོགས་པ་མེད།།

ཤར་ཕྱོགས་མགོ་ནག་མི་ཡི་འཇིག་རྟེན་དང༌།། ནུབ་ཕྱོགས་མགོ་སེར་ཡུལ་གྱི་རྒྱལ་ཁམས་ལ།། ཡར་ཀི་གནམ་ནས་ཤར་བའི་ཉི་མ་བཞིན།། ཀུན་ལ་སྙོམས་པའི་འོད་སྣང་ལྷམ་མེར་འཕྲོས།།

ཁ་རྩངས་ནུབ་ཕྱོགས་ཨ་མེ་རི་ཁ་ནས།། འབངས་སྡེ་ཆིག་ཏུ་སྒྲིལ་བའི་གྲོས་ཚོགས་ནང༌།། མཚོ་བཞི་གླིང་ལྔའི་འགྲོ་བ་མི་ཡི་ཁྲོད།། ཡ་མཚན་འབུར་དུ་ཐོན་པ་ཁྱེད་ཉིད་བདམས།།

ཐེག་ཆེན་ཆོས་ཀྱི་གླིང་ནས་ཞབས་ཀྱིས་བཅགས།། མང་སྡེ་ཆིག་སྒྲིལ་ཚོམས་ཆེར་ཞབས་ཟུང་འཁོད།། འཛམ་གླིང་རྒྱལ་པོ་ཇོ་ཤི་བྷུ་ཤི་དང༌།། ཚོགས་གཙོ་ལྕམ་སྐུ་ནེ་སན་པོ་ལོར་མཇལ།།

མི་ཚོགས་ཁྲི་ཕྲག་འདུས་པའི་ཚོགས་ར་ནང༌།། གྲགས་ཅན་མི་སྣ་མང་པོའི་བསྔགས་བརྗོད་སྙན།། སེར་པོ་གསེར་གྱི་གཟེངས་རྟགས་མེ་ཏོག་ཅན།། ཨ་རིའི་སྲིད་འཛིན་བྷུ་ཤུའི་ཕྱག་ནས་བཞེས།།

ཆར་འདོད་བྱེའུ་འདྲ་བའི་མི་ཚོགས་ལ།། བོད་རྒྱའི་དཀའ་རྙོག་གསལ་བའི་བསྒྲགས་གཏམ་སྤེལ།། ཞི་བདེའི་གསུང་འཕྲིན་སྙན་པོས་འགྲོ་བ་ཀུན།། ཡིད་སེམས་གཅིག་ཏུ་འགུག་པའི་ཆོ་གར་མཁས།།

འཚུབ་མའི་རླུང་གི་སྐུལ་བའི་མཚོ་གྲུ་བཞིན།། དམག་དང་འབྱུང་བཞི་འཁྲུག་པའི་འཇིག་རྟེན་འདིར།། འཛམ་གླིང་སྤྱི་པའི་དཀོན་མཆོག་གཅིག་ཉིད་དུ།། ཁྱེད་ལ་རེ་བའི་མེ་ཏོག་ཀུན་གྱིས་གཏོར།། འཇིག་རྟེན་མི་ཡུལ་སྤྱི་ཡི་བདེ་སྡུག་དང༌།། བྱེ་བྲག་གངས་ཅན་བོད་ཀྱི་བསྟན་སྲིད་ཟུང༌།། གནམ་གྱི་མཐོངས་ནས་་དོག་མོ་ས་ཡི་བར།། ཁྱེད་ལས་གཉིས་པའི་སྐྱབས་མགོན་མེད་པར་ཤེས།།

ད་ནི་ཁ་བ་རི་བའི་རྗེ་འབངས་ཚོ།། ཕ་བསད་དགྲ་ལ་མགོ་འདོགས་མི་དགོས་པར།། རང་དབང་བདེན་པའི་ཉི་མ་སྟོང་གི་འོད།། མི་མངོན་གནམ་གྱི་མཐོངས་ནས་འཆར་ལ་ཉེ།།

རང་དབང་བདེན་པའི་ཉི་འོད་འདྲེན་པ་ཡི།། ཞི་བདེའི་སྐྱ་རེངས་གསར་པའི་ཁ་ལོ་བ།། ཕྱག་ན་པདྨོའི་སྐུ་ཚེ་མཛད་འཕྲིན་ལ།། རྟག་བརྟན་གཡུང་དྲུང་རི་མོས་ཤིས་པ་སྒྲུབས།། ད་དུང་གསོན་དང་བོད་རིགས་སྤུན་ཟླ་ཚོ།། ྋགོང་ས་ཆེན་པོའི་རྨད་བྱུང་མཛད་པ་ལ།། ངོ་མཚར་ཡ་མཚན་སྟོང་གི་མཛེས་བཀོད་ཅན།། ཆེས་མཐོའི་གཟེངས་རྟགས་ཕུལ་བ་ཤིན་ཏུ་མང༌།།

འོན་ཀྱང་གངས་ལྗོངས་ཡོངས་རྫོགས་རང་བཙན་དང༌།། ཆེས་མཐོའི་རང་སྐྱོང་འབུལ་མཁན་སུ་ཡང་མེད།། རྩ་དོན་འདི་ཉིད་གནམ་ནས་འབབ་པ་དང༌།། ས་ནས་སྐྱེ་བའི་རེ་བ་གང་ཡང་མེད།།

ལྷ་ལ་རེ་བ་བཅོལ་བའི་བྱིན་རླབས་དང༌།། འདྲེ་ལ་གཏོར་མ་བརྫངས་པའི་གནོད་བཟློག་གཉིས།། རང་བཙན་ལེན་པའི་ཐབས་འཕྲུལ་མ་ལགས་པས།། འདི་ཡང་སེམས་ཀྱི་ཟུར་ན་ངེས་པ་དགོས༌།།

གོང་སའི་བཀའ་ཡི་མེ་ཏོག་གཙུག་ཏུ་བཀུར།། རང་དབང་གཙང་མའི་རྩ་དོན་སེམས་ན་ཉར།། འཚེ་མེད་ཞི་བའི་ལས་འགུལ་ལག་ཏུ་བསྟར།། ད་ནི་རང་བཙན་ལེན་པའི་དུས་ལ་བབ།།

མགོ་ནག་མགོ་སེར་གཉིས་ཀྱི་སྤྱི་གཙུག་ན།། ཉི་ཟླའི་དཀྱིལ་འཁོར་བཞིན་དུ་ཤར་བ་ཡི།། ཡིད་བཞི་ནོར་བུ་རང་ལག་ཡོད་དུས་འདིར།། ནོར་བུའི་ནོར་ཉམས་ཆོད་དང་བོད་རིགས་ཚོ།།

གཞིས་བཞུགས་བོད་པས་ལུས་སྲོག་འགྲོ་གྲོན་གཏོང༌།། ཕྱི་སྡོད་སྤུན་ཟླས་བདེན་པའི་ཁྱབ་བསྒྲགས་སྤེལ།། རི་ཁྲི་ཆུ་སྟོང་བརྒལ་བའི་འཕྲང་སྣེ་ནས།། གཞིས་བྱེས་མཉམ་དུ་མཛོམས་པའི་དུས་ཚོད་ཉེ།།

ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་བར།། དེ་སྲིད་བོད་འབངས་ཡོངས་ཀྱི་མགོན་མཛད་ནས།། དམངས་གཙོའི་གསེར་གྱི་རྩིབས་སྟོང་འཁོར་ལོ་ཡིས།། ཞི་བདེས་དབང་དུ་སྒྱུར་དང་གངས་ཅན་མགོན།།

བསམ་ཞིང་བསམ་ཞིང་ཚོར་འདུའི་མེ་རླབས་གཡོ།། གཡོ་ཞིང་གཡོ་ཞིང་སེམས་ཀྱི་སྙན་ངག་བྲིས།། བྲིས་ཤིང་བྲིས་ཤིང་རྫོགས་མཐའ་མི་འདུག་ཀྱང༌།། སེམས་ཀྱི་སྙན་ངག་འབྲི་མཚམས་འདི་ནས་བཞག།

སྐུལ་བའི་རྩོམ་འདི་འབྲི་བར་ཆེས་སྤྲོ་ཡང༌།། དུས་ཀྱི་རྒྱལ་མོའི་བཀོད་སྒྲིག་འགག་དོགས་པས།། ཟླ་ངོ་བཅུ་ལྷག་ལུས་པའི་མཇུག་སྣེ་ནས།། དེ་རིང་ཉིན་མོར་ཐོལ་བྱུང་བྲིས་པ་ལགས།། དྷ་ས་གངས་སྐྱིད་སྤྱི་འཐུས་ལྷན་ཁང་དུ། ༢༠༠༨།༦།༢༥།ཉིན་བྲིས།


པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ལ་ཕུལ་བའི་རྗེས་དྲན།

གསུང་སྙན་བྱེའིུ་འགྱུར་ཁུག་དང་འགྲོགས་པའི།། གཡུ་ལོས་མཛེས་པའི་ནགས་ཀླུང་ཉམས་དགའ་བར།། བག་ཕེབས་རྩེ་འཇོ་རོལ་བ་ལོས་སྐྱིད་ཀྱང༌།། སེམས་ཀྱི་རྨ་ཁའི་ནད་ལ་ཅི་ཞིག་ཕན།།

ཟླ་འོད་སབ་སིབ་འཐོར་བའི་མཚན་ལྗོངས་ལ།། ཤང་ཤང་ཆུ་འགྲམ་འཁྱོགས་པའི་ལམ་སྣེ་བཟུང༌།། སེམས་ཀྱི་མཚོ་རླབས་གཡོ་བའི་འཕྱོ་སྒྲ་ཡིས།། ཟུར་གསུམ་སྙིང་གི་ཁྲག་རྩ་འགད་ལ་ཁད།།

འཚུབ་མའི་རླུང་གིས་བདས་པའི་སྒེའུ་ཁུངས་ཀྱི།། ཁྲ་ཡོལ་ཟད་རྙིང་ལྷབ་ལྷུབ་གཡོ་བའི་འགྲམ།། གསལ་ལ་མ་གསལ་མཆེད་པའི་གློག་སྒྲོན་འོག། མ་བཅོས་སེམས་ཀྱི་སྙན་ངག་འབྲི་མགོ་ཚུགས།།

ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་ཁམས་ནས།། བྱང་ཕྱོགས་མུན་པའི་རུ་ཚོགས་དབྲལ་བའི་སླད།། ཤར་ཕྱོགས་ཨ་མདོའི་ཡུན་ནས་འཁྲུངས་བའི་བུ།། ལྷོ་ཕྱོགས་འཛམ་གླིང་ཧྲིལ་པོའི་ཁྱོན་ན་གྲགས།།

ཨ་མདོ་ཡུལ་ནས་ཨ་ལགས་བླ་ཁོས་བསྐྱངས།། ནང་མ་སྒང་གིས་ནང་ཚོགས་བྱས་པ་ལས།། དགའ་ལྡན་ཕོ་བྲང་དགའ་བ་མ་གྱུར་ཀྱང༌།། གངས་ཅན་ཞིང་དུ་གངས་སེང་བཞིན་དུ་འགྱིངས།།

གུང་ཁྲན་ཏང་གི་གུང་ནས་ཇུས་ངན་བཏོན།། ནང་བ་སྒང་གིས་ནང་ནས་ངན་རུལ་བྱས།། སྡེ་པ་གཞུང་གིས་སྡེ་གཟར་བསླངས་དོགས་ཀྱང༌།། གང་ཁྱོད་ཕྱོགས་མེད་གང་བའི་ཉ་བཞིན་ཚེས།།

འཁོར་མང་སྐར་ཚོགས་དབུས་ན་ཟླ་གཞོན་བཞིན།། དབུས་འགྱུར་ཆོས་ཀྱི་དྲི་མེད་ལྷ་ཡི་ལམ།། གངས་ཅན་ཞིང་གི་མགོན་པོ་ཉི་ཟླ་གཉིས།། མཉམ་དུ་འཆར་བའི་དགེ་ལེགས་འོད་སྣང་གསལ།།

འཕགས་པའི་ཡུལ་དུ་འཕགས་པའི་རྗེས་དྲན་ཕེབས།། གངས་ཅན་ཞིང་དུ་གངས་རིའི་ལས་དབང་འཚོལ།། དུས་འགྱུར་སྐབས་སུ་དུས་ཀྱི་སྒྲོན་མེ་གནང༌།། ཁྲི་ཁྲག་བདུན་གྱིས་ཁྲི་ཡི་གོ་ས་དོར།།

ངོ་དགའ་མི་མཁྱེན་ངོ་ལོག་གྲས་ལ་ལྷུང༌།། གོ་རྟོགས་མཐོ་བས་གོ་སའི་ཁྲི་ལས་ཕབ།། གསར་ཞེན་མེད་པས་གསར་བརྗེ་ངོ་ལོག་རྩིས།། ཁ་སྲོང་གཏིང་སྲོང་ཁ་བྲལ་རིང་ལུགས་ཆགས།།

གྲལ་རིམ་འཐབ་རྩོད་འཚུབ་མོའི་གྲལ་མཐའ་ནས།། དམར་སྲུང་དམག་གི་དམར་པོའི་འཐབ་རྩོད་མྱོང༌།། མུན་པའི་ཞྭ་མོ་གོན་ནས་མུན་པའི་བཙོན།། ལྕགས་ཁྲའི་ནང་དུ་ལྕགས་སྒྲོག་བརྒྱབ་ནས་བཙུད།།

ཁྲིམས་མཐུན་དྲང་བདེན་མིན་པའི་ཁྲིམས་ཆད་ཀྱིས།། ས་ཡ་དྲུག་གི་དོན་དུ་ས་འོག་བཞུགས།། གོང་ས་ཆེན་པོ་སྤྱི་བོའི་གོང་དུ་བཀུར།། དམ་ཚིག་གཙང་པའི་མི་ཕྱེད་དམ་བཅའ་བརྟན།།

རྒྱ་རྒན་ཕལ་ཆེར་ཕྱི་མའི་ལམ་དུ་སོང༌།། མི་བཞི་ཤོག་ཁག་ཐལ་བའི་རྡུལ་དུ་བརླགས།། ཏིང་ཤོའུ་ཕེང་གི་རིག་པའི་གཞུང་ལུགས་འོག། སྲིད་ཇུས་གུ་ཡངས་བཟང་པོའི་མིག་འཕྲུལ་བསྟན།།

མི་ཡི་སེང་གེ་མི་མཆོག་དམ་པ་ཁྱེད།། མུན་པའི་བཙོན་ནས་མུན་སེལ་སྒྲོན་མེ་བཞིན།། ཤར་མཐའི་མཁའ་དབྱིངས་ཤར་མ་ཐག་པ་ནས།། གངས་ཅན་ཚེ་སྲོག་གངས་རིའི་ཁྲོད་ནས་རྙེད།།

ཆོལ་ཁ་གསུམ་ལ་གཟིགས་སྐོར་རིམ་པར་ཕེབས།། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་བསྐྱར་གསོ་གནང༌།། ཆོས་རིག་རྩ་བ་བརྟན་པོའི་རྨང་གཞི་བཙུགས།། མི་རིགས་ལ་རྒྱ་བཙན་པོའི་དར་ཆེན་འཕྱར།།

དགོན་སྡེ་གྲྭ་ཚང་མང་པོའི་ཆོས་སྒོ་ཕྱེས།། བཤད་སྒྲུབ་འཆད་ཉན་ཆོག་པའི་ལམ་སྟོན་གནང༌།། མདོ་དབུས་ཁམས་ཀྱི་སློབ་གྲྭ་སྟོང་ཕྲག་ལ།། བོད་ཡིག་སློབ་ཁྲིད་ཆོག་པའི་གོ་སྐལ་བཙལ།།

གོང་ས་མཆོག་གིས་ནང་མོལ་འཚམས་འདྲི་གནང༌།། ཕྱི་སྡོད་བོད་ལ་མཛའ་བའི་ཆིང་ཐག་བཅིངས།། ཆོལ་གསུམ་བོད་རིགས་གཅིག་ཏུ་སྒྲིལ་བ་ཡི།། བོད་རྒྱ་གཉིས་ཕན་ཡོང་བའི་ལམ་བཟང་འཚོལ།།

རིས་མེད་དགོན་སྡེ་བརྒྱ་ཕྲག་དུ་མ་དང༌།། མདོ་དབུས་སློབ་གྲྭ་སྟོང་ཕྲག་དུ་མས་མཚོན།། ཆོས་དང་རིག་གཞུང་རྒྱུན་འཛིན་ཁྲི་ཕྲག་ལ།། དཔལ་འབྱོར་ནོར་གྱི་མཐུན་རྐྱེན་ལྷུག་པོར་བསྐྲུན།།

པེ་ཅིང་ཕེབས་ནས་དོན་ཚན་བཅུ་བདུན་ལ།། ས་བཏགས་འགོད་མཁན་རྒྱལ་འཚོང་མ་ཆགས་པར།། ལྷ་སའི་ཁྲོམ་དུ་ཚོང་ཁང་འགའ་བཙུགས་པས།། ཚོང་པ་རྒྱག་པའི་མིང་ངན་གང་སར་བསྒྲགས།།

རླབས་ཆེན་སྤྱོད་པའི་རླབས་ཀྱི་ཟེགས་མ་ལ།། བཟང་ངན་མི་ཤེས་བཟང་ལན་ངན་འཇལ་གྱིས།། གནའ་རོ་སྐམ་པོ་བསླངས་པའི་གནའ་མི་འགས།། རྒྱལ་ཞེན་ཅན་ཁྱོད་རྒྱལ་འཚོང་གྲས་ལ་གཡུགས།།

གཉེན་གྱི་ཐོག་ཏུ་མཆེ་བ་མཚོན་ལས་རྩུབ།། དགྲ་རྐུབ་ལྡག་པའི་ལྕེ་ལེབ་དར་ལས་འཇམ།། ཕྱི་འཇམ་ནང་དུ་རྩུབ་པའི་མི་རིགས་ཁྲོད།། དམ་བཅའི་རི་མོ་མ་ཟུབ་དམ་བཅའ་བརྟན།།

ལེགས་ཉེས་རྣམ་པར་བྱེད་པའི་རྣམ་དཔྱོད་མེད།། ཕྱོགས་དང་རིས་སུ་ལྷུང་བའི་རྨོངས་པ་འཐིབས།། མགོ་བོའི་ལྷ་ལྔ་དགྲ་བོའི་དྭངས་མར་མཐོང༌།། བསོད་ཟད་ཁ་བ་རི་བའི་ཆགས་སྒོ་ཉོས།།

གུང་ཁྲན་ཏང་གི་ལྐོག་ནས་ངན་ཇུས་སྤེལ།། གཞིས་སྡོད་བོད་འགས་མིང་ངན་འདྲ་མིན་བཏགས།། ཕྱི་སྡོད་འགའ་ཡི་རི་བོང་ཅལ་འདྲོགས་ཁྲོད།། ཁྱོད་ཀྱི་ཐུགས་དགོངས་རྒྱ་མཚོའི་ཀློང་ལྟར་ཡངས།།

ལས་ལ་བརྩོན་ཞིང་དཔལ་ངར་ལྡན་པ་ཡི།། བོད་རིགས་བུ་རབས་ཚ་བརྒྱུད་མཚན་སྙན་ལ།། གནོད་པའི་རྗེས་ཤུལ་ཕྲ་མོ་ཙམ་ཞིག་ཀྱང༌།། མི་འཇོག་པ་འདི་དམ་བཅའ་ཡིན་ཞེས་གསུང༌།།

རྒྱ་བོད་ཕྱི་ནང་མི་རིགས་སུ་ཡིན་ཀྱང༌།། བསྟོད་སྨད་ཁྲོམ་བསྒྲགས་ཇི་ལྟར་བྱེད་ན་ཡང༌།། བོད་ལྗོངས་སྣོད་བཅུད་བསྟན་སྲིད་ལ་རྒྱ་ཆེད།། ནམ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་འཆང༌།།

གུང་ཁྲན་ཏང་གི་དཔོན་ངན་རྒན་པོ་ཚོས།། རྒྱ་སྟག་སྒོ་ཁྱིར་འདོགས་པའི་ཐབས་ཟད་དེ།། ཞིམ་པོའི་ཟསལ་ནག་པོའི་དུག་བཏབ་ནས།། གང་ཁྱོད་འཇིག་རྟེན་གཞན་གྱི་ཁམས་སུ་བསྐྱལ།།

སྣང་བྱེད་ཉི་མ་ནུབ་རིའི་རྩེ་ནས་བཞུད།། མུན་པའི་སྨུག་སྤྲིན་ཤར་མཐའི་རུམ་ནས་འཐིབས།། དྲིན་ཆེན་ལས་པ་རྡོ་རྡུང་བྱེད་མཁན་ཚོར།། མགོན་སྐྱབས་བོར་བའི་ཚོར་བ་གཞི་ནས་སྐྱེས།།

སྔོན་མོའི་གནམ་དང་དོག་མོའི་ས་ཡི་དབར།། ས་ཡ་དྲུག་གི་བསྟན་སྲིད་མི་རིགས་ཆེད།། སྙིང་སྟོབས་སྤོབས་པ་ཁྱོད་དང་འདྲ་བ་ཞིག། མ་བྱུང་མི་འབྱུང་ཕྱིས་ཀྱང་འབྱུང་བ་དཀོན།། དེ་ཕྱིར་ཁྱོད་ཀྱི་སྐུ་ཚེ་མཛད་རིམ་ལ།། ཞིབ་ཏུ་བརྟགས་པའི་སྡོམ་ཚིག་སྐྱུར་མོ་འདི།། སུ་ལ་ཕོག་ཀྱང་འགྱོད་པ་མི་འདུག་པས།། ཁ་རུ་ཁ་ཐུག་བྱས་ནས་བྲིས་པ་ལགས།།

རྗེས་དྲན་དད་པའི་རང་སྒྲ།

རྗེ་བཙུན་བླ་མ་དམ་པ་བསྟན་པ་བསྟན་འཛིན་རིན་པོ་ཆེ་ཞི་བར་གཤེགས་པའི་རྗེས་དྲན་དུ་ཕུལ་བ།

རྨད་བྱུང་ཐུགས་བསྐྱེད་དོན་ཡོད་ཞགས་པའི་འཕྲུལ།། གཡོ་མེད་རྒྱ་མཚོའི་རླབས་དང་ཉེར་འགྲོགས་པས།། བདེ་གཤེགས་བསྟན་པ་དུས་ཀྱིས་གཏུགས་པ་ལས།། སྐྱོབ་མཛད་བསྟན་འཛིན་མཆོག་ལ་གསོལ་བ་འདེབས།།

གཞོན་ནུ་ཉིད་ནས་གོམས་པའི་བག་ཆགས་ཀྱིས།། སྲིད་ལ་ངེས་པར་འབྱུང་བའི་ཐུགས་འཁྲུངས་ནས།། རྣམ་དག་ཐར་པའི་རྒྱལ་ས་འཛིན་པའི་སླད།། ངུར་སྨྲིག་རྒྱལ་མཚན་འཆང་ལ་གསོལ་བ་འདེབས།།

ཐོས་བསམ་ནོར་བུའི་གླིང་དུ་རྩེན་པའི་སླད།། ཞབས་ཟུང་འཁོར་ལོ་དབུས་འགྱུར་ཞིང་དུ་བསྒྱུར།། རྒྱན་དྲུག་ཁེངས་པ་བསྙིལ་པའི་མདུན་ས་ནས།། ཐོས་པས་མཐའ་རྒྱ་གཅོད་ལ་གསོལ་བ་འདེབས།།

ཟབ་རྒྱས་གསུང་རབ་དགོངས་པའི་སུ་ཝཱ་རྞ།། དྲི་མེད་རིགས་པས་བསྲེགས་བཅད་བརྡར་བའི་འཕྲུལ།། ཕྱོགས་གླང་གྲགས་པའི་རིང་ལུགས་དང་འགྲོགས་ཏེ།། བསམ་པས་གཏན་འབེབས་མཛད་ལ་གསོལ་བ་འདེབས།།

གང་ཞིག་ཐོས་དོན་རིགས་པས་དཔྱད་པའི་འབྲས།། ཞི་དུལ་བག་ཡོད་སྤྱོད་པ་དང་འགྲོགས་པའི།། ཉིན་མཚན་ཀུན་ཏུ་རང་རྒྱུད་ལ་བརྟགས་ཏེ།། སྒོམ་པས་ཉམས་སུ་བླངས་ལ་གསོལ་བ་འདེབས།།

ལྷ་ལྡན་མཁས་མང་ནམ་མཁའི་སྐར་ཚོགས་ཁྲོད།། ལུང་རིགས་དཀྱིལ་འཁོར་རྫོགས་པའི་ཟླ་གཞོན་གྱིས།། ཕྱག་ན་པདྨོའི་ཐུགས་ཀྱི་མཁའ་དབྱིངས་སུ།། སྒྲུབ་པའི་མཆོད་པ་ཕུལ་ལ་གསོལ་བ་འདེབས།།

ས་ཕག་དུས་འགྱུར་འབར་བ་ལས་བྱོལ་ནས།། ཞི་བདེའི་མཁར་རྫོང་གང་དུ་བཅས་པའི་གནས།། སྦག་སར་གྲགས་པའི་ནང་བསྟན་ཆོས་སྒར་དུ།། བསྟན་པའི་མེ་རོ་གསོས་ལ་གསོལ་བ་འདེབས།།

ཕྱག་ན་པདྨོའི་ཐུགས་བསྐྱེད་ཉི་གཞོན་དང༌།། ལྷན་ཅིག་ལྷོ་མཐའ་ཀར་ན་ཋ་ཀ་རུ།། བྱེས་འབྱོར་གདན་སའི་བསྟི་གནས་བཙུགས་པའི་རྗེས།། བསྟན་པའི་སྲོག་ཤིང་འཛིན་ལ་གསོལ་བ་འདེབས།།

མ་སྨད་མཁས་བཙུན་བཟང་པོའི་རྣམ་ཐར་གཙང༌།། རྨད་བྱུང་ལྟ་སྒོམ་སྤྱོད་པའི་མཛད་པ་བཟང༌།། དགེ་ལེགས་འཆད་རྩོད་རྩོམ་པའི་ལེགས་བཤད་སྙན།། བསྟན་པའི་སྙིང་པོ་འཆང་ལ་གསོལ་བ་འདེབས།།

བཤད་པས་ལུང་གི་བསྟན་པ་ཕྱོགས་བརྒྱར་སྤེལ།། སྒྲུབ་པས་རྟོགས་པའི་རྒྱལ་མཚན་དབྱིངས་ན་སྒྲེངས།། རྣམ་དག་འཁོར་ལོ་གསུམ་གྱི་འཕྲིན་ལས་ཡངས།། ངེས་དོན་བསྟན་འཛིན་མཆོག་ལ་གསོལ་བ་འདེབས།།

ནང་དུ་རིམ་གཉིས་རྟོགས་པའི་གདེངས་མཐོ་ཡང༌།། ཕྱི་རུ་ཉན་ཐོས་སྤྱོད་པའི་བརྟུལ་ཞུགས་འཆང༌།། མདོ་སྔགས་གཅིག་གྲོགས་གཅིག་ཏུ་འཆར་བ་ཡི།། ཞྭ་སེར་བསྟན་པའི་རྒྱན་ལ་གསོལ་བ་འདེབས།།

ལུགས་ཟུང་གཟིགས་པའི་སྤྱན་དཀྱུས་ལྷག་པར་རིང༌།། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མཁའ་ལྟར་ཡངས།། ཕྱོགས་ལས་རྣམ་རྒྱལ་དགའ་ལྡན་ཕོ་བྲང་པའི།། དཔུང་གཉེན་དམ་པ་མཆོག་ལ་གསོལ་བ་འདེབས།།

རྒོལ་ངན་འཇོམས་པའི་རིགས་འཕྲུལ་མེ་ལྟར་འབར།། འཐད་ལྡན་སྒྲུབ་པའི་ལུང་གི་གོ་རྒྱ་ཡངས།། གཟུ་བོར་གནས་པའི་ཐུགས་ཀྱི་རི་བོ་ལྕི།། ངེས་དོན་དྲང་སྲོང་མཆོག་ལ་གསོལ་བ་འདེབས།།

གང་ཁྱོད་ཞིང་འདིའི་གདུལ་བྱ་རྫོགས་པ་ན།། ཐུགས་ཀྱི་དགོངས་པ་དབྱིངས་སུ་བསྟིམས་བྱས་ཀྱང༌།། སླར་ཡང་བསྟན་དང་འགྲོ་བའི་དོན་གྱི་ཕྱིར།། སྤྲུལ་པའི་ཉིན་བྱེད་མྱུར་བར་འཆར་དུ་གསོལ།།

གོང་མའི་རྣམ་ཐར་བཟང་པོའི་རྗེས་ཞུགས་ཏེ།། ཞྭ་སེར་བསྟན་དང་དགའ་ལྡན་ཕོ་བྲང་པའི།། ལུགས་ཟུང་གསེར་གྱི་འཁོར་ལོའི་རམ་འདེགས་སུ།། ཐུགས་བསྐྱེད་དུས་ལས་གཡོལ་བ་མེད་གྱུར་ཅིག།

ལྷ་གཅིག་ཕྱག་ན་པདྨོའི་བྱིན་རླབས་དང༌།། མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་དང༌།། ཆོས་ཉིད་རྟེན་འབྱུང་ཟབ་མོའི་བདེན་མཐུ་ཡིས།། གང་ཞིག་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག།

ཅེས་པ་འདི་ཡང་དགེ་ལྡན་བསྟན་པའི་སྲོག་ཤིང་ངེས་དོན་མཁས་པའི་ཁྱུ་མཆོག་འབྲས་སྤུངས་ཁྲི་པ་རྗེ་བཙུན་བསྟན་པ་བསྟན་འཛིན་མཆོག་ཞི་བར་གཤེགས་པའི་རྗེས་དྲན་གྱི་ཆེད་རྩོམ་ཞིག་དགོས་ཞེས།བཀོད་སྒྲིག་པ་སྤྱི་དང་རང་གི་སློབ་བུ་འགའ་ཞིག་གིས་ཀྱང་རྒྱུད་ནས་བསྐུལ་གནང་མཛད་པ་བཞིན།བཤེས་གཉེན་ཆེན་པོ་འདི་ཉིད་ལ་སྔར་ནས་རྒྱུ་མཚན་ཤེས་པའི་སྒོ་ནས་མི་ཕྱེད་པའི་དད་པ་ཐོབ་པ།བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་བས་གནས་མཆོག་ཝཱ་རཱ་ཎཱ་སཱིའི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་འོས་སློབ་ཁྲིད་ཀྱི་ལས་ཞོར་དུ། ལེགས་པར་སྦྱར་བའི་གཞུང་གིས་མཚོན་གཙུག་ལག་ཤེས་བྱའི་དཔེ་དེབ་འབུམ་ཕྲག་བརྒལ་བའི་དཔེ་མཛོད་ཆེན་མོའི་ཡང་ཐོག་ཏུ།རབ་རྒྱལ་མེ་ཕག་༢༠༠༧་༩་༡༥ལོར་དང་བ་ཆེན་པོས་སྦྱར་བ་དགེ་ལེགས་འཕེལ།།

མཁན་ཆེན་དམ་པ་ཀུན་དགའ་དབང་ཕྱུག་གི་རྗེས་དྲན་མ་ བཅོས་སེམས་ཀྱི་རང་མདངས།།

གཞི་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་རུམ་ནས།། འཕོ་མེད་སྟོང་གསལ་བདེ་ཆེན་དག་པའི་ལྷ།། རྒས་མེད་བཅུ་དྲུག་ལང་ཚོའི་རྣམ་རོལ་སྐུ།། འབྲལ་མེད་བདེ་ཆེན་འཁོར་ལོའི་རྒྱན་དུ་རོལ།། འདི་ན་སྐྱེས་ཆེན་རྒྱུ་སྐར་ཕྲེང་བའི་དབུས།། རྨད་བྱུང་མཛད་པའི་ཆ་ཤས་རྫོགས་པ་ཡི།། ཀུན་ནས་ཀུ༵ན་དག༵འ་བསྐྱེད་པའི་དཔལ་ཡོན་ཅན།། དབ༵ང་ཕྱུག༵་བརྒྱད་ལྡན་གང་དེའི་མཛད་པ་སྙན།། བྱེ་བ་ཕྲག་བརྒྱའི་ཀླུང་བཞིའི་རྡུལ་སྙེད་དང༌།། གཅིག་ཏུ་བསྡེབས་པའི་རྣམ་དཀར་མཛད་པའི་འཕྲུལ།། ཚུར་མཐོང་ཕལ་བའི་བློ་ཡིས་གཞལ་མིན་ཡང༌།། གང་ཞིག་མཐོང་ཐོས་བྱུང་རྣམས་འདི་ན་གླེང༌།། ཡོད་བཞིན་མེད་པའི་སྐུར་བ་བཏབ་པ་དང༌།། མེད་བཞིན་ཡོད་པའི་སྒྲོ་འདོགས་བྱས་པ་ཡི།། མཐའ་གཉིས་སྤངས་པའི་ཚངས་པའི་དབྱངས་སྙན་འདི།། གཟུར་གནས་རྣ་བའི་དགའ་སྟོན་ཉིད་དུ་མཛོད།། གོང་མའི་སྐུ་རབས་བགྲང་པའི་རྫུན་གཏམ་མེད།། ལྷ་བླའི་ལུང་སྟོན་བབ་པའི་འུར་ཤོབ་མེད།། བྱིས་པ་ཁྲི་ཐོག་ངུས་པའི་ཀི་ཅོ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། ཕ་རིགས་དམའ་བ་མོན་པ་ཡ་བོར་མིན།། མ་རུས་ཞན་པ་མུན་ལྟོའི་རྩག་རལ་མིན།། ཆོ་འབྲང་མི་གཙང་མུན་ནག་རྡོ་འཕངས་མིན།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། ཆུང་དུས་ཕ་མའི་བཀའ་ལས་འགོངས་པ་མེད།། གཞོན་དུས་བླ་མའི་དགོངས་པ་འགལ་བ་མེད།། རྒས་དུས་བསྟན་པ་ཡལ་བར་འདོར་བ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། ཉམ་ཆུང་འབུ་སྲིན་བསད་པའི་བྱིས་སྒྲུང་མེད།། ཁྱི་དང་ལི་ལི་རྡུང་བའི་སྤྲ་ཚགས་མེད།། གྲོང་རོགས་ཁྱིམ་མཚེས་སུན་པའི་བསྟན་བཤིག་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། མི་བསད་རྟ་སྒྲིལ་བྱས་པའི་སྡིག་སྤྱོད་མེད།། རྐུ་ཇག་ཁྲམ་ལ་འཇུག་པའི་ཁྲིམས་འགལ་མེད།། དགྲ་འདུལ་གཉེན་སྐྱོང་བྱས་པའི་ཕྱོགས་རིས་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། རབ་བྱུང་མ་སྒྲུབ་ཕ་རྒན་ཡར་ལོག་མིན།། བཤེས་གཉེན་མ་བསྟེན་རྨོངས་པ་མགོ་འཐོམ་མིན།། གདམས་ངག་མ་ཞུས་ཤིང་སྡོང་ཁོག་རུལ་མིན།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། ཐོས་པ་མ་བསགས་ལག་རྡུམ་བྲག་འཛེགས་མིན།། བསམ་པས་མ་དཔྱད་ཕ་བོང་ཁེར་ཉལ་མིན།། དཔྱོད་འཇོག་མ་བསྟེན་ཕྱི་བ་ཁུངས་འཛུལ་མིན།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། འཆད་རྩོད་རྩོམ་པའི་གནས་ལ་ཆགས་ཐོགས་མེད།། མཁས་བཙུན་བཟང་པོའི་མཛད་པ་བསུབ་ཏུ་མེད།། ལྟ་སྒོམ་སྤྱོད་པའི་མན་ངག་འཆུགས་པ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། ཐོས་བསམ་སྒོམ་གསུམ་ཡ་བྲལ་སོང་བ་མེད།། རང་གཞན་དོན་གཉིས་གོ་ལྡོག་ཐེབས་པ་མེད།། རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་འཆོར་བ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། དམར་པོའི་བཙོན་དུ་རང་ཚུགས་ཤོར་བ་མེད།། ཁྲིམས་རའི་ནང་དུ་གཞན་མཚང་བརྗོད་པ་མེད།། དམར་པོའི་གཞུང་གི་ཧུར་བརྩོན་གནང་བ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། སྐྱིད་སྡུག་ལྷ་ལ་བཅོལ་བའི་རྨོངས་དད་མེད།། ངན་ཁག་འདྲེ་ལ་བཀལ་བའི་རྣམ་རྟོག་མེད།། ལས་འབྲས་བསླུ་བ་འཆར་བའི་ལོག་རྟོག་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། བརྟེན་གསུམ་མེ་ལ་བསྲེགས་པའི་སྡིག་ཅན་མིན།། བསྟན་སྲིད་དགྲ་ལ་བསྐྱལ་བའི་ཉེས་ཅན་མིན།། ཕོ་རུས་ཁྲོམ་སར་གཤམ་པའི་བླ་འཚོང་མིན།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། ཕྱི་མགོ་ནང་འཚོང་བྱེད་པའི་དཔོན་ཆེན་མིན།། ཀླ་ཀློའི་ལས་དོན་སྒྲུབ་པའི་ཕོག་ཟོན་མིན།། ནང་གཏམ་ཕྱི་ལ་ཁྱེར་བའི་སོ་ཉུལ་མིན།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། རང་མགོ་རང་གིས་གཡོག་པའི་བྱབ་ཆུང་མིན།། གཞན་མགོ་ཐབས་ཀྱིས་བསྐོར་བའི་ཟོག་པོ་མིན།། དོན་ཆེན་རླུང་ལ་བསྐུར་བའི་མགོ་ཡང་མིན།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། རང་མགོ་མི་ཐོན་འཁྲི་ཤིང་སྒུར་ཀྱོག་མིན།། གཞན་ལ་མི་བརྟེན་རྟོ་ལེ་ཁེར་ཉལ་མིན།། སྲིད་ལུགས་མི་ཤེས་བྱང་ཁའི་འབྲོག་རྒན་མིན།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། གངས་ཅན་བོད་དུ་ཞབས་འདྲེན་ཞུས་པ་མེད།། བལ་པོའི་ཡུལ་དུ་ནག་འཚོང་རྒྱག་པ་མེད།། འཕགས་མཆོག་གླིང་དུ་རང་དོན་སྒྲུབ་པ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། ཐོས་པ་སྔོན་སོང་མེད་པའི་མཁས་པ་མིན།། གཞན་གནོད་གཞི་ལས་མ་འགོངས་བཙུན་པ་མིན།། ཞེན་པ་བཞི་དང་མ་བྲལ་བཟང་པོ་མིན།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། རང་གིས་མ་ཐོས་གཞན་ལ་འཆད་པ་མེད།། དགག་བཞག་མི་ཤེས་རྩོད་པ་སྤེལ་བ་མེད།། གཞུང་དོན་མ་མཁྱེན་དགོངས་འགྲེལ་བརྩམས་པ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། རང་ལུགས་ཡལ་བར་དོར་བའི་མགོ་སྟོང་མིན།། གཞན་ལུགས་སྡང་བས་འགོག་པའི་ཕྱོགས་ལྷུང་མིན།། དགག་སྒྲུབ་གནད་ལ་རྨོངས་པའི་བླུན་པོ་མིན།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། བླ་བྲང་མཐོན་པོ་བརྩིགས་པའི་རྒྱས་སྤྲོས་མེད།། ཕྱག་མཛོད་འཇོན་པོ་ཉར་བའི་རྫིག་ཉམས་མེད།། ཚོང་དང་མགྲོན་ཁང་བཟུང་པའི་འདུ་འཛི་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། ཆོས་དང་ཟང་ཟིང་འགྱེད་ལ་སེར་སྣ་མེད།། སྲིད་པའི་ཕུན་ཚོགས་གནས་ལ་ཞེན་ཆགས་མེད།། ཕ་ཤ་རྩོད་པའི་དགྲ་ལའང་ཁྲོ་བ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། བསྟན་སྲིད་འགྲོ་དོན་བརླག་པའི་ལེ་ལོ་མེད།། རྩེ་གཅིག་སྒྲུབ་པ་ཉམས་པའི་བྱིང་རྒོད་མེད།། རྣམ་གསུམ་ཤེས་བྱའི་གནས་པ་རྨོངས་པ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། དགྲ་ལ་སྡང་བའི་མེ་ལྕེ་འབར་བ་མེད།། གཉེན་ལ་ཆགས་པའི་མཚོ་རླབས་འཕྱུར་བ་མེད།། བར་མའི་ལུས་ཅན་དོར་བའི་རླུང་འཚུབ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། མཁས་ས་རྩོད་པའི་དཔུང་ཆེན་གཤམ་པ་མེད།། མཐོན་པོའི་ཁྲི་ལ་རྔམས་པའི་ཞེན་ཆགས་མེད།། མཚན་གནས་གོ་ས་ཉོས་པའི་ཕྱག་ཁྱེར་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། བཙན་པོའི་མདུན་སར་མགོ་འཕང་ཞུམ་པ་མེད།། ཉམ་ཆུང་མགོ་བོར་རྡོག་རྫིས་བཏང་པ་མེད།། རྒྱུན་དུ་ཞི་དུལ་སྤྱོད་པ་དོར་བ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། ཡ་ཀི་མཁའ་འགྲོ་བསྟེན་པའི་མཛད་པ་མེད།། མ་ཀི་བདུད་མོ་འདུལ་བའི་རྣམ་ཐར་མེད།། ཐུབ་པས་བཅས་པའི་མཚམས་ལས་འདའ་བ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། གནམ་ལ་འཕུར་བའི་རྫུ་འཕྲུལ་བསྟན་པ་མེད།། ས་ལ་འཛུལ་བའི་ཆོ་འཕྲུལ་ངོམ་པ་མེད།། སྐྱེས་བུ་དམ་པའི་རྣམ་ཐར་དོར་བ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། པང་ལ་རིགས་མ་ཉར་བའི་མཛད་སྤྱོད་མེད།། ཕྱག་ཏུ་ཆང་རག་ཐོགས་པའི་ལོ་རྒྱུས་མེད།། སྦྱོར་དང་སྒྲོལ་བའི་རྟུལ་ཞུགས་འཆང་བ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། དག་པའི་སྐྱབས་ལ་དད་པ་ལོག་པ་མེད།། མ་དག་འགྲོ་ལ་སྙིང་རྗེ་སྤངས་བ་མེད།། བཤད་སྒྲུབ་བསྟན་ལ་འཛིན་སྐྱོང་དོར་བ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། མཐོན་པའི་དཔོན་ལ་སྤྲེལ་ལད་འཁྲབ་མྱོང་མེད།། ཉམ་ཐག་འབངས་ལ་མཐོང་ཆུང་མཛད་མྱོང་མེད།། བར་མ་དག་ལ་ཕྲག་དོག་མཛད་པ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། ཤར་ཕྱོགས་རྒྱ་ལ་ངོ་དགའ་བྱས་པ་མེད།། ནུབ་ཕྱོགས་གླིང་དུ་ཆོས་བརྒྱད་འཁྲབ་པ་མེད།། དབུ་ནག་བོད་ཀྱི་ལ་རྒྱ་དོར་བ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། ཚེ་འདིར་ཞེན་ཆགས་འབར་བའི་ངེས་འབྱུང་མེད།། རང་དོན་སྲོག་ལྟར་གཅེས་པའི་བྱང་སེམས་མེད།། འཁོར་འདས་བདེན་པ་འཛིན་པའི་ལྟ་བ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། རང་གི་ལྟ་བ་མཆོག་འཛིན་བྱས་པ་མེད།། གཞན་གྱི་ལུགས་ལ་ཁྱད་བསད་མཛད་པ་མེད།། མ་བརྟགས་མ་དཔྱད་རང་ལུགས་འཛིན་པ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། སྔོན་བྱོན་མཁས་པར་རྒོལ་བའི་ཚིག་མཚོན་མེད།། དེང་གི་རིག་པར་ཞེན་པའི་ཨ་གསར་མེད།། མ་འོངས་འབྱུང་འགྱུར་རྨོངས་པའི་གུ་དོག་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། དམ་པའི་ཆོས་ལ་འཁྲུལ་བའི་ལོག་རྟོག་མེད།། སྡེ་བཞིའི་སྲིད་ལ་འགལ་བའི་སོ་རིས་མེད།། ལུགས་ཟུང་དགོངས་པའི་དབྱིངས་ནས་བོར་བ་མེད།། མཁན་ཆེན་དམ་པ་ཁྱེད་ལ་བདག་དད་དོ།། ས་ཆེ་ལེབ་མོའི་མཐའ་དང་རྒྱ་མཚོའི་གཏིང༌།། དབྱིག་གི་འཛིན་མའི་རྡུལ་གྱི་གྲངས་ཇི་བཞིན།། གང་ཁྱོད་རྨད་བྱུང་མཛད་པའི་རྣམ་ཐར་ཀུན།། བརྗོད་ཀྱང་བརྗོད་པའི་མཐའ་ལས་འགོངས་པ་ཉིད།། གནམ་གྱི་མཐོངས་འདི་མཐིང་ཤོག་ལ་བསྒྱུར་ཏེ།། མཐའ་དག་སྐར་ཚོགས་གསེར་རིས་བྱས་ན་ཡང༌།། རྨད་བྱུང་མཛད་པའི་ཆ་ཤས་གཅིག་ཉིད་ཙམ།། གསལ་བར་མཚོན་པའི་གླེགས་བམ་སྒྲུབ་ནུས་མིན།། མཁའ་ལྡིང་མཁའ་ནས་རང་ཤུགས་ཟད་པ་ལས།། ལྡོག་པར་འགྱུར་གྱི་མཁའ་མཐའ་ཟད་པས་མིན།། ཚུར་རོལ་ཕལ་བའི་སར་གནས་བདག་གིས་ཀྱང༌།། ཁྱོད་ཀྱི་ཡོན་ཏན་བརྗོད་པ་དེ་བཞིན་ནོ།། རྗོད་བྱེད་ཚིག་ལ་སྙན་ངག་ཞུགས་པ་མེད།། བརྗོད་བྱ་དོན་ལ་སྒྲོ་སྐུར་ཞུས་པ་མེད།། མ་བཅོས་སེམས་ཀྱི་རང་མདངས་གསལ་བ་འདི།། མཁན་ཆེན་དམ་པ་དགྱེས་པའི་མཆོད་སྤྲིན་སྤྲོས།། དགེ་འདིས་རྒྱལ་བསྟན་ཡར་ངོའི་ཟླ་བ་རྒྱས།། རང་དབང་བདེ་སྐྱིད་ཉི་མའི་དཀྱིལ་འཁོར་གསལ།། ཕུན་ཚོགས་སྡེ་བཞིའི་སྲིད་ཀྱི་སྐར་ཚོགས་བཀྲ།། ལུགས་ཟུང་གཡང་དུ་འགུགས་པའི་བཀྲ་ཤིས་ཤོག། ཅེས་དཔལ་ལྡན་ས་སྐྱ་བའི་བསྟན་འཛིན་གྱི་སྐྱེས་ཆེན་མཁན་ཆེན་དམ་པ་ཀུན་དགའ་དབང་ཕྱུག་གི་རྗེས་དྲན་མ་བཅོས་སེམས་ཀྱི་རང་མདངས་ཞེས་པ་འདི་ཡང་ ༢༠༠༨།༧།༨།ལ་དཔལ་ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས་ཇི་ལྟར་རེ་བ་གནང་བ་བཞིན་དང་བ་ཆེན་པོས་ངག་ཐོག་ནས་ཐོལ་བྱུང་དུ་ཞུས་པ་གཡུང་དྲུང་བོན་གྱི་སྤྱི་འཐུས་སྨོན་ལམ་མཐའ་ཕྱིན་ལགས་ཀྱིས་ཁ་ཐུག་གློག་ཀླད་དུ་བཅུག་་ཅིང༌།ཕྱིས་སླར་ཡང་ཞུས་དག་གིས་སྣོན་འཕྲི་གང་འཚམས་བགྱིས་ཏེ།མཁན་ཆེན་དམ་པ་གང་ཉིད་ལ་ཤེས་ནས་དད་པ་ཐོབ་པ་བེ་རི་འཇིགས་མེད་དུ་འབོད་པས་རྡ་ས་སྤྱི་འཐུས་ལས་ཁང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

སྙིང་སྟོབས་འབུར་དུ་ཐོན་པའི་མོ་རབ་ཁྱོད། ༼ངག་དབང་ལྷ་མོ་ལ་ཕུལ་བ།༽

ན་མ་སྭ་ར་སྭ་སྟྭི་ཡཱ། ལྷོ་ཕྱོགས་སྭ་ར་སྭ་སྟྭིའི་མཚོ་འགྲམས་ན།། རྨ་བྱའི་སྒྲོ་གདུགས་རྩེན་པའི་གུར་ཁྱིམ་ནང༌།། དབྱངས་བདུན་རྫོགས་པའི་པི་ཝང་འཁྲོལ་མཛད་མ།། ངག་དབང་ལྷ་མོས་ངག་གི་དངོས་གྲུབ་སྩོལ།། འདི་ན་ཕུལ་བྱུང་བོད་ཀྱི་བུད་མེད་ཅིག། བླ་ན་མེད་པའི་མཛད་རྗེས་དང་འགྲོགས་པའི།། དོན་ལྡན་ངག་གིས་བསྟོད་པ་མདོར་བསྡུས་ཤིག། གོ་སླའི་སྙན་ངག་ལམ་ནས་བརྗོད་པར་འདོད།།

དམ་པ་སངས་རྒྱས་ཐེངས་གསུམ་ཕེབས་པའི་ཞིང༌།། ལབ་ཀྱི་སྒྲོན་མས་གྲུབ་པ་ཐོབ་པའི་ཡུལ།། དིང་རི་ཞེས་བྱ་སྙན་པར་གྲགས་པའི་ཁམས།། ངག་དབང་ལྷ་མོ་ལྷ་མོ་བཞིན་དུ་འཁྲུངས།།

དམར་པོའི་མེ་རླུང་ཤར་མཐའི་ཡུལ་ནས་འབར།། ལས་དབང་སྨུག་པས་གངས་རི་བསྟིམས་པའི་སྐབས།། དྲིན་ཅན་ཨ་མ་རྒན་མོའི་སྐུ་རྒྱབ་ནས།། ངག་དབང་ལྷ་མོ་འཕགས་པའི་ཡུལ་དུ་འབྱོར།།

དཀའ་ལྟོགས་འཁྱགས་སྡུག་གསུམ་གྱི་ནམ་ཟླའི་ཁྲོད།། མིག་ཆུ་སྣབ་སྟུག་ལག་པས་ཕྱིད་བཞིན་དུ།། བཙན་བྱོལ་གཞུང་གི་སློབ་གྲྭའི་ར་བ་ནས།། ངག་དབང་ལྷ་མོའི་ངག་སྒོ་དང་པོ་ཕྱེས།།

གཞི་རིམ་སློབ་གྲྭ་ཐོན་མ་ཐག་པ་ནས།། མཐོ་སློབ་རིག་པའི་སྐྱེད་ཚལ་ལ་རྩེན་པས།། འཛམ་གླིང་སྤྱི་པའི་སྐད་ཡིག་གོམས་སྲོལ་གྱིས།། ངག་དབང་ལྷ་མོའི་ངག་སྒོ་གཉིས་པ་ཕྱེས།།

མཐོ་རིམ་སློབ་གྲྭ་ཐོན་མ་ཐག་པ་ནས།། གཞི་རིམ་སློབ་གྲྭའི་དགེ་རྒན་ཕེབས་བྱས་ཏེ།། ན་གཞོན་བོད་ཕྲུག་སྟོང་ཕྲག་དུ་མ་ལ།། ངག་དབང་ལྷ་མོས་ངག་གི་དངོས་གྲུབ་གནང༌།།

ལྷག་བསམ་བཟང་པོས་སློབ་མ་སྐྱོང་སྟངས་མཁས།། ཤེས་ཚོད་བཟང་པོས་སློབ་ཁྲིད་གནང་སྟངས་མཁས།། ཀུན་སྤྱོད་བཟང་པོས་བསླབ་བྱ་གནང་སྟངས་མཁས།། ངག་དབང་ལྷ་མོ་ལྷ་དང་འདྲ་ཞེས་གླེང༌།།

གནག་སྣུམ་དབུ་སྐྲ་རིང་པོས་སྐུ་རྒྱབ་ཁེབས།། དཀར་འཇམ་ནུ་མའི་ཕོན་པོ་གྱེན་དུ་འབུར།། ཞལ་རས་སྟོན་ཀའི་ཟླ་བའི་དཀྱིལ་འཁོར་རྒྱས།། ངག་དབང་ལྷ་མོ་ལྷ་མོ་དངོས་འདྲར་གྱུར།།

ལྡེམ་འཁྱུུགས་གོམ་པའི་སྟངས་སྟབས་གཅིག་གིས་ཀྱང༌།། ཕོ་གཞོན་དར་མའི་སྙིང་ལ་ན་ཟུག་སྦྱིན།། མོ་གཞོན་བརྒྱ་ཡི་སྙིང་རླུང་སྟོད་ལ་འཚང༌།། ངག་དབང་ལྷ་མོས་ཕོ་བརྒྱའི་སེམས་པ་དཀྲུགས།།

སྨིན་འཁྱོགས་སྤྱན་ཞགས་འཕེན་ཐེངས་གཅིག་ཉིད་ཀྱིས།། ཤེས་འཇོན་ལྷག་བསམ་དཔའ་འཛངས་ལྡན་པའི་བུ།། ༈༈༈༈ལུས་སེམས་འཆིངས་བྱས་ཏེ།། ངག་དབང་ལྷ་མོས་གཏན་གྱི་གྲོགས་སུ་བཀུག།

ས་གནས་བོད་ཀྱི་བུད་མེད་ཚོགས་གཙོ་དང༌།། དབུས་རྒྱུན་བུད་མེད་ཚོགས་པའི་དྲུང་ཆེ་ཟུང༌།། ཐེངས་གཅིག་མིན་པ་ཡང་ཡང་གནང་བྱས་པས།། ངག་དབང་ལྷ་མོ་ལྷ་ལས་ལྷག་ཅེས་གྲགས།།

རྒྱལ་སྤྱིའི་བུད་མེད་ལོ་ཡི་འབྲེལ་མཐུད་དང༌།། བོད་མིའི་ཞི་བའི་གོམ་བགྲོད་ཚོགས་གཞོན་སོགས།། རླབས་ཆེན་ཕྱག་ལས་མང་པོའི་ཐུགས་འགན་བཞེས།། ངག་དབང་ལྷ་མོའི་སྙན་གྲགས་རྒྱས་མགོ་ཚུགས།།

ཤར་ཕྱོགས་ཨོ་ལན་པིག་གི་རྩེད་འགྲན་དང༌།། རྒྱལ་སྤྱིའི་བུད་མེད་ཚོགས་པའི་ཚོགས་ཆེན་ཐོག། བོད་དོན་འབྲེལ་བའི་གཏམ་བཤད་ཤུགས་ཆེར་སྤེལ།། ངག་དབང་ལྷ་མོས་རླབས་ཆེན་རྨང་གཞི་གཏིང༌།།

པེ་ཅིན་སྦི་ཨ་ནར་དང་ཕི་ལི་པིན།། ཀ་ཡེ་རོ་སོགས་རྒྱལ་སྤྱིའི་ཚོགས་འདུའི་ནང༌།། རྒྱ་ཡི་འཐུས་མི་ངོ་གདོང་ས་ལ་ཕབ།། ངག་དབང་ལྷ་མོའི་མཛད་རྗེས་མཚོ་བཞིན་ཕྱུར།།

དེ་ཚེ་དབུས་གཙང་ཆོས་ཀྱི་ཆོལ་ཁ་ཡིས།། སྙིང་སྟོབས་དཔའ་མཛངས་ལྡན་པའི་བུད་མེད་ཅེས།། འོས་འདོན་གྲངས་ཀ་རྩེ་ཏོག་ལ་བསྐྱལ་བས།། ངག་ངབད་ལྷ་མོས་དབུས་གཙང་སྤྱི་འཐུས་གནང༌།།

སྤྱི་འཐུས་མིང་དང་མཚུངས་པའི་སྤྱི་དོན་སྒྲུབ།། སྤྱི་པའི་རྩ་དོན་རང་གི་སྲོག་བཞིན་སྲུང༌།། སྤྱི་པའི་འཐུས་མི་ཡིན་རིན་ཆོག་འདུག་ཅེས།། ངག་དབང་ལྷ་མོ་བསྟོད་ར་གཏོང་མཁན་མང༌།།

དེ་ཕྱིར་དབུས་གཙང་ཆོས་ཀྱི་ཆོལ་ཁ་ཡིས།། ཨ་ནས་ཡང་དང་ཡང་ནས་ཡང་ཡང་དུ།། འོས་འདོན་རྩེ་ཏོག་བསྐྱལ་བ་མི་ཉུང་པས།། ངག་དབང་ལྷ་མོས་སྤྱི་འཐུས་ཡང་ཡང་གནང༌།།

ཡང་ནས་ཡང་དུ་སྤྱི་འཐུས་གནང་བའི་རིང༌།། ཡང་ནས་ཡང་དུ་སྤྱི་དོན་སྒྲུབ་པ་ལས།། སྒེར་དོན་སྒྲུབ་པའི་ལོ་རྒྱུས་མི་ལྡན་པས།། ངག་དབང་ལྷ་མོས་ཀུན་གྱི་རེ་བ་བསྐངས།།

མགོན་མེད་ཉམས་ཐག་དབང་པོ་སྐྱོན་ཅན་དག། མཐོང་ཚེ་སྙིང་རྗེ་ཤུགས་ཀྱིས་མ་བཟོད་ནས།། སྙིང་སྟོབས་གླིང་ཞེས་གྲགས་པའི་སྡེ་བཙུགས་པས།། ངག་དབང་ལྷོའི་འགྲོ་དོན་སྔར་བས་རྒྱས།།

འཇའ་མན་གསར་ཤོག་གནམ་གྱི་མཐོངས་ཡངས་པོར།། སྙིང་སྟོབས་ལྡན་པའི་བུ་མོ་བརྒྱ་ཡི་ནང༌།། གང་ཁྱོད་མཚན་གྱི་སྐར་ཆེན་ཤར་བ་ནས།། ཁྱོད་ཀྱི་མཚན་སྙན་ཕྱི་རྒྱལ་ཡུལ་དུ་འབར།།

རྒྱལ་སྤྱིའི་རོ་ཌི་རི་ཀ་ལབ་དང་ནི།། ས་ཁུལ་སང་ཀ་ལབ་སོགས་ཚོགས་སྡེ་ཚོས།། སྤྱི་དོན་བྱས་པ་ཅན་གྱི་གཟེངས་རྟགས་ཕུལ།། ངག་དབང་ལྷ་མོའི་མཚན་སྙན་སྔར་ལས་རྒྱས།།

དེ་དང་དེ་འདྲའི་མཛད་རྗེས་བཞག་པ་ཀུན།། འདི་དང་འདི་ཞེས་ཞིབ་ཆ་འབྲི་དགོས་ན།། ཕྲ་ཞིང་ཕྲ་བ་ངས་ཀྱང་མི་ཤེས་པས།། ངག་དབང་ལྷ་མོ་བསྟོད་མཚམས་འདི་ནས་བཞག།

ན་གཞོན་བུ་མོ་རྣམ་པ་མཛེས་རབས་དང༌།། བརྩེ་དུང་སེམས་ཀྱི་ཚོར་བ་རྣོ་རབས་སོགས།། བསྟོད་པའི་སྙན་ཚིག་འདྲ་མིན་བྲིས་པ་ལས།། རླབས་ཆེན་བུད་མེད་འདི་འདྲར་བསྟོད་ན་འོས།།

དེ་ཕྱིར་བདེ་ལེགས་སྨན་ཁང་ཉལ་ཁྲིའི་ཐོག། ཤི་གསོན་བྱེ་མའི་ལ་ཁའི་སྒོ་འགྲམ་ནས།། ན་མིན་ཤི་མིན་བེ་རི་འཇིགས་མེད་ཀྱིས།། ཁྱོད་ལ་བསྟོད་པའི་སྙན་ཚིག་འདི་ཉིད་བྲིས།། ༢༠༠༦།༡།༢༤།ཉིན་བདེ་ལེགས་སྨན་ཁང་དུ་བྲིས།།

གབ་ཚིག


འགྲོ་དང་འོང་བའི་ལམ་བུ་བསྟན་དུ་མེད།། སྐྱེ་དང་འཇིག་པའི་མཚན་ཉིད་འཇོག་ཏུ་མེད།། མཐོང་དང་རེག་པའི་ངོ་བོར་འཛིན་པ་མེད།། རྣམ་པ་མེད་པའི་རྒན་མོ་སྔོ་རིལ་མ།།

རྐང་པ་མེད་པར་གླིང་བཞིར་བསྐོར་ནས་འགྲོ།། འདྲེན་བྱེད་མེད་པར་ཕྱོགས་ཀུན་གསལ་བར་མཐོང༌།། ཕན་སེམས་མེད་པར་པདྨོའི་འདབ་མ་གྲོལ།། ཕྱོགས་རིས་མེད་ཀྱང་འུག་པའི་མིག་ལ་གཟེར།།

ས་གཞིར་གློག་གི་ཕྲེང་བ་བསྟར་བ་ན།། གནམ་གྱི་སྒེག་མོས་མུ་ཏིག་དོ་ཤལ་ཕྲེང༌།། ས་ལ་འཐོར་སྙམ་དོགས་པས་མཚན་ལྗོངས་སུ།། དཀར་གསལ་མིག་གིས་གླིང་བཞིར་ལྟ་མིན་ནམ།།

རྒྱ་ནག་ཏུང་སྐུད་ཐགས་སུ་བཏགས་པས་ཀྱང༌།། མཚོན་ནུས་མ་ཡིན་ཟ་འོག་གོས་ཆེན་གྱི།། མཐིང་མདོག་བླ་རས་སྔོན་པོ་རྒྱངས་པའི་ངོས།། རྣམ་མང་མུ་ཏིག་ཕྲ་ཚོམ་བཙེམས་པ་གང༌།།

རྒྱུས་མེད་ཕྱི་མིའི་ཐོག་ལ་དམར་ཡག་སྟག། རྒྱུས་ཡོད་བདག་པོའི་མདུན་སར་ལི་ལིའི་བུ།། ཕུག་ནོར་ཡོད་རྒུ་སྲུང་པའི་དཔའ་བོ་ཆེ།། ལྕགས་ཐག་སྐེ་ལ་གོན་པའི་བཙོན་པའང་ཡིན།།

མཆོང་མཛེགས་འཕར་གསུམ་གོམས་པའི་རྩལ་བོ་ཆེ།། བསྟན་དགྲ་རྔ་རིང་འཇོམས་པའི་དཔའ་བོ་ཆེ།། ཁྱིམ་ཕུག་ཤ་མར་ཟ་བའི་རྐུན་མ་ཆེ།། སྟག་ལ་དྲག་རྩལ་བསླབས་པའི་དགེ་རྒན་ཆེ།།

ཨ་མཆོད་རྒན་པོའི་སྔོ་ལོ་དགུང་ལ་འཕྱར།། ཨ་ནེ་དགོན་པའི་སྒྲིག་འཛུགས་ཐུར་དུ་བཤིགས།། ཨ་ཕོ་ཧོར་ལ་མགོ་སྐོར་ཚད་མེད་བཏང༌།། ཨ་ཁུ་རྒན་པོའི་གཏམ་བརྒྱུད་ཤིན་ཏུ་རིང༌།།

ལྷ་ས་གླིང་དུ་ལྷ་འཁྲབ་འདྲེ་འཁྲབ་མཛད།། བླ་ཆེན་དུ་མའི་བླ་རས་ཧྲུལ་པོར་བཏང༌།། ཨ་ནེ་ཕལ་ཆེར་ཨ་མའི་གོ་ས་གནང༌།། འབྲུག་པའི་གླིང་དུ་འབྲུག་བཞིན་གྲགས་པའི་བུ།། གབ་ལན། ༡ ནམ་མཁའ། ༢ ཉི་མ། ༣ ཟླ་བ། ༤ སྐར་མ། ༥ཁྱི། ༦ ལི་ལི། ༧ ཨ་ཁུ་བསྟན་པ། ༨ འབྲུག་པ་ཀུན་ལེགས།

ཨེ་ཡིན། སྔོ་ལྗང་ལྗོན་ཤིང་འཁྲིགས་པའི་ནགས་ཀླུང་གི་གསེབ་ནས།། གྲུབ་པའི་རྒྱལ་མཚན་སྒྲེང་པའི་ཁང་བཟང་གི་ནང་ན།། དམར་སེར་ལན་བུ་ཅན་གྱིས་ཕང་ཁ་ནས་འཁྱུད་པ།། ཟུང་འཇུག་བདེ་དྲོད་སྟེར་བའི་ཌཱ་ཀིའ་རང་ཨེ་ཡིན།།

སྣ་མང་ཚོང་ཁྲོམ་བསྟར་བའི་སྲང་ལམ་གྱི་བར་ན།། ན་ཎིའི་རུ་དར་སྒྲེང་པའི་མགྲོན་ཁང་གི་ནང་དུ།། དུ་ནག་རྔུབ་འཐེན་བྱེད་པའི་ཕྱི་གླིང་དང་མགྲོགས་པ།། མ་བཟང་བུ་མོའི་རིགས་ཀྱི་ཀུན་སྤྱོད་ཅིག་ཨེ་ཡིན།།

ངེས་མེད་ཟས་རིགས་བསྒྲིགས་པའི་ཟ་ཁང་གི་ནང་ན།། སྐྲ་རིང་རུ་ཚོན་ནག་པོ་རྒྱབ་ལོག་ཏུ་ཕྱོངས་ནས།། ཕྱི་གླིང་རྐུབ་ཤ་རྗེན་པ་ལྕེ་ལྡག་པ་གོམས་པ།། ཕ་བཟང་བུ་ཕོས་སྐྱོང་པའི་རྣམ་ཐར་ཞིག་ཨེ་ཡིན།།

མྱི་མང་སྣ་འདུས་ཚོགས་པའི་བཙོན་བྱོལ་གྱི་གསེབ་ན།། ཆབ་སྲིད་བཙོན་པ་རྫུན་མའི་ཡིག་ཆ་རེ་ཁུར་ནས།། བཟའ་ཟླ་བུ་ཕྲུག་བཅས་པ་ཕྱི་གླིང་ལ་འཕུར་བ།། རྒྱལ་ཞེན་ལྷག་བསམ་ཅན་གྱི་བྱེད་སྟངས་ཤིག་ཨེ་ཡིན།། ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།། ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།། ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།། དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།

ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།། ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།། མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།། གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།

དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།། དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།། མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།། དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།། ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།། བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།། ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།། རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།

མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།། ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།། རང་ལུས་རང་ལ་དབང་བའི་ལས་དབང་ཞིག། མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།


གདུང་བའི་སྨྲེ་ངག༌།

གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།། སུ་དང་གང་གིས་བསྟོད་པ་མི་བྱེད་མོད།། རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།། གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།

ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།། མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།། འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།། རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།

གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།། རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།། དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།། ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།། ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།། ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།། འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།། རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།

སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།། ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།། བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།། གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།

ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།། འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།། ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།། མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།

བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།། རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།། ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།། རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། དྷ་ས་སྤྱི་འཐུས་ཚོགས་ཁང་དུ་༢༠༠༧། ༣། ༢༠ ལ་བྲིས


ཁ་ཆེམས།

སྔོན་དུས་བདེ་བར་གཤེགས་པས་བདེན་བཞི་ཡིས།། དྲང་སྲོང་རྒྱས་པའི་འགོས་ནད་བཅོས་མཛད་མོད།། ཀ་ཤི་མཛེས་དགའི་འཕྲུལ་གྱི་ཁ་རླངས་རྒྱུན།། ད་ལྟའང་རླུང་དང་འགྲོགས་ནས་ཕྱོགས་འདིར་བདས།།

ཞི་འཚོ་དཔེ་མཛོད་ཁང་ནས་མ་མཇལ་གོང༌།། ནཻ་རུ་མགྲོན་ཁང་རྙིང་པའི་གཟིམས་ཤག་ནང༌།། ལན་ཆགས་བུ་ལོན་དེད་པའི་གྲུ་ཟུར་ནས།། བྱ་རྡོ་ལམ་འཕྲོད་བྱུང་བའི་སྙིང་སྡུག་མ།།

ཨེ་སི་མེ་འཁོར་འགྲིམས་པའི་ཉལ་ཡོལ་ཕག། སྐྱེས་བུ་གསུམ་པས་མཐོང་ཐོས་མི་རུང་བའི།། སྙིང་གི་འཕར་སྒྲ་འདྲེས་པའི་འཐམ་ཁྱུད་ཀྱིས།། ཞི་བདེའི་བག་ཆགས་སྨུག་པ་བཞིན་དུ་ཡལ།།

ནམ་ཡང་མཛའ་བའི་གསེར་ཐག་མི་གློད་ཅེས།། གནའ་ཚིག་འོ་དང་འགྲོགས་པའི་འགྲམ་ཆང་གིས།། སེམས་ཀྱི་ཁྱེའུ་བཟི་བའི་ཚོར་རླབས་ཁྲོད།། གདོས་བཅས་ལུས་འདི་སྲིད་པའི་འདམ་དུ་བྱིངས།།

ཉིན་མོར་ཨེ་མེལ་ནང་གི་ཡིག་འཕྲིན་དང༌།། མཚན་མོར་ཞལ་པར་གནང་པའི་གསུང་སྐད་ཀྱིས།། སེམས་ཀྱི་ཞིང་ས་ཡང་ཡང་རྨོས་པ་ལས།། དུང་བའི་མྱུ་གུ་འབུས་པའི་དཔྱིད་དཔལ་བཞད།།

ཟླ་འོད་སབ་སིབ་འབབ་པའི་མཚན་ལྗོངས་སུ།། འཁྱར་མ་འཁྱོར་གྱི་གོམ་སྟབས་ནང་ལ་བསྒྱུར།། གསལ་ལ་མ་གསལ་སྦར་བའི་གློག་སྒྲོན་འོག། སེམས་ཀྱི་ཚོར་འདུ་མཚོན་པའི་སྙན་ངག་བྲིས།།

ཐུན་གསུམ་མཚན་མོ་གཉིད་པའི་རྨི་ལམ་ནང༌།། དྲན་ཤེས་ན་བུར་འཐིབ་པའི་རབ་རིབ་ཀྱིས།། སྙིང་གི་ཁང་བཟང་སྒྲིབ་པའི་ན་ཟུག་འདིར།། ཕན་པའི་སྨན་ཐུན་གཞན་ཞིག་གང་ནས་འཚོལ།།

ཕྲ་ཡོལ་རླུང་གིས་བདས་པའི་ལྷབ་སྒྲ་ཡིས།། རྨི་ལམ་མགྲོན་པོ་དཀྲོགས་པའི་སྐྲག་སྣང་འབྱིན།། ཁྲག་རྩ་རླུང་གིས་སྦོས་པའི་སེམས་ངོགས་ན།། ཡོད་ཚོད་ཁ་བས་བསྟིམས་པའི་འཇིག་རྟེན་སྣང༌།།

རྣམ་ཤེས་མགྲོན་པོ་བྱ་སྤུ་རླུང་ཁྱེར་བཞིན།། ངེས་མེད་མཁའ་ལ་ཡལ་རྗེས་ཕུང་པོ་འདི།། ས་སྣུམ་ལྕགས་ཀྲིག་གང་གི་མེ་རླབས་གསེབ།། ཐལ་བ་ས་ལ་ཐིམ་པའི་ཆོ་ག་སླ།།

མགོ་ནག་འཇིག་རྟེན་མི་ཡི་གྲུ་ག་འདིར།། རེ་བའི་ལྷག་མ་བཅོལ་ས་སུ་ཡང་མེད།། ཤི་མགོ་རྡོ་ཐོག་བཞག་པའི་དུར་ས་ནས།། བླ་དང་རྣམ་ཤེས་འཁོར་ས་ཁྱོད་ཉིད་ཙམ།།

2007/3/28/ ལ་དྷ་ས་སྤྱི་འཐུས་གྲོས་ཚོགས་སུ་བྲིས།



ཉིན་ཐོ་ལས་བཏུས་པའི་གཏམ།

གྲོས་ཚོགས་འཐུས་མིའི་ཟབ་སྦྱོང༌།

ཞི་དུལ་སྤྱོད་པས་གཞནགྱི་ཡིད་དབང་འཕྲོག། ཞི་བདེའི་གསུང་གིས་སྐྱེ་དགུའི་གདུང་བ་སེལ།། ཞི་བ་བརྙེས་པའི་ཐུགས་ཀྱི་བརྩེ་བ་ཟབ།། ཞི་བདེ་དེད་དཔོན་བསྟན་འཛིན་རྒྱ་མཚོ་མཆོད།།

མཚན་གྱི་སྙན་པ་ཁུ་བྱུག་སྨྱོས་པའི་གླུ།། རྣ་བའི་ནགས་ཀླུང་འགྲིམ་སཔའི་འགྱུར་ཁུག་གིས།། ཡིད་ལ་དཔྱིད་ཀྱི་དགའ་སྟོན་འཇོ་མཛད་པ།། མ་ཧཱ་པཎ་ཆེན་ཟམ་གདོང་བླ་མར་འདུད།།

སྤྱི་སེམས་སྙིང་ལ་བཅངས་མིན་ཇི་ལྟར་ཡང༌།། སྤྱི་པའི་འཐུས་མིར་བདམས་པའི་སྐུ་ངོ་འགའ།། སྤྱི་འཐུས་རྣམས་ལ་རྒྱུས་སྟོན་ཟབ་འཁྲིད་ཅེས།། སྤྱི་ཐབས་ཡང་སྟེང་ཚོགས་པར་བདག་ཀྱང་སླེབས།།

རིང་མིན་སྤྱི་འཐུས་ཕལ་ཆེར་ཕྱོགས་བསྐྱོད་སྐབས།། ཕྱོགས་བཞུགས་རྒྱ་ཆེར་མང་ཚོགས་འདུས་པའི་སར།། གཞུང་གི་ལྟ་གྲུབ་གསུང་བཤད་དྲིས་ལན་རྣམས།། གཅིག་གྱུར་ཡོང་སླད་བཀའ་སློབ་ལམ་སྟོན་གནང༌།།

ཕྱོགས་བཞུགས་མི་དམངས་རྣམ་པའི་དྲི་བ་ལ།། གསུང་ལན་གཅིག་གྱུར་ཡོང་སླད་ཟབ་སྦྱོང་འདིར།། གཞུང་དམངས་སྤྱི་འཐུས་ལྟ་གྲུབ་ལངས་ཕྱོགས་ཐོག། ཕན་ཚུན་གནད་ལ་འཁེལ་བའི་བགྲོ་གླེང་གནང༌།།

ཆོལ་ཁ་གསུམ་ནས་ཆེད་ཕེབས་མི་གསུམ་གྱིས།། གཞིས་བཞུགས་བོད་ཀྱི་གནས་སྟངས་ཕྲ་ཞིབ་ཀུན།། སྤྱི་འཐུས་རྣམ་པའི་ཐུགས་ལ་དྲན་གསོ་སླད།། ཚོགས་སུ་གསུང་བཤད་གནང་རྒྱུའི་གོ་སྒྲིག་འདུག།

དགུང་མོ་བོད་ཀྱི་གློག་བརྙན་གལ་ཆེན་ཞིག། རྒྱ་བོད་གནས་སྟངས་གསལ་བར་མཚོན་པ་དང༌།། དགའ་སྐྱོ་འདྲེས་མའི་ཚོར་བ་དཀྲུགས་པའི་སླད།། ལྷག་པ་ཚེ་རིང་ཚོགས་ཁང་ནང་དུ་བསྟན།།

དེ་རིང་ཟ་དང་ཟབ་སྦྱོང་གཉིས་པོ་ལས།། ཕྱི་མ་འདི་ཉིད་རྩ་འདོན་གནང་བ་འདྲ།། ཚོགས་ཞུགས་རྣམ་པས་ཞལ྄་ལག་སྤྱི་ཐབ་ནས།། མཆོད་རྒྱུ་ལས་གཞན་གོ་སྒྲིག་མེད་པར་གསུངས།།

༢༠༠༧།༣།༢༨། ཉིན་སྤྱི་ཐབ་ཐོག་ཀར་བྲིས་པའི་ཉིན་ཐོ་ལས་བཏུས།

དྲང་སྲོང་རྒན་པོའི་ལྟ་གྲུབ།


ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།། སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།། སུ་དང་གང་གིས་འཇུ་ཡང་མི་ཟིན་པ།། བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།

ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།། དེ་རིང་གཡའ་དག་མཁའ་ནས་ཉི་གཉོན་འཛཱུམ།། གནམ་སའི་གཤིསལུགས་ངེས་མེད་འགྱུར་བ་འདི།། འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།

འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།། རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།། གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།། དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།

བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།། མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།། ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།། གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།

གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།། ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།། སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།། སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།

2007/3/26/སྤྱི་འཐུས་གྲོས་ཚོགས་སུ་བྲིས།

གངས་ལྷའི་རྣམ་ཤེས། གཞས་ཚིག་ཚན་པ་བཅུ།

༡ པཎ་ཆེན་ཆོས་ཀྱི་རྒྱལ་མཚན། ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ།། པཎ་ཆེན་བླ་མ་ཆོས་ཀྱི་རྒྱལ་མཚན།། གངས་ཅན་བོད་ཀྱི་མགོན་སྐྱབས་དཔུང་གཉེན།། ཁྱོད་ཀྱི་བཀའ་དྲིན་བརྗེད་ཐབས་མི་འདུག།

ཐུགས་བསྐྱེད་སྨོན་ལམ་དུས་ལ་སྨིན་སོང༌།། གངས་ལྗོངས་ཞིང་ཁམས་ཆོས་ཀྱིས་བསྐྱངས་སོང༌།། བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བཙུགས་སོང༌།། ཁྱོད་ཀྱི་བཀའ་དྲིན་བརྗེད་ཐབས་མི་འདུག།

ནམ་མཁའི་དབྱིངས་ཀྱི་ཉི་ཟླ་རྣམ་གཉིས།། གངས་ཅན་བོད་ཀྱི་མུན་སེལ་སྒྲོལ་མེ།། ས་ཡ་དྲུག་གི་སེམས་པའི་ནང་དུ།། ཁྱོད་ཀྱི་བཀའ་དྲིན་བརྗེད་ཐབས་མི་འདུག།

༢ བསམ་ཡས་གཙུག་ལག་ཁང༌། རྒྱ་གར་པཎ་ཆེན་ཕེབས་ས།། བོད་ཀྱི་ལོ་ཆེན་བཞུགས་ས།། ཆོས་ཀྱི་རྩ་བ་ཚུགས་ས།། བསམ་ཡས་ཆོས་ཀྱི་ཞིང་ས།།

ཆོས་རྒྱལ་ལོ་པཎ་བཞུགས་ས།། བཀའ་དང་བསྟན་བཅོས་བསྒྱུར་ས།། ཆོས་རིགས་རྩ་བ་ཚུགས་ས།། བསམ་ཡས་ཆོས་ཀྱི་ཞིང་ས།།

དམ་པའི་ཆོས་ཀྱི་འབྱུང་ཁུངས།། སྡེ་བཞིའི་སྲིད་ཀྱི་རྩ་བ།། གཙུག་ལག་ཀུན་གྱི་བསྟི་གནས།། བསམ་ཡས་ཆོས་ཀྱིཞིང་ས།།


༣ ཆོས་རྒྱལ་བསྟན་པ་ཚེ་རིང༌།

གངས་ཅན་མདོ་ཁམས་ཟལ་མོ་སྒང་དུ།། སྡེ་ལ་དགེ་བཅུ་འཛོམས་པའི་ཞིང་ཁམས།། ཆོས་རྒྱལ་བསྟན་པ་ཚེ་རིང་བྱོན་སོང༌།། ལུགས་བཟང་རྫོགས་ལྡན་དབྱར་མཚོ་རྒྱས་སོང༌།། སྐལ་བ་བཟང་པོ་ལ། དབུ་ཡི་མམཆོད་གནས་བླ་ཆེན་དྲུག་གི།། མཛད་པ་ནམ་མཁའི་མཐའ་ལས་ཡངས་སོང༌།། འཕྲིན་ལས་རྒྱ་མཚོའི་གཏིང་ལས་ཟབ་སོང༌།། སངས་རྒྱས་བསྟན་པའི་རྩ་བ་ཚུགས་སོང༌།། སྐལ་བ་བཟང་པོ་ལ། ཕྱིབློན་སྟོང་གི་དཔའ་རྩལ་རྒོད་སོང༌།། བར་བློན་བརྒྱ་ཡི་དཔུང་པ་བཙན་སོང༌།། ནང་བློན་བཅུ་ཡི་ཇུས་གཞི་བརྟན་སོང༌།། སྡེ་སྲིད་ཀྱི་རྩ་བ་ཚུགས་སོང༌།། སྐལ་བ་བཟང་པོ་ལ།


༤ ལྷ་བྱ་ཁུ་བྱུག

རི་བོ་སྨུག་པས་བསྟིམས་སོང༌།། ཆུ་བོ་དར་ཁས་བསྒྲིབས་སོང༌།། མ་བཅོས་སེམསཀྱིརང་མདངས།། སུས་ཀྱང་བསུབ་ཐབས་མི་འདུག།

བཅོ་ལྔའི་དུང་ཟླ་དཀར་པོ།། ལྷོ་སྤྲིན་འཐུག་པས་བསྒྲིབས་ཀྱང༌།། བརྩེ་དུང་སེམས་ཀྱི་ཟླ་འོད།། སུས་ཀྱང་སྒྲིབ་ཐབས་མི་འདུག།

ཐག་རིང་མོན་ལ་བཞུགས་པའི།། ལྷ་བྱ་ཁུ་བྱུག་སྔོན་མོ།། ལྕང་གླིང་གྲུབ་བཞིའི་ནང་དུ།། འགྱོགས་པ་མཉམ་དུ་མཛོམས་ཆོག།

༥ ཀྱེ་ཨ་ཅག་ལགས།

ཀྱེ་ཨ་ཅག་ལགས། ཁ་ལ་ལིབ་སི་བྱུགས་མཁན་ཨ་ཅག་ལགས། ཁྱོད་རང་དངོས་གནས་བོད་པ་ཡིན་ནམ། དངོས་གནས་བོད་པ་ཡིན་ན།། བོད་སྐད་གཙང་མ་ཞིག་རྒྱག་རོགས།།

ཀྱེ་ཨ་ཅག་ལགས། 

རྟིང་ཀ་ཙོག་ཙོག་གོན་མཁན་ཨ་ཅག་ལགས། ཁྱོད་རང་དངོས་གནས་བོད་པ་ཡིན་ནམ། དངོས་གནས་བོད་པ་ཡིན་ན། བོད་པའི་ཞབས་བྲོ་གཙང་མ་ཞིག་རྒྱག་རོགས།

ཀྱེ་ཨ་ཅག་ལགས། ཉུག་ཙེ་གོས་ཐུང་གོན་མཁན་ཨཅག་ལགས། ཁྱོད་རང་དངོས་གནས་བོད་པ་ཡིན་ནམ། དངོས་གནས་བོད་པ་ཡིན་ན། བོད་པའི་ཕྱུ་པ་གཙང་མ་ཞིག་གོན་རོགས།

༦ ལས་ལ་བསྐོས་པའི་བུ་མོ།

ལས་ལ་བསྐོས་པའི་བུ་མོ།། ཐེངས་གཅིག་མཇལ་བ་ཙམ་གྱིས།། སེམས་པ་གཏིང་ནས་འཕྲོག་སོང༌།།

ཀྱེ་བུ་མོ་ལགས།

ལས་ལ་བསྐོས་པའི་བུ་མོ།། མཇལ་ན་མིག་ལ་མཛེས་པ།། ཉན་ན་གསུང་སྐད་སྙན་པ།། ཀྱེ་བུ་མོ་ལགས།

ལས་ལ་བསྐོས་པའི་བུ་མོ།། ལྷད་མེད་བརྩེ་བ་ཡོད་ན།། ཟུར་མིག་ཐེངས་གཅིག་གཟིགས་དང༌།། ཀྱེ་བུ་མོ་ལགས།།

༧ ཕེབས་དང༌།

སྟོད་ཀྱི་གངས་ལམ་ཁྲ་མོ།། སེངྒེ་དཀར་མོའི་ཕེབས་ལམ།། སེངྒེ་གཡུ་རལ་ཡོད་ན།། གངས་ལམ་དེད་ནས་ཕེབས་དང༌།།

བར་གྱི་རྫ་ལམ་ཁྲ་མོ།། འབྲོང་རྒོད་དར་མའི་ཕེབས་ལམ།། འབྲོང་ལ་རུ་ཐུར་ཡོད་ན།། རྫ་ལམ་དེའི་ནང་ཕེབས་དང༌།།

སྨད་ལ་རྒྱ་ལམ་ཁྲ་མོ།། འགྲོ་བ་མི་ཡི་ཕེབས་ལམ།། མི་ལ་སྙིང་རུས་ཡོད་ན།། རྒྱ་ལམ་དེད་ནས་ཕེབས་དང༌།།


༨ ཁ་བ་ལང་རི།


མི་མངོན་གནམ་གྱི་ཀ་བ།། ཤར་སྟོད་ཁ་བ་ལང་རི།། ལངས་ནས་བསྡད་པ་མ་གནང༌།། སྐུ་ལུས་སྒུར་ཙམ་གནང་རོགས།།

ཁྱོད་ཀྱི་ཕྲག་པའི་གོང་ནས།། བཅོ་ལྔའི་ཟླ་བ་ཚེས་བྱུང༌།། དྭངས་གསལ་འོད་ཞགས་དཀར་པོས།། སེམས་ལ་ཞི་བདེ་བསྐྲུན་སོང༌།།

ཤར་སྟོད་ཁ་བ་ལང་རི།། སྐུ་ལུས་གཟུར་ཙམ་གནང་པས།། སྐར་མའི་ཕྲ་ཚོམ་བསྒྲིགས་པའི།། ཟླ་བའི་དཀྱིལ་འཁོར་མཇལ་བྱུང༌།།


༩ ཕ་མའི་བཀའ་དྲིན།

ཆུང་ནས་ཕ་མས་བསྐྱངས་སོང༌།། ཕ་མ་བཀའ་དྲིན་ཆེ་སོང༌།། དྲིན་ཆེན་ཕ་མའི་བཀའ་དྲིན།། ནམ་ཡང་བརྗེད་ཐབས་མི་འདུག།

རིན་ཆེན་གསེར་དངུལ་ཟེར་བ།། ག་ས་ག་ལ་འདུག་ཀྱང༌།། དྲིན་ཆེན་ཕ་མ་ཟེར་བ།། རང་ཡུལ་མ་གཏོགས་མི་འདུག།

རི་ཁྲི་ཆུ་སྟོང་བརྒལ་ནས།། མི་ཡུལ་ལུང་པར་སླེབས་ནས།། མཚན་མོའི་རྨི་ལམ་ནང་དུ།། དྲིན་ཅན་ཕ་མ་མཇལ་བྱུང༌།།

༡༠ སྙིང་སྡུག

ཐུགས་བསམ་སེམས་ལ་མེད་ཀྱང༌།། ཚེ་སྔོན་ལས་ཀྱིས་ཐུག་སོང༌།། ད་ནི་ཉིན་མཚན་དུས་དྲུག། ཁྱོད་རང་དྲན་ནས་བསྡད་ཡོད།།

སྙིང་སྡུག་སྙིང་ལ་ཉར་ནས།། སྙིང་ལ་སྙིང་ནད་བཟོས་སོང༌།། སྙིང་ལ་སྙིང་རྗེ་མེད་ན།། སྙིང་སྡུག་སྙིང་པོ་མི་འདུག།

ཁྱོད་དང་ང་གཉིས་བར་ལ།། ལས་འབྲས་མདུད་པ་ཡོད་ན།། ནམ་མཁའི་ལྷ་དང་བླ་མས།། འགྲོགས་པའི་དུས་གཅིག་གནང་རོགས།།


གཞས་ཚིག་ཚན་པ་བཅུ། གཞས་གཏོང་མཁན་ཁ་ར་སྤེན་པ་ཡིན།

རྒྱལ་བའི་འཁྲུངས་སྐར།

ྋགོང་ས་མཆོག ཁྱོད་རང་འཁྲུངས་པ་རླབས་ཆེན་ཞིང༌། ཁྱོད་རང་འཁྲུངས་པ་གཟི་བརྗིད་ཆེན། ཁྱོད་རང་འཁྲུངས་པ་གངས་ཅན་བོད་ཀྱི་བགོ་སྐལ་རེད། ཁྱོད་རང་འཁྲུངས་པ་འཛམ་བུ་གླིང་གི་བསོད་ནམས་རེད། ྋགོང་ས་མཆོག ཁྱོད་རང་འཁྲུངས་པ་ཤིན་ཏུ་ལེགས།

ྋགོང་ས་མཆོག ཁྱོད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཤར་ཕྱོགས་ཙོང་ཁའི་རི་རྩེ་ནས།། གསེར་གྱི་ཉི་མ་སེར་པོའི་སྐུ།། མདོ་དབུས་སྐོར་གསུམ་ཡོངས་ལ་ཤར།། ཉི་འོད་འཛམ་བུ་གླིང་ལ་ཁྱབ།། དབུས་གཙང་ཆོས་ཀྱི་ཞིང་ཁམས་ནས།། གཡུ་ཡི་ཁུ་བྱུག་སྔོན་པོའི་གསུང༌།། རྒྱ་བོད་ཧོར་གསུམ་ཡོངས་ལ་སྒྲོག། སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ།། གངས་ཅན་བོད་ཀྱི་ཡུལ་ལྗོངས་ནས།། ཞི་བདེའི་རྒྱ་མཚོ་ཆེན་པོའི་ཐུགས།། མཚོ་བཞི་གླིང་ལྔ་ཡོངས་ལ་འཕྱུར།། ཞི་བདེ་འཛམ་བུ་གླིང་ལ་ཁྱབ།།

གྲོགས་པོ་ལགས། ཕོ་རྩལ་སྣ་དགུ་རྫོགས་པའི།། ཕོ་རབ་སྟག་ཤར་དར་མ།། མནའ་ཤག་སྙིང་གི་གྲོགས་པོ།། དེ་རིང་ཡང་བསྐྱར་མཇལ་སོང༌།། མཆོད་ཆང་ཡང་བསྐྱར་མཆོད་དང༌།། གྲོགས་པོའི་ལ་རྒྱའི་ཆེད་དུ།། མཆོད་ཆང་མཆོད་གིན་མཆོད་གིན།། མི་རིགས་ལ་རྒྱ་གླེང་དང༌།། ཁ་བ་གངས་ཅན་ལྗོངས་ཀྱི།། ཆོས་རྒྱལ་མེས་དབོན་རྣམ་པ།། མི་མངོན་དབྱིངས་སུ་གཤེགས་ཀྱང༌།། ཞབས་རྗེས་བོད་ལ་བཞག་ཡོད།། མི་རིགས་ལ་རྒྱ་ཆེད་དུ།། མཆོད་ཆང་མཆོད་གིན་མཆོད་གིན།། མེས་པོའི་ཞབས་རྗེས་འཚོལ་ནས།། གངས་ཅན་བོད་ལ་ལོག་འགྲོ།

ལོངས་ཤོག ཁ་བ་ཅན་གྱི་བོད་རིགས་རྣམ་པ་ཚོ།། གཞིས་བྱེས་བོད་ཀྱི་སྤུན་ཟླ་རྣམ་པ་ཚོ།། ལོངས་ཤོག ང་ཚོ་ཚང་མ་མཉམ་དུ་ལོངས་ཤོག། བོད་ཀྱི་ཆོས་དང་རིགས་གཞུང་གི་ཆེད་དུ། མཉམ་དུ་ལོངས་ཤོག ཁ་བ་ཅན་གྱི་བོད་རིགས་རྣམ་པ་ཚོ།། གཞིས་བྱེས་བོད་ཀྱི་སྤུན་ཟླ་རྣམ་པ་ཚོ།། ལོངས་ཤོག ང་ཚོ་ཚང་མ་མཉམ་དུ་ལོངས་ཤོག། བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ཆེད་དུ། མཉམ་དུ་ལོངས་ཤོག། ཁ་བ་ཅན་གྱི་བོད་རིགས་རྣམ་པ་ཚོ།། གཞིས་བྱེས་བོད་ཀྱི་སྤུན་ཟླ་རྣམ་པ་ཚོ།། ལོངས་ཤོག ང་ཚོ་ཚང་མ་མཉམ་དུ་ལོངས་ཤོག། རང་དབང་རང་བཙན་གཙང་མའི་ཆེད་དུ། མཉམ་དུ་ལོངས་ཤོག

མཆོད་ཆང༌། མཆོད་ཆང་མཆོད་དང་གྲོགས་པོ་ཚོ།། ཞིམ་མངར་མཛོམས་པའི་མཆོད་ཆང༌།། བལྟ་ན་མིག་ལམ་མཛེས་པ།། བཏུང་ན་བྲོ་བ་ཞིམ་པ།། མྱོང་ན་ལུས་ལ་ཕན་པ།། མཆོད་ཆང་མཆོད་དང་གྲོགས་པོ་ཚོ།། ཞིམ་མངར་མཛོམས་པའི་མཆོད་ཆང༌།། ང་ཚོས་ཞབས་ཏག་རྒྱག་ཆོག། སྐྱིད་པོ་མཉམ་གཏོང་གནང་ནས།། མི་རིགས་ལ་རྒྱ་གླེང་དང༌།། མཆོད་ཆང་མཆོད་དང་གྲོགས་པོ་ཚོ།། རྒྱལ་བའི་མཛད་འཕྲིན་ཆེད་དུ།། བདེན་མཐའ་གསལ་བའི་ཆེད་དུ།། རང་བཙན་གཙང་མའི་ཆེད་དུ།། ང་ཚོས་ཞབས་ཏག་རྒྱག་ཆོག།


ཞི་བདེ་གསེར་གྱི་གཟིགས་རྟགས།

གནམ་སྔོན་པོ་འཁོར་ལོ་རྩེ་དགུའི་འོག ། ས་དོག་མོ་པདྨ་འདབ་བརྒྱད་སྟེང༌།། ལྷོ་འཛམ་བུ་གླིང་གི་མི་ཡུལ་འདིར།། སྐྱིད་ཞི་བདེ་སྐྲུན་མཁན་ྋགོང་ས་མཆོག།

ཞི་བདེ་གསེར་གྱི་རྟགས་མ།། ཁྱོད་ལ་ཕུལ་བ་བཟང་བྱུང༌།། སྤྲོ་སེམས་ཁོལ་བའི་ངང་ནས།། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ། ཕྱི་དམག་འཁྲུགས་དུས་མཐའི་མེ་ལྟར་འབར།། ནང་འཚེ་བ་སྟོན་ཁའི་རླུང་ལྟར་འཚུབ།། བར་སྐྱེ་འགྲོ་སྡུག་བསྔལ་མཚོ་ལྟར་ཕྱུར།། གནས་འདི་ལས་སྐྱབས་མཁན་ྋགོང་ས་མཆོག།

ཞི་བདེ་གསེར་གྱི་རྟགས་མ།། ཁྱོད་ལ་ཕུལ་བ་བཟང་བྱུང༌།། སྤྲོ་སེམས་ཁོལ་བའི་ངང་ནས།། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། །

སྐུ་མཚན་དཔེས་མཛམ་གླིང་ཞི་བདེ་སྐྲུན།། གསུང་སྙན་པོས་འཚེ་མེད་ཞི་བ་སྤེལ།། ཐུགས་བྱམས་བརྩེས་འགྲོ་བ་མཐའ་དག་སྐྱོང༌།། མགོན་ཞི་བདེའི་དབུ་འཁྲིད་ྋགོང་ས་མཆོག །

ཞི་བདེ་གསེར་གྱི་རྟགས་མ།། ཁྱོད་ལ་ཕུལ་བ་བཟང་བྱུང༌།། སྤྲོ་སེམས་ཁོལ་བའི་ངང་ནས།། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། །


OLEPAN སྐད་གྲགས་ཆེ་བའི་རྩེད་འགྲན།། འགྲན་ཟླ་མེད་པའི་རྩེད་འགྲན།། གཟིགས་མོ་ཆེ་བའི་རྩེད་འགྲན།། ཨོ་ལེ་པན་གྱི་རྩེད་འགྲན།། ཕེབས་དང་གཟིགས་མོ་རྣམ་པ།། གཟིགས་དང་སྐུ་མགྲོན་རྣམ་པ།། སྤྲོ་བའི་སྤྱན་ཟུར་གཅིག་ནས།། གཟིགས་མོ་གནང་པའི་ཞོར་ལ།། བརྩེ་བའི་སྤྱན་ཟུར་གཅིག་གིས།། བོད་ཀྱི་གནས་སྟངས་གཟིགས་རོགས།།

གཟིགས་ན་ལྟད་མོ་ཆེ་བ།། ཉན་ན་སྙན་ལ་སྙན་པ།། བསམ་ན་ཐུགས་ལ་བབ་པ།། ཨོ་ལེ་པན་གྱི་རྩེད་འགྲན།། ཕེབས་དང་གཟིགས་མོ་རྣམ་པ།། གཟིགས་དང་སྐུ་མགྲོན་རྣམ་པ།། སྤྲོ་བའི་སྤྱན་ཟུར་གཅིག་ནས།། གཟིགས་མོ་གནང་པའི་ཞོར་ལ།། བརྩེ་བའི་སྤྱན་ཟུར་གཅིག་གིས།། བོད་ཀྱི་གནས་སྟངས་གཟིགས་རོགས།།

སྐམ་ས་ཆེན་མོའི་གླིང་གི། ཉིས་སྟོང་བརྒྱད་ཀྱི་མཛད་སྟོན།། འཛམ་གླིང་ཤརནུབ་ཡོངས་ཀྱི།། ཨོ་ལེ་པན་གྱི་རྩེད་འགྲན།། ཕེབས་དང་གཟིགས་མོ་རྣམ་པ།། གཟིགས་དང་སྐུ་མགྲོན་རྣམ་པ།། སྤྲོ་བའི་སྤྱན་ཟུར་གཅིག་ནས།། གཟིགས་མོ་གནང་པའི་ཞོར་ལ།། བརྩེ་བའི་སྤྱན་ཟུར་གཅིག་གིས།། བོད་ཀྱི་གནས་སྟངས་གཟིགས་རོགས།།

བརྩེ་བའི་བཀྲ་ཤིས་ལྷ་མོ།

དག་པ་ལྷ་ཡི་ཞིང་ལ།། ལྷ་མོ་བརྒྱ་ཡོད་སྟོང་ཡོད།། འཇིག་རྟེན་མི་ཡི་ཡུལ་ལ།། བཀྲ་ཤིས་ལྷ་མོ་ཁྱོད་རེད།།

ལྡི་ལི་བསམ་ཡས་གླིང་ནས།། ཁྱོད་རང་ཐོག་མར་མཇལ་དུས།། མ་བཅོས་སེམས་ཀྱི་བག་ཆགས།། རྨི་ལམ་བཞིན་དུ་སད་བྱུང༌།།

སྙིང་སྡུག་སྙིང་གི་ལྷ་མོ།། སྙིང་ལ་སྙིང་བཞིན་ཉར་ཡང༌།། སྙིང་དང་སྙིང་རྗེའི་རིན་ཐང༌།། སྙིང་སྡུག་སྙིང་ལ་ཨེ་ཡོད།། སྙིང་གཏམ་སྙིང་གི་གསང་བ།། གསང་དང་མ་གསང་མི་འདུག། རླུང་དང་ལྷགས་པས་ཁྱེར་ནས།། རྒྱ་གྲགས་བོད་གྲགས་ཆགས་འདུག།

བཀྲ་ཤིས་དཔལ་གྱི་ལྷ་མོའི།། སྙིང་གཏམ་ཚིག་རྐང་གསུམ་པོ།། དྷ་སའི་ཤིང་ནགས་གསེབ་ནས།། ཁུ་བྱུག་བཞིན་དུ་གྲགས་བྱུང༌།།


འཁྲུལ་སྣང༌།

ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།། མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།། བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།། སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།

ཕ་རྒན་མུ་གེས་ཤི་བའི་དུར་ས་ན།། བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།། རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།། རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།

མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག། བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།། ཆང་དང་སྦིས་རག་མཆོད་པའི་སྐུ་མགྲོན་ཚོར།། སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།

ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།། དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།། རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།། བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།

སྔགས་ནག་གཅོད་པས་ལྷ་འདྲ་གཡབ་མོ་བྱེད།། བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།། རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།། ལྷིངས་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

ལྷོ་གཞིས་སུ་བསྐྱོད་པའི་མཐོང་ཐོས།

བྷེ་ཏའི་ནགས་ཀླུང་བརྟོལ་བའི་བས་མཐའ་ན།། མཁས་པའི་མིང་བྱང་འཁོད་པའི་ཚོགས་འདུ་ཁྲོད།། ལྟོགས་སྐམ་རླབས་རིས་འཕྱུར་བས་མ་བཟོད་ནས།། ཁྲོམ་ཐོག་ཟ་ཁང་མགྲིམས་པའི་མཐོང་སྣང་གླེང༌།།

ཚོང་ཁང་ཐ་ཐོར་སྒྲིག་པའི་སྲང་ལམ་ན།། སྐྱ་སེར་བསྣོལ་མ་འཐབ་པའི་འདུ་ལང་གསེབ།། ཆུ་འཁྱགས་འགྱིག་དམ་གང་ལ་སྐྱབས་བཅོལ་ནས།། ཐོག་ཁའི་ལྕགས་ཁྲ་གསེབ་ནས་རྒྱང་བལྟ་བྱས།།

མེ་ལྕེ་དགུང་ལ་མཆེདཔའི་ཚ་རླབས་ཀྱིས།། ལྷོ་རླུང་ཁྱུད་མུད་བཏང་པའི་གྲུ་ག་ན།། རི་ཤལ་ནག་རིལ་རྒྱུག་པའི་འཚང་ཀ་ཡིས།། ཐལ་རྡུལ་གང་སར་བསྣོལ་པ་མིག་ལ་གཟེར།།

ཀ་རུ་ནག་པོ་གཏོང་པའི་འབྱོར་ལྡན་གྱིས།། སྲང་ལམ་དོག་པོ་འཕྲེད་དུ་བཅད་པའི་སྣེ།། སྦག་སྦག་འགྲོ་ལམ་བཀག་པའི་འཚང་ཀ་ཡིས།། ཁྲོམ་རའི་མི་ཚོགས་བསྐྱིལ་པའི་ལྟད་མོ་མཐོང༌།།

རྐང་ལག་དུམ་བུར་ཆད་པའི་སྤྲང་ཕྲུག་ཚོར།། ཡ་ཀི་རྩ་གསུམ་ལྷ་ཡིས་མ་སྐྱབས་པར།། སྟོད་འགག་སྤག་སྤག་རལ་པོའི་གྲྭ་རྐྱང་ཚོས།། སྒོར་རྡོག་རེ་གཉིས་འཕངས་པའི་སིལ་སྒྲ་སྙན།།


ཕོ་ཕ་བཟང་བུ།

[ཆུ་སྒང་དཔའ་བོ་ཡོན་ཏན་རྡོ་རྗེའི་ལོ་རྒྱུས་བཀླགས་པའི་མཐོང་སྣང༌།]


ཉི་ཟླ་སྐར་གསུམ་སྤྲིན་པའི་གསེབ་ཏུ་འཚང༌།། གངས་ལྷ་མེ་ཏོག་སྟོན་མཇུག་བ་མོས་བཅོམ།། རི་སྤྱང་དམར་པོས་ལུག་ཁྱུ་ཉུལ་བའི་སྣེ།། གངས་རིའི་ལས་དབང་སྔོན་པོའི་ཆུ་དང་འགྲོགས།།

གངས་ལྷའི་སྨད་གཡོག་སྐ་རགས་ཆད་ཉེར་དུས།། ཤར་མཐའི་སྤྱང་ཚོགས་ངུར་མོའི་འདུ་རྒྱུག་ཁྲོད།། རྣམ་ཤེས་རླུང་དང་འགྲོགས་པའི་མགྲོན་པོ་ཁྱོད།། ལྟེ་ཁྲག་དམར་པོ་དཀར་མཛེས་ཡུལ་དུ་འཕོས།།

ཟླ་གསུམ་ཟླ་ངོ་ལོན་ལོང་མ་བྱུང་གོང༌།། གོམ་གསུམ་གོམ་པ་སྤོ་སྟངས་མ་ཤེས་གོང༌།། ཕ་ལོས་འགྲོས་མ་ཞོན་ནས་ཁྱོད་ཀྱི་མཚན།། དཀར་མཛེས་བཤད་སྒྲུབ་ནོར་བུའི་གླིང་དུ་བསྐྱལ།། ཕོ་ལོ་བཞི་གསུམ་བཅུ་གཉིས་མགོ་ཐོག་ནས།། དབྱངས་གསལ་སོ་བཞིའི་མེ་ཏོག་མཐུ་ཞོར་དུ།། ཆུ་ཟོར་རྒྱབ་ཏུ་ཁུར་བའིབྱིས་པ་ཁྱོད།། ཡོན་ཆབ་མཆོད་ཡོན་བྲན་པའི་མཆོད་གཡོགས་བྱས།།

བུ་མོ་སྐྱེས་ཚད་གནས་ལ་བརྫངས་པ་དང༌།། བུ་ཕོ་ཕལ་ཆེར་ས་མཐར་སྐྱེལ་བའི་སྲོལ།། དྲིན་ཆེན་ཕ་མས་འགོག་ཐབས་མ་རྙེད་ནས།། ཁྱོད་ཀྱང་ཉི་མ་ལྷ་སའི་ཡུལ་དུ་གཏོང༌།།

སྡེ་དགེ་ཁྲམ་ལ་རྡོག་པའིའོག་ཏུ་རྫིས།། འབྲི་ཆུ་སྔོན་མོའི་སྐེད་པ་ཕྲེད་དུ་བཅད།། ཀོང་པའི་བར་ལ་བརྒལ་ནས་དབུས་ལམ་འཚོལ།། ཉི་མ་ལྷ་སའི་ཁྲོམ་ར་དང་པོར་མཐོང༌།།

དད་པའི་མིག་ཆུ་ཇོ་བོའི་མདུན་དུ་གཏོང༌།། སྐྱིད་སྡུག་སྔས་མགོ་དགའ་ལྡན་དགོན་དུ་བཅས།། འཁྱག་ལྟོགས་རྡུང་རྡེགས་གསུམ་ལ་གདོང་ལེན་བྱས།། ཕ་མའི་དྲིན་ལེན་ཆོས་གྲྭའི་ནང་ནས་བསབས།། མུན་ནག་འོད་དུ་འཛིན་པའི་ལྷ་སའི་གླིང༌།། རྭ་སྟག་ནང་འཁྲུགས་བརྒྱབ་པའི་རླུང་རླབས་ཁྲོད།། དགོན་སྡེ་དམག་གིས་བཅོམ་པའི་ཁྲག་རིས་ཀྱིས།། ཁྱོད་ཀྱི་སྙིང་ལ་བསུབ་མེད་རི་མོ་བྲིས།།

ལྷ་སའི་ཇོ་བོའི་མདུན་ནས་གྱེས་མཇལ་ཞུས།། དྲིན་ཅན་ཕ་མའི་ཞལ་རས་ཡིད་ལ་འཁོར།། རྐང་པའི་རྡོག་སྣེ་ཕ་སའི་ཕྱོགས་སུ་གཏེགས།། ཁམས་པ་ལ་རྩེ་བརྒལ་ནས་ཕ་ཡུལ་ལོག།

གཡང་དཀར་ལུག་ཁྱུས་ཁེངས་པའི་མཛེས་ལྗོངས་སུ།། དམར་པོའི་རི་སྤྱང་འདུར་པའི་འཚང་ཀ་གསེབ།། མེས་པོའི་བང་སོ་བཤིགས་པའི་དུར་ས་ལ།། རྒྱ་སྒར་མཚོ་བཞིན་འཁྱིལ་བའི་དུར་ཞགས་མཐོང༌།།

སྟག་རྒོད་རི་ལ་ཤོར་བའི་རྗེས་ཤུལ་ནས།། ཁྱི་རྒན་ངུར་མོ་འདོན་ནས་རྒྱུགས་པ་དང༌།། སེང་གེ་འདམ་དུ་བྱིངས་པའི་བས་མཐའ་ན།། ཝ་མོས་སྒོར་བྲོ་རྡུང་པ་ཁྱོད་ཀྱིས་མཐོང༌།། ཞེན་ལོག་སྐྱུར་མོ་ཁོག་པའི་ནང་ནས་ལྡང༌།། མེས་པའི་ལ་རྒྱ་སེམས་ཀྱི་གཏིང་ནས་བསྙེགས།། དམར་པོ་དགྲ་ལ་འཁོན་འཛིན་གཏིང་ནས་ལངས།། རི་སྐྱེས་སྟག་རྒོད་བས་མཐའི་ནགས་གསེབ་མཆོང༌།།

འཛམ་གླིང་དཔའ་བོའི་ཡང་རྩེ་ཨ་འབྲུག་གི། སྤུ་གྲིའི་དར་ཆ་འཕྱར་བའི་དཔུང་སྡེ་ཁྲོད།། ལྕགས་ཚ་གྲུ་གུ་ཐང་གི་དམག་སྒར་ནང༌།། རྒྱ་མཚོའི་ཆུ་ལ་གཙང་ཆེན་བཞིན་དུ་ཞུགས།།

ཕོ་རྒོད་དཔའ་བོ་སྟོང་གི་དཔུང་བསྒྲིགས་ཏེ།། མེས་པོའི་ཕ་ས་སྲུང་པའི་གནའ་ཚིག་བཞག ། དྲག་པོའི་རུ་ཚོན་འཕྱར་བའི་དཔུང་ཟིལ་གྱིས།། ལྷོ་ཁའི་བཙན་ས་བཟུང་པའི་ལོ་རྒྱུས་སྙན།།

མདོ་མཁར་སུམ་མདོ་འགག་འཕྲང་དོགས་མོའི་ནང༌།། ཁྲི་ཕྲག་དགྲ་བོས་མཐའ་ནས་བསྐོར་བའི་སྐབས།། དྭངས་བླངས་དཔའ་བོ་སྟོང་གི་ཀི་སྒྲ་ཡིས།། གནམ་ས་རལ་གྲིས་གཤགས་པའི་སྐད་གྲགས་བཞག། དགྲ་སྡེ་སྟོང་ཁྲག་བསད་པའི་ཁྲག་རྒྱུན་དང༌།། རང་དམག་བཅུ་ཕྲག་ཤོར་བའི་དམག་འཐབ་གསེབ།། དམར་པོའི་སྲོག་ལ་གཅེས་འཛིན་མི་ཤེས་པར།། དགྲ་རྫོང་གཏོར་བའི་ཁས་ལེན་དང་པོར་འཐོན།།

དགྲ་མགོ་དང་པོ་རྡུང་པའི་དབུ་ཁྱུད་བྲིས།། ཡབ་མེས་དབྱིངས་ནས་དགྱེས་པའི་ཁྲག་མཆོད་བསྟར།། དགྲ་སྡེ་དམག་ཕྱོགས་སྲན་ཕུང་བཞིན་དུ་འཐོར།། གྲགས་པ་སྙན་མོ་ལྷ་སའི་རུ་བཞིར་ཁྱབ།།

ཤོངས་ཀྱི་གླིང་ནས་དྲག་པོའི་གོ་མཚོན་བླངས།། སྙེ་མོ་དཀར་ཁོང་རྒྱ་བོད་གཡུལ་འཐབ་ཁྲོད།། དམར་པོ་ཁྲག་གིས་སྦགས་པའི་བཤའ་གྲི་ཡིས།། བརྒྱ་བསད་སྟོང་སྒྲིལ་བྱས་པའི་ལོ་རྒྱུས་བཞག།

འདམ་གཞུང་བཙན་འགག་དོགས་མོའི་སྒུག་ར་ནང༌།། དགྲ་སྡེའི་རླངས་འཁོར་དམར་པོ་མེ་ཡིས་བསྲེགས།། ཚེ་ཟད་ལས་ཀྱིས་དེད་པའི་རྒྱ་ཁྱུ་ཞིག། བརྩེ་མེད་གཤིན་རྗེ་རྒྱལ་པོའི་ཁྲིམས་སར་བསྐྱལ།། འབྲི་གུང་མཁར་སྒང་འགྲིམས་པའི་ལམ་སྣེ་ནས།། མེ་མདའི་ཁ་ཚ་འགྲན་པའི་མེ་སྟག་ཁྲོད།། དགྲ་དམག་བཅུ་ཕྲག་བསྒྱེལ་བའི་ཟུང་ཁྲག་གིས།། མེས་པོའི་རྣམ་ཤེས་དགྱེས་པའི་མཆོད་སྤྲིན་བསྟར།།

རྨ་གཞུང་དགྲ་བོའི་འཐབ་རྭ་དྲག་པོའི་གསེབ།། མེ་སྒྱོགས་བཅུ་དྲུག་བརྒྱབ་པའི་ལྡིར་སྒྲ་ཡིས།། གནམ་ས་ཐལ་བས་སྒྲིབ་པའི་གཡུལ་ས་ན།། ཨ་འབྲུག་དཔའ་བོ་རྨས་པའི་ཕམ་ཉེས་སྐབས།།

ཤི་གསོན་དབྱེ་མཚམས་དཀའ་བའི་དམར་འཛིངས་སྣེ།། ས་ཆེན་ཁྲག་གིས་སྦགས་པའི་གཤིན་ཐང་དེར།། ལྷག་མའི་དཔའ་བོ་བརྒྱ་ཡི་དཔུང་སྡེ་ཁྱུ།། རླུང་གིས་སྤུར་པའི་སྐར་ཚོགས་ཇི་བཞིན་འཐོར།།

བྲོས་ལམ་ཕལ་ཆེར་ཤི་བོའི་རོ་ཡིས་བཀག། ནམ་མཁའི་མཐོངས་ནས་རྡོ་ཡི་དྲག་ཆར་ཕབ།། ཁྱོད་ཀྱི་ཚེ་སྲོག་རླུང་ཁའི་མར་མེ་བཞིན།། ཤི་གསོན་བྱེ་མའི་ལ་ཁའི་འཕྲང་ནས་ཐར།།

དགྲ་སྲོག་དུམ་བུར་གཏུབས་པའི་སྤུ་གྲིའི་རྩེ།། 

དྭངས་མའི་གཉེན་གྱི་སྙིང་ལ་བཙུགས་བྱས་པས།། སྐུ་ཕུང་དུར་སའི་མེ་ལ་ཐིམ་ན་ཡང༌།། རྣམ་ཤེས་འཁྱམས་པོས་ཕྱིར་ལྟས་བྱེད་དགོས་བྱུང༌།།

ནང་ཁུལ་བཀྲུགས་དུས་དཔའ་བོ་སྟག་འདྲ་བ།། ཕོ་མཐའ་འགའ་ཞིག་ལ་ཁའི་བྱ་སྤུ་བཞིན།། ཕྱིར་ལྟོས་མེད་པར་རི་ལ་བྲོས་ན་ཡང༌།། ཕ་བཟང་བུ་ཁྱོད་ཕ་བང་བཞིན་དུ་བསྡད།།

ཐོབ་ཤོར་དབྱར་མཚོ་འཁྲུགས་པའི་གཡུལ་ས་དེར།། ཕོ་མཐའ་དེ་ཚོ་རི་ལ་བྲོས་ན་ཡང༌།། སྐྱེས་པ་ཕོ་ཁྱོད་ཨ་འབྲུག་སྦྱིན་བདག་དང༌།། ལུས་དང་དྲི་མ་ཇི་བཞིན་མཉམ་དུ་འགྲོགས།།

སྐྱེས་པ་ཕོ་རབ་དཔའ་བོའི་ཡང་རྩེ་ཁྱོད།། དྲག་པོའི་དམག་སར་གདོང་མཆོང་བྱེད་པའི་སྐབས།། རྩལ་དྲུག་རྫོགས་པའི་དམར་ཡག་སྟག་འདྲ་ལས།། ཕྱིར་ཀྱེད་ཝ་བྲོས་བྱས་པའི་ལོ་རྒྱུས་མེད།། ཀོང་པོ་རྒྱ་ཞིང་བཙན་པོའི་དགྲ་རྫོང་ནང༌།། ཚེ་སྲོག་གཏའ་མར་བཞག་ནས་གདོང་མཆོངས་བྱས།། དགྲ་བོའི་ཕོག་ཁང་དམར་པོ་མེ་ལ་བསྲེགས།། སྙན་པའི་སྐད་གྲགས་ད་ལྟའི་བར་དུ་ཁྱབ།།

སྤོ་བོ་ཆུ་མདོའི་ས་འགག་གཟུང་པའི་སྐབས།། ནག་པོ་དགྲ་ཡིས་ཀླད་ནས་བསྐོར་ཏེ་བཙགས།། རི་ཀླུང་ཨ་ལོང་བཞིན་དུ་བསྐོར་དུས་ཁྱོད།། དཔའ་དམ་དྲུད་ནས་གད་ལ་མཆོང་དགོས་བྱུང༌།།

ཚེ་སྲོག་མ་ཤོར་སྔོན་པོ་ཆུ་ཡིས་སྐྱབས།། དཔའ་རྩལ་མ་ཉམས་དཔུང་པའི་ཤ་རྒོད་རྒྱས།། འཁྱགས་ལྟོགས་དཀའ་ལས་གསུམ་དང་འགྲོགས་བྱས་ཏེ།། རི་ཀླུང་དེད་ནས་དཔའ་བོའི་ཞབས་རྗེས་འཚོལ།།

དུང་ལ་བརྒལ་ནས་ཆུ་སྒང་དམག་རྗེས་བསྙེགས།། དཔའ་ཤོད་དགོན་ནས་གཞུང་གི་གོ་མཛོད་བླངས།། རླངས་འཁོར་དྲུག་ཅུ་རྩ་མེད་ཤུལ་བརླགས་བཏང༌།། ཕྱི་འདེད་རྒྱ་དམག་སྟོང་གི་ཚེ་སྲོག་འཕྲོགས།། སེམས་ཀྱི་རྒྱབ་རྟེན་ལྷ་སའི་གླིང་ལ་བྱས།། རེ་བའི་རྨི་ལམ་འཐུག་པོའི་ཐུན་མཚམས་སུ།། ལྷ་ས་དགྲ་ལག་ཤོར་བའི་གཏམ་ངན་སྒྲ།། མི་སྙན་ཁྭ་ཏ་ནག་པོའི་ཨག་སྐད་ཐོས།།

དམར་ཆུང་སེམས་སུ་སྡུག་གི་ན་བུར་འཐིབས།། སྐྱོ་བའི་མིག་ཆུ་ཁོག་པའི་ནང་དུ་བཞུར།། ཧུ་ཤུལ་རླུང་དང་འགྲོགས་པའི་དབུགས་རིང་གིས།། རི་ཀླུང་བྲག་ཆས་བཀང་པས་ལྷིངས་འཇགས་བཀྲོགས།།

གཅེས་སྲོག་མཆིལ་མའི་ཐལ་བ་བཞིན་དོར་པའི།། བསྟན་སྲུང་དྭངས་བླངས་དཔའ་བོའི་རུ་ཚོན་འོག། ཤ་ཁྲག་ལུས་ཀྱི་ཟམ་ཆེན་ལེབ་མོའི་སྟེང༌།། གངས་ཅན་མགོན་པོ་དབུས་འགྱུར་ཞིང་དུ་དྲངས།།

ཕྱག་ན་པདྨོའི་ཞབས་ཟུང་འཁོར་ལོའི་རིས།། དབུས་འགྱུར་དག་པའི་ཞིང་དུ་བསྒྱུར་བའི་གཏམ།། དཔྱིད་ཀྱི་ཁུ་བྱུག་མྱོས་པའི་རྒྱངས་གླུའི་སྒྲ།། ཐོས་ཚེ་སེམས་ལ་དཔྱིད་ཀྱི་འཛུམ་མདངས་རྒྱས།། ཨ་འབྲུག་དཔའ་བོའི་དམག་གི་བཀོད་ཇུས་འོག། ཉམ་ཆུང་བོད་འབངས་བྲོས་པའི་རྗེས་ཤུལ་ནས།། མེ་མདས་ཚ་འདེད་བྱེད་པའི་དགྲ་དཔུང་ལ།། ཕྱིར་ཀྱེད་མ་བྱས་གདོང་ལེན་བརྟན་པོས་བཀག།

ཕྱོགས་བཞི་མཚམས་བརྒྱད་དམར་པོ་རྒྱ་ཡིས་བསྐོར།། གནམ་ས་གཉིས་ནས་མཚོན་ཆའི་ཆར་པ་ཕབ།། འབྲོ་སའི་ལམ་ཕྲན་ཤི་བོའི་རོས་བཀག་ཀྱང༌།། ཚེ་སྲོག་མཚོན་རྩེར་མ་གཟེར་འཕགས་ཡུལ་སླེབས།།

གངས་ཅན་མགོན་པོའི་ཐུགས་རྗེ་ཉིན་ཟེར་འོག། གྲུབ་དབང་ཆེན་པོའི་བྱིན་རླབས་བདུད་རྩི་མྱོང༌།། དེ་སྔོན་དཔའ་བོ་སོ་ཕྲེང་ཅན་འདྲ་ཁྱོད།། དེང་སང་ཆོས་པ་དགྲ་བཅོམ་འདྲ་ཞེས་ཐོས།།

དམག་འཁྲུགས་ནང་དུ་དམར་ཡག་སྟག་ལས་ངར།། ལྷིང་འཇགས་དུས་སུ་སངས་རྒྱས་གསོན་པོ་བཞིན།། འདི་ཡང་ཕོ་རབ་རྒན་པོའི་རྣམ་ཐར་ཏེ།། བུ་རབས་ཚ་རྒྱུད་ཚོ་ལ་ངོམ་རིན་ཆོག། དགྲ་བོའི་མདུན་སར་ལག་པའི་ཕྱག་རྒྱ་བྱམས།། བཟའ་ཟླའི་ཐོག་ལ་ཁུ་འཚུར་ལྕགས་ལས་མཁྲེགས།། ཕྱི་འཇམ་ནང་དུ་རྩུབ་པའི་ཕོ་མཐའ་འགའ།། གསོན་ཡང་ཤི་གྲལ་སྙེགས་པའི་རོ་དང་མཚུངས།།

ཕོ་རབ་དཔའ་བོ་ཁྱོད་ཀྱི་ལོ་རྒྱུས་སྣེ།། ཡིག་དྲུག་མ་ཎི་བགྲངས་པའི་བར་སྲུབ་ནས།། འདས་སོང་དཔའ་བོའི་རྗེས་དྲན་དགོས་པའི་གཏམ།། ཐོས་ཚེ་སླར་ཡང་ཚིག་འགའ་བྲི་དགོས་བྱུང༌།།

སུམ་ཉིས་ས་ཁྱོན་འགྲམ་པའི་ཐིག་ལེ་ངོས།། རྨིག་རྗེས་ཐར་རླུང་འཁྲིགས་པའི་དུས་ཟིངས་ཀྱིས།། སྟོང་བསད་ཁྲི་སྒྲིལ་བྱས་པའི་མེས་དབོན་ཚོས།། སྟག་སེང་ཁྱུང་འབྲུག་བཀྲ་བའི་རུ་ཚོན་གཡོ།།

ཁྲག་རིས་ས་ལ་ཐིམ་པའི་གཤིན་ཐང་ན།། མེས་པོའི་རྐང་རྗེས་ཕབ་པའི་ས་ཁྱོན་ཏོག། གངས་ལྷའི་རུམ་དུ་མནལ་བའི་ཞིང་ཁམས་དེར།། ཕ་ས་བུ་ཡིས་བཟུང་པའི་ལོ་རྒྱུས་རིང༌།། ལྷ་བསངས་དུར་ཞགས་འཁྲིགས་པའི་སྨུག་ལོང་ཁྲོད།། ྡཀི་བསྭོ་ལྷ་རྒྱལ་འབོད་པའི་དགོད་སྒྲ་སྙན།། མེས་པོའི་ཕ་ས་སྐྱོང་པའི་ཁ་འཛིན་བརླིང༌།། བོད་སྐྱོང་དགྲ་ལྷའི་དབུ་འཕང་དགུང་ལ་བཏེགས།།

དཔའ་བོའི་རྣམ་ཤེས་མེ་མདའི་ཁ་ནས་ཡལ།། མཛེས་མའི་ལང་ཚོ་སྟོན་མཇུག་བ་མོས་བཅོམ།། མེས་པོའི་ཕ་ས་དམར་པོ་རྒྱ་ཡིས་བཟུང༌།། གངས་ལྷའི་ཕང་པར་ཁྲག་དང་མིག་ཆུས་ཁེངས།།

རི་ཀླུང་ཁ་བས་བསྟིམས་པའི་གངས་འདབས་སུ།། གཟུགས་མེད་རྣམ་ཤེས་འཁྱམ་པོའི་ཀི་སྒྲ་སྙན།། འདས་པའི་དཔའ་བོ་སྟོང་གི་རྣམ་ཤེས་ཀྱིས༌།། ཞོགས་པའི་བྱེའུ་ཆུང་གླུ་ལ་རེ་སྒུག་བྱེད།།

ཟླ་འོད་རླུང་གིས་བདས་པའི་མཚན་ངོགས་ན།། ཟུངས་ཁྲག་ས་ལ་ཐིམ་པའི་དཔའ་བོ་ཚོའི།། རྣམ་ཤེས་མགྲོན་པོ་བསྟིམ་སའི་བང་སོའི་མདུན།། དཔུང་རོགས་གཡུལ་སར་རྒྱུག་པའི་རྨིག་སྒྲ་ཉན།། ཕ་ས་རྩོད་མཚམས་བཞག་པའི་ཕོ་རོག་སྐད།། མི་མངོན་རླུང་ཡན་གསེབ་ནས་འཛེར་བའི་གཏམ།། ཐོས་ཚེ་རྣམ་ཤེས་སྟོང་གི་ངུ་སྒྲ་ཡིས།། མཚན་དུས་གནམ་གྱི་རྒྱལ་མོའི་ལྷིང་འཇགས་བཀྲོགས།།

དཔའ་བོའི་བྱས་རྗེས་ནམ་མཁའི་འཇའ་ལ་བསྟིམས།། སྡར་མའི་གབ་ཁུང་ཐབས་ལམ་མཆོག་ཏུ་བཀུར།། དཀར་ནག་གོ་ལྡོག་ཐེབས་པའི་ཀྱོག་མཚམས་ནས།། འདས་སོང་དཔའ་བོའི་སྙིང་རྩ་ཁྲག་གིས་འཚང༌།།

ནམ་མཁའི་ཉི་ཟླ་ཐང་ལ་ལྷུང་ཡང་སྲིད།། རྒྱ་མཚོ་ཆེན་པོ་མེ་ཡིས་འཚིགས་ཀྱང་རུང༌།། སྔོན་གཤེགས་དཔའ་བོས་བཞག་པའི་མཛད་རྗེས་རིས།། སུ་དང་གང་གིས་བསུབས་ཀྱང་ཟུབ་ནུས་མིན།།

ས་ཆེན་ལེབ་མོ་ཤོག་གུ་གྲུ་བཞིར་བྱས།། ནགས་ཀླུང་མཐའ་དག་སྨྱུ་གུ་ལ་བསྒྱུར་ཞིང༌།། རྒྱ་མཚོ་རྣམ་བཞིས་སྣག་ཚ་བྱས་ན་ཡང༌།། འདས་སོང་དཔའ་བོའི་ལོ་རྒྱུས་ཚར་བ་མེད།། ནམ་མཁའ་སྔོན་པོ་མཐིང་ཤོག་ལ་བསྒྱུར་ཅིང༌།། སྐར་ཚོགས་མཐའ་དག་ཡིག་འབྲུ་བྱས་ན་ཡང༌།། གཅེས་སྲོག་གཡུལ་སར་བཏང་པའི་དཔའ་བོ་ཚོའི།། སྙན་པོའི་ལོ་རྒྱུས་མཐའ་དག་རྫོགས་ནུས་མིན།།

དགོངས་པ་མ་འཚང་འདས་པའི་དཔའ་བོ་ཚོ།། ཁྱོད་ཚོའི་དུར་ས་རྩྭ་ལོ་ཕུང་པོའི་མདུན།། ལེགས་གསོལ་མཚོན་པའི་སྙན་ཚིག་མེ་ཏོག་འདི།། ཐུགས་ཀྱི་རྨ་ཁ་གསོ་བའི་རྟེན་དུ་བཞེངས།།

སྙན་ངག་པ་བེ་རི་དབང་རྒྱལ་གྱིས་གནས་མཆོག་ཝཱ་ར་ཎ་སི་ནས་བྲིས། ༢༠༠༧།༡༢།༢།



པར་བྱང་སྨོན་ཚིག

ཐུབ་ཆེན་གངས་ཀྱི་ལྷུན་པོ་ལས་བརྒྱུད་པ།། ཤིང་རྟ་ཆེན་པོ་དག་གི་ཐུགས་ཀྱི་བཅུད།། ཨ་ཏི་ཤ་ཡི་མན་ངག་བདུད་རྩིའི་མཛོད།། བཀའ་གདམས་གོང་མའི་སྙིང་གི་ཐིག་ལེར་མཛེས།།

བླ་མེད་ཐེག་པ་མཆོག་ཏུ་འཇུག་པའི་སྒོ།། ཐེག་གསུམ་ཆོས་ཚུལ་ཀུན་གྱི་རྒྱལ་པོ་མཆོག། དམ་ཆོས་འོ་མ་བསྲུབས་པའི་སྙིང་པོ་གང༌།། བྱང་ཆུབ་སེམས་མཆོག་བསྐྱེད་པའི་མན་ངག་ཟབ།།

རང་རྒྱུད་གྲོལ་བའི་ཕ་རོལ་ཕྱིན་དྲུག་དང༌།། གཞན་རྒྱུད་སྨིན་བྱེད་བསྡུ་བཞིའི་ཉམས་ལེན་གྱིས།། བསྟན་དང་འགྲོ་བའི་དོན་ལ་འཇུག་པ་ཡི།། རྨད་བྱུང་རྣམ་ཐར་གཙང་མའི་ལམ་བཟང་ཚུལ།། འབྲོམ་སྟོན་རྒྱལ་བའི་ཞལ་ཆབ་འཐོར་བའི་ཆུ།། ཁམས་ལུང་བཙུན་པས་གཅིག་ཏུ་བསྡུས་པའི་རྒྱུན།། ཉམས་ལེན་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང༌།། ཐར་འདོད་ངང་མོ་རྩེན་པའི་དགའ་སྟོན་བསྐྲུན།།

དེང་གི་འགྲོ་བའི་བློ་གྲོས་མཚན་མོའི་དུས།། བཀའ་གདམས་གོང་མའི་ལེགས་བཤད་ཀུན་དའི་ཚལ།། ཐར་འདོད་མིག་གི་བདུད་རྩིར་བསྒྲུབ་པའི་སླད།། འགྲེལ་བཤད་ཟླ་བ་གསར་པའི་དཀྱིལ་འཁོར་མཛེས།།

གཞུང་བརྒྱ་གཅིག་ཏུ་འཁྱིལ་བའི་ཉམས་ལེན་གནད།། བཀྲེན་པའི་མུ་ལྟོ་དག་གི་པ་རུ་ན།། གཏམ་གྱི་བཅུད་ལེན་རིན་ཆེན་དང་པོ་ཡི།། ཐུམ་བུ་འདི་ལས་ལྷག་པའི་སྐྱེས་བཟང་གང༌།།

དེ་ཕྱིར་གསེར་གྱི་རི༵་ལ་མིག་སྐྱ༵་ཡིས།། ནོར་གྱི་འཚོང་འགྲེམས་བྱེད་པས་མི་མཚོན་པའི།། ལུང་རྟོགས་བསྟ༵ན་འཛི༵ན་འཇ༵མ་དཔལ་དབྱང༵ས་ལྡན་པས།། ལེགས་བཤད་འདི་ཀོ་འདོད་འཇོ་ནོར་བུ་དངོས།། འདི་ཡིས་ཐར་འདོད་བྱེ་བ་ཕྲག་བརྒྱའི་ཁམས།། སེམས་ཀྱི་ཞིང་ལ་བདུད་རྩིའི་ཆབ་བྲན་ཏེ།། རྣམ་དག་རིགས་ཀྱི་ས་བོན་བརྟས་པ་ལས།། སྐུ་གསུམ་མཆོག་གི་འབྲས་བུ་མངོན་གྱུར་ཤོག།

བྱེད་པོ་ཉིད་ཀྱང་ཐོས་བསམ་སྒོམ་པའི་འབྲས།། རྒྱལ་བ་གཉིས་པའི་ལུང་རྟོགས་བསྟན་པ་ལ།། འཆད་རྩོད་རྩོམ་དང་མཁས་བཙུན་བཟང་པོའི་དཔལ།། གཅིག་ཏུ་སྐྱོང་པའི་རྣམ་ཐར་འཆང་པར་སྨོན།། ཞེས་བྱ་བ་འདི་ཡང་བཀའ་གདམས་བསྟན་པའི་བདག་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་གསུང་སྒྲོས་ཁམས་ལུང་པས་རྩལ་དུ་བཏོན་ཏེ་འཆད་པས་ཁམས་པ་ལུང་པའི་བློ་སྦྱོང་ཐུན་བརྒྱད་མར་གྲགས་པ་ཉིད་ལ།རི་སྐྱ་སྤྲུལ་པའི་སྐུ་རིན་པོ་ཆེ་བསྟན་འཛིན་འཇམ་་་་དབྱངས་དཔལ་བཟང་པོ་མཆོག་གིས་དེང་དུས་ཀྱི་སྐྱེ་བོའི་བློ་གྲོས་དང་བསྟུན་ནས་གོ་སླ་བའི་ལུགས་སུ་འགྲེལ་བ།ལེགས་བཤད་བློ་སྦྱོང་་་་ཐུན་བརྒྱད་མ་ལས་བརྩམས་ཏེ་ཚིགས་སུ་བཅད་པའི་གཏམ་གྱི་བཅུད་ལེན་རིན་ཆེན་དང་པོའི་ཐུམ་བུ་ཞེས་བྱ་བ་འདི་ཉིད་དཔེ་སྐྲུན་གནང་ལ་ཉེ་སྐབས།པར་བྱང་སྨོན་ཚིག་གཅིག་དགོས་ཞེས་ཇི་ལྟར་བཀས་བསྐུལ་བ་བཞིན།གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་པའི་དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་བས་དང་བ་ཆེན་པོས་ཁ་ཐུག་གློག་ཀླད་དུ་བྲིས་པ་དགེ་ལེགས་འཕེལ།།

སེམས་ངོགས་ཀྱི་རང་མདངས། (P.Y)ལ་ཕུལ་བ།

ཀ་ཤི་མཛེས་དགའི་ཚ་རྒྱུད་མ་ཆད་ཅིང༌།། དྲང་སྲོང་རྒྱས་པའི་ཁ་རླངས་མ་ཡལ་བ།། གནའ་བོའི་གྲོང་ཁྱེར་ཝ་ར་ཎ་སིའི་འགྲམ།། དྲང་སྲོང་ལྷུང་བའི་ནགས་འདབས་གནས་དེའི་དྲུང༌།།

ཁྱོད་ཀྱི་ཞལ་པར་གློག་ཀླད་ཨི་མེལ་སོགས།། གངྒཱ་མཛའ་མོ་མྱོས་པའི་ཆུ་རྒྱུན་བཞིན།། ཆད་མེད་ཉིན་ནས་ཉིན་བཞིན་འབབ་པ་ཀུན།། རྣ་བའི་ལམ་ནས་སེམས་ཀྱི་མཚོ་ལ་འཁྱིལ།།

ཁྱོད་ཀྱི་ཆ་འཕྲིན་ལན་རེར་འབྱོར་བ་དང༌།། བདག་སེམས་རླུང་གིས་གཡོ་བའི་མཚོ་མོ་བཞིན།། དུངས་པའི་རླབས་དཀར་འཕྱོ་བའི་ཟེགས་མ་སྟོང༌།། ལེགས་ལྡན་དཔྱིད་ཀྱི་མེ་ཏོག་བཞིན་དུ་བཞད།།

ཁྱོད་ཀྱིས་བདག་ལ་སྙིང་ནས་བཅངས་པ་དེ།། དད་དང་བརྩེ་བ་གང་ཡིན་མ་ངེས་པས།། ལྗོན་པའི་ནགས་ཀླུང་འཁྲིགས་པའི་དྷ་ས་འདིར།། ཐེ་ཚོམ་ན་བུར་འཐུལ་བའི་ཀློང་དུ་ཚུད།།

འདང་དགོང་ཁྱོད་ཀྱིས་མཚན་མོའི་ཞལ་པར་ནང༌།། བདག་སེམས་གཏིང་གི་བསམ་པའི་འཆར་སྒོ་གང༌།། མ་གསང་བརྗེན་པར་འབྱེད་དགོས་གསུང་པའི་བཀའ།། སྙན་འཇེབས་གསུང་གི་ལམ་ནས་གསལ་ལེར་ཐོས།།

སེམས་ཀྱི་ཁང་པའི་སྦུག་ཏུ་གབ་པ་ཡི།། གསང་བ་ལྐོག་གྱུར་མཚོན་པའི་རི་མོ་འདི།། བརྗོད་པར་འདོད་ཀྱང་ཁ་ཡི་གྲུ་ཟུར་ནས།། ལྕེ་རྩེ་བརྡར་བའི་སྤོབས་པ་བདག་ལ་མེད།།

ཁ་རྩང་དེ་རིང་ཞལ་པར་གཏོང་པ་བཞིན།། ཁ་སྲོང་གཏིང་སྲོང་འགྲེལ་བརྗོད་གནང་བྱས་ན།། ག་ལེ་ག་ལེར་སེམས་ཀྱི་གསང་བའི་ཁམས།། ཁྱོད་ལ་རིམ་གྱིས་རིམ་གྱིས་ཞུ་ཆོག་ལགས།།

ཁ་ཕོ་གཞན་ལས་ཆེ་བའི་ཉམ་ཆུང་ང༌།། ཁ་ནས་ཁོག་པའི་གསང་བ་མི་འཐོན་པས།། ཁ་ཁར་བྱས་ནས་བསྡད་ཁུལ་བྱས་པ་ལས།། ཁ་ཞེ་གཉིས་མེད་གསང་བ་ཤིན་ཏུ་མང༌།།

གདོས་བཅས་ཤ་ཁྲག་ཕུང་པོའི་ཁང་བཟང་འདི།། ནོར་གླིང་ཀུན་དགའ་ར་བའི་རྩེར་འཛེགས་ཀྱང༌།། གཟུགས་མེད་སེམས་ཀྱི་ཁྱེའུ་ལང་ཤོར་འདི།། ཁྱོད་ཀྱི་ཕང་བར་སྔ་ས་ཉིད་ནས་ཐིམ།།

སེམས་ཁམས་མཚོན་པའི་སྙན་ངག་འབྲི་དགོས་ན།། གང་ཤར་སེམས་ཚོར་ཁྲོམ་བསྒྲག་ཞུ་དགོས་མོད། མཐའ་དག་གསལ་པོ་ཞུ་བའི་དཔའ་མེད་ཕྱིར།། སྙན་ཚིག་འབྲི་མཚམས་འདི་ན་བཞག་དགོས་བྱུང༌།།

གངྒཱ་མཛའ་མོའི་རླབས་རྒྱུན་དང་འགྲོགས་པའི།། ལང་ཚོའི་པད་དཀར་འདབས་མ་སྟོང་ལྡན་པར།། དཔལ་གྱི་དབྱངས་ལྡན་བུང་བའི་སྙན་སྒྲོག་མ།། སྙན་པའི་འཕྲིན་འདི་ཁྱོད་ཉིད་དགྱེས་ཕྱིར་ཕུལ།།

2007/3/25/ལ་དྷ་ས་སྤྱི་འཐུས་གྲོས་ཚོགས་སུ་བྲིས།


ངའི་སྙིང་སྡུག་མ།་་་་་ཁྱོད་ནམ་ཡང་དྲན།

གནས་མཆོག་དྲང་སྲོང་ལྷུང་བའི་ནགས་འདབས་ནས།། བི་ན་ར་སའི་གྲོང་ཁྱེར་ནས་བརྒྱུད་དེ།། ཨེ་སི་མེ་འཁོར་ནང་དུ་མཚན་གཅིག་ལ།། ལྡི་ལིར་འོངས་པའི་ལམ་གྲོགས་སྙིང་སྡུག་མ།།

དད་བརྩེ་བསྣོལ་མ་འཐབ་པའི་ལྟ་སྟངས་མཛེས།། ཁ་སྲོང་གཏིང་སྲོང་སྨྲ་བའི་གསུང་སྐད་སྙན།། ལང་ཚོའི་འཕེལ་ཁ་དར་བའི་རྣམ་པ་མཛེས།། ཁྱོད་རང་ཞིབ་ཆ་མཇལ་སོང་སྙིང་སྡུག་མ།།

སེམས་པ་རླུང་གིས་བཀྱགས་པའི་བྱ་སྤུ་བཞིན།། འདུ་བྲལ་འཚུབ་མས་བདས་པའི་གྲུ་ཟུར་དེར།། རྫུན་བག་པགས་རྩག་རལ་བོའི་ཐུ་འོག་ནས།། ཟུབ་མེད་བག་ཆགས་ལྗང་གུའི་མྱུ་གུ་འབུས།།

ཟླ་ཞལ་བྲང་ལ་སྦྱར་བའི་ཚ་རླབས་ཀྱིས།། སྙིང་གི་མཚོ་རླབས་ཕྱུར་བའི་མ་བཟོད་ནས།། སྲབ་འཇམ་མཆུ་འདབ་འབྱིད་པའི་བྲོ་བ་དེ།། ནམ་ཡང་བརྗོད་ཐབས་མི་འདུག་ སྙིང་སྡུག་མ།།

འོ་དང་སིབ་ཀྱི་འདོད་པའི་སྒྱུ་རྩལ་དང༌།། འཕུར་དང་མཉེད་ཀྱི་ཕན་ཚུན་འཐམ་པ་ཡིས།། བདུད་རྩིའི་ཆུ་ལ་སེངྒེའི་འོ་མ་བཞིན།། གཅིག་སེམས་གཅིག་ལ་ཐིམ་སོང་སྙིང་སྡུག་མ།།

ཁྱོད་དང་གྱེས་མཇལ་བྱས་པའི་ཕྱི་ཉིན་ནས།། ཉིན་མཚན་ཁྱད་མེད་ཞལ་པར་གནང་བའི་ནང༌།། ཡིད་སེམས་འགུག་པའི་བདེན་གཏམ་གསུངས་པ་དེས།། བདག་སེམས་ཁྱོད་ཀྱིས་འཕྲོགས་སོང་སྙིང་སྡུག་མ།།

ལུས་ནས་ཆོས་གོས་ཕུད་པའི་བློ་ཁོག་མེད།། སེམས་ལ་ཞེན་ཆགས་སྤོང་པའི་ཉམས་ལེན་མེད།། ལུས་སེམས་འཆག་གྲུམ་སོང་བའི་བར་སྲུབས་ན།། ཁྱོད་རང་ནམ་ཡང་འཚང་སོང་སྙིང་སྡུག་མ།།

སྒོམ་པ་བླ་མའི་ཞལ་རས་འཇའ་ལྟར་ཡལ།། མ་སྒོམ་ཁྱོད་ཀྱི་ཞལ་རས་རྒྱུན་དུ་དྲན།། འདི་ཡང་ཚེ་སྔོན་ལས་ཀྱི་འབྲེལ་བ་ལས།། སྡིག་པའི་འཕྲུལ་དུ་མི་སེམས་སྙིང་སྡུག་མ།།

ང་རང་མི་ལུས་ལེན་པ་སྔ་དྲགས་སོང༌།། ཁྱོད་རང་མི་ཡུལ་བྱོན་པ་ཕྱིས་དྲགས་འདུག། རྟ་གཡག་མགོ་སྦྲེལ་འཇིག་རྟེན་ལུགས་མིན་པས།། གྲོགས་པོའི་འདུ་ཤེས་འཛིན་ཆོག་སྙིང་སྡུག་མ།།

ཉིན་མོར་ཁྱོད་ལ་དུང་བའི་སྙན་ངག་བྲིས།། མཚན་མོར་རྨི་ལམ་འཁྲུགས་ནས་གཉིད་ཐུན་འཆག། ཉི་མ་ལོ་ལས་རིང་བའི་ཚོར་སྣང་གིས།། བདག་སེམས་སྨྱོ་ལ་ཉེ་སོང་སྙིང་སྡུག་མ།། ༢༠༠༧།༢།༢༠།

སེམས་ཀྱི་འཚམས་འཕྲིན་འདི་ཉིད་ཁྱོད་ལ་ཕུལ།

གནས་མཆོག་དྲང་སྲོང་ལྷུང་བའི་ནགས་ཁྲོད་ན།། ཡིད་འོང་རྨ་བྱ་དགའ་བའི་ལང་ཚོ་མ།། པདྨ་དཔལ་གྱི་དབྱངས་ལྡན་འབོད་པ་དེར།། འཚམས་འཕྲིན་ཚིག་གསུམ་ཕུལ་བར་གཟིགས་མོ་མཛོད།། ཁྱོད་ཀྱིས་གནང་བའི་ཁ་པར་ཡི་གེ་དང༌།། གློག་ཀླད་ནང་གི་མེ་ལི་ཡིག་འཕྲིན་བཅས།། རེ་རེ་བཞིན་དུ་ང་ཡི་ལག་ཏུ་འབྱོར།། དེ་སླད་སྤྲོ་བ་བརྟས་སོ་སློབ་མ་ལགས།། ཁྱོད་ཀྱིས་བྲིས་པའི་དབྱིན་ཇི་ཡི་གེ་རྣམས།། ང་ཡིས་དབྱིན་ཇི་ཚིག་མཛོད་ལྟ་གིན་བཀླགས།། གོ་དོན་ཕལ་ཆེར་སེམས་པའི་ཀློང་ན་འཇགས།། དེ་སླད་སྤྲོ་བ་བརྟས་སོ་སློབ་མ་ལགས།། དྷ་རམ་ས་དང་ཝཱ་ར་ཎ་སིའི་དབར།། ས་ཐག་ལེ་དབར་སྟོང་གིས་ཆོད་ན་ཡང༌།། དགེ་སློབ་དམ་ཚིག་གཙང་མའི་སེམས་ཀྱི་ཁམས།། ནམ་ཡང་འབྲལ་ཐབས་མི་འདུག་སློབ་མ་ལགས།། ཉིན་མོ་ལས་ཁུངས་ནང་དུ་དུས་ཚོད་རྫོགས།། མཚན་མོར་གློག་སྒྲོན་བསད་ནས་ཁེར་རྐྱང་ཉལ།། ཐུན་གསུམ་གཉིད་ཀྱི་རྨི་ལམ་ཞིང་ཁམས་ནས།། ཡང་ཡང་ཁྱོད་རང་བཏང་སོང་སློབ་མ་ལགས།། ཁྱོད་ཀྱི་ཁ་པར་ ནང་གི་འབྲེལ་བཤད་དང༌།། ཨི་མེལ་ནང་གི་གང་ཟག་གསུམ་པ་ཞེས།། གསུངས་པའི་གོ་དོན་ད་དུང་མི་ཤེས་པས།། ཡང་བསྐྱར་འགྲེལ་བཤད་གནང་རོགས་སློབ་མ་ལགས།། རང་ལ་དགོས་པའི་ཤེས་བྱ་ཡོན་ཏན་རྣམས།། ལྷོད་མེད་བརྩོན་པའི་རྒྱུན་བཟང་བསྲིངས་པའི་ཞོར།། རྩོམ་རིག་ཤེས་བྱའི་བྱང་ཐང་ཡངས་པོ་ལ།། སྒྱུ་རྩལ་གླུ་དབྱངས་ལོངས་ཤིག་སློབ་མ་ལགས།། གང་ཞིག་བྲིས་པའི་རྩོམ་གྱི་ཟིན་ཐོ་རྣམས།། ཡང་ཡང་བསྒྱུར་བཅོས་ཐེངས་གསུམ་བྱས་པའི་རྗེས།། ཨེ་མེལ་བརྒྱུད་ནས་ཕྲན་ལ་བསྐུར་མཛོད་དང༌།། ང་ཡིས་བཟོ་བཅོས་གང་དགོས་ཞུ་ཆོག་ལགས།། གང་ཞིག་བཟོ་བཅོས་ཟིན་པའི་རྩོམ་ཡིག་རྣམས།། ཤོག་ཐོག་ཉར་ནས་བསྡད་པ་མ་གནང་བར།། གཞིས་བྱེས་དུས་དེབ་ཚགས་པར་ཁག་རྣམས་ལ།། འགོད་པར་མཛོད་ན་མཚམས་སྦྱོར་བདག་གིས་ཞུ།། དེ་སྐད་ནོར་གླིང་རིག་པའི་ལྡིང་ཁང་ནས།། འཕགས་བོད་གཙུག་ལག་རིག་པའི་རྒྱ་མཚོ ་ཆེར།། སྐྱེས་སྦྱངས་རླབས་ཀྱིས་རྩེན་པའི་བེ་རི་བ།། འཇིགས་མེད་དབང་གི་རྒྱལ་པོར་འབོད་པས་ཕུལ།། ༢༠༠༧།༢།༡༠།


མཛའ་གཞས། ཕུ་གསུམ་ཕུ་ན་བཞུགས་པའི།། ཕུ་ཡི་མཚམས་པ་རྒན་པོ།། ང་དང་ཆུང་འདྲེས་བྱམས་པ།། ལས་འཕྲོ་ཨེ་འདུག་གཟིགས་རོགས།།

ཁ་འབྲས་གཞན་ལས་མཚར་བའི།། སྙིང་ཐུབ་བུ་མོའི་རྣམ་པ།། མིག་གིས་རྒྱང་ནས་མཇལ་བའི།། ཤེལ་སྒོ་ནང་གི་མོག་མོག།

བཅོ་ལྔའི་དུང་ཟླ་དཀར་པོ།། ནམ་མཁའི་དབྱིངས་ནས་གཤེགས་ཀྱང༌།། ལྷོད་མེད་བརྩེ་བའི་འོད་ཟེར།། ས་ལ་འཆར་བ་གནང་དང༌།།

ཤིང་སྡོང་རླུང་གིས་སྒུལ་བས།། སྡོང་ལོ་ས་ལ་ལྷུང་སོང༌།། ང་དང་ཆུང་འདྲེས་བྱམས་པའི།། ལས་འཕྲོ་རྫོགས་པ་ཡིན་འགྲོ།

ལྷ་ཁང་ཟླུམ་པོའི་ནང་དུ།། གསང་དང་མ་གསང་མི་འདུག། སྐོར་ལམ་གྲུ་བཞིའི་ནང་དུ།། རྒྱ་གྲགས་བོད་གྲགས་ཆགས་འདུག།

ལྕང་གླིང་གྲུ་བཞིའི་ནང་གི། གསུང་སྙན་བྱེ་འུ་མཇོལ་མོ།། ང་དང་ཆུང་འདྲིས་བྱམས་པའི།། གསང་གཏམ་གཞན་ལ་བ་གསུང༌།།



གཟུགས་མེད་སེམས་ཀྱི་ཁང་ཆུང་གྲུ་བཞིའི་ནང༌།། སྔ་ས་ཉིད་ནས་བཙན་གྱིས་འཛུལ་བ་ཡི།། སྒྱུ་རྩལ་རྩོམ་རིག་སྨྲ་བའི་ན་ཆུང་མ།། པད་མའི་མཚན་གྱིས་སྙེགས་པ་དེ་ཡི་དྲུང༌།། ཟླ་གཅིག་གུང་སིང་རིང་ལ་ཨི་མེལ་དང༌།། ཞལ་པར་རྒྱུད་ནས་མཇལ་ཕྲད་མ་བྱུང་བའི།། དྲན་གདུང་སྐྱུར་མོ་ཁོག་ལ་འཁྱིལ་པ་ཀུན།། རྩོམ་ཡིག་གཅིག་གིས་སྐྱུགས་པའི་ཟོལ་དུ་བཏང༌།། ཁྱོད་ཀྱིས་གནང་པའི་རང་མོས་རྩོམ་ཡིག་གི། སྒྱུ་རྩལ་རིག་པའི་མཚོན་ཆ་རྣོ་དྲགས་པས།། བདག་སེམས་དུམ་བུར་གཤགས་པའི་ཚོར་སྣང་ཁྲག། བཀག་ཀྱང་མ་ཁོག་ཨི་མེལ་རྒྱུད་ནས་གཞུར།། ཁམས་རྩ་ཡང་པའི་ཁམས་པའི་ཕོ་གཞོན་དང༌།། ཨ་གསར་ཆེ་བའི་ཨ་མདོའི་མོ་གསར་གཉིས།། ག་དུས་ག་བར་འཛོམས་པའི་གནས་ལུགས་དངོས།། སྙན་ངག་སྙན་པོའི་ལམ་ནས་མཐོང་འདི་སྤྲོ།། ཨ་ཅང་ཁྱོད་ལ་ཀུ་རེ་ཞུས་པ་འདི།། བདེན་པའི་ཚིག་གི་རི་མོར་མི་འཁྲུལ་འཚལ།། ཁྱོད་ལ་སེམས་ཐག་ཧ་ཅང་ཉེ་དྲགས་པས།། གང་བྱུང་མང་བྱུང་བྱས་ནས་བརྗོད་པ་ལགས།། སྐབས་འགར་ཁྱོད་ལ་སེམས་ཐག་ཉེ་དྲགས་ནས།། དགེ་རྩའི་ཕག་ནས་སྡིག་པའི་མྱུ་གུ་ཡང༌།། རེ་འགར་འབུས་པའི་ཚུལ་འདིར་མི་ཁྲོ་བར།། དགེ་སློབ་དུངས་པའི་རི་མོ་མི་ཟུབ་འཚལ།། དུས་ཚོད་རྫོགས་ནས་འབྲི་ལོང་མ་བྱུང༌།

GŸÅ-±ÛG-±m-q-iâG ཚིག་རྩོམ་མཁན། བེ་རི་འཇིགས་མེད་དབང་རྒྱལ། གདངས་རྩོམ་མཁན གཞས་གཏོང་མཁན མི་ཉག་སྒྲོལ་མ་ཚེ་རིང༌།

1 བརྗེད་ཐབས་མེད། ཤར་མཐའི་མེ་ལྕེ་འབར་བའི་ཚ་རླབས་ཀྱིས། ། གངས་རིའི་ལས་དབང་སྔོན་པོའི་ཆུ་ལ་བསྒྱུར།། ཁྲག་དང་མིག་ཆུ་འབབ་པའི་ནམ་ཟླ་ཡིས། ། དམར་ཆུང་སེམས་ལ་རྨ་ཁའི་རི་མོ་བཟོས། །

པཎ་ཆེན་བླ་མ་མུན་པའི་བཙོན་དུ་བཅུག ། གངས་ཅན་མགོན་པོ་གངས་རིའི་མཐའ་ལ་བསྐྱེལ། ། ས་ཡ་དྲུག་གི་ས་ཁྱོན་དགྲ་བོས་འཕྲོག ། སྡུག་དང་མུན་པའི་ནམ་ཟླ་སྐྱུར་མོ་རིང༌། །

ཞི་བདེའི་རང་དབང་རང་གིས་རྩོད་པ་ལ། ། མེ་མདའི་དྲག་ཆར་ཕབ་པའི་དགྲ་བོའི་འོག ། རྣམ་ཤེས་དུར་སར་ཐིམ་པའི་ཤི་བོ་དང༌། ། མུན་པའི་བཙོན་ཁང་འགྲིམས་པའི་སྐྱོ་གར་མང༌། །

ཉི་ཟླ་སྐར་གསུམ་ས་ལ་ལྷུང་ཡང་རུང༌།། རྒྱ་མཚོ་སྔོན་པོ་མེ་ལ་འབར་ན་ཡང༌། ། དགྲ་བོས་བརྙས་བཅོས་བྱས་པའི་སྡུག་ནད་འདི།། ས་ཡ་དྲུག་གི་སེམས་ནས་བརྗེད་ཐབས་མེད། །

2 བོད་རིགས་ཚོ། གངས་རིའི་ཕ་ས་དགྲ་བོས་འཕྲོགས་སོང༌།། བོད་རིགས་འབུམ་ཕྲག་དགྲ་བོས་བསད་སོང༌།། ཤ་རུས་གཅིག་པའི་སྤུན་ཟླ་བོད་རིགས། ། རྡོག་རྩ་གོང་བུ་གཅིག་སྒྲིལ་གནང་དང༌།།

རྫུན་པའི་མཇུག་སྣེ་བདེན་པས་གཅོད་ཡོང༌།། དྲག་པོའི་མུན་པ་ཞི་བས་གསལ་ཡོང༌།། འཛམ་གླིང་ཡོངས་ཀྱི་བོད་རིགས་སྤུན་ཟླ།། རྡོག་རྩ་གོང་བུ་གཅིག་སྒྲིལ་གནང་དང༌།།

རེ་བ་ལྷ་ལ་བཅོལ་དགོས་མི་འདུག ། རྣམ་རྟོག་འདྲེ་ལ་ཟ་དགོས་མི་འདུག ། ཆོ་ག་གསུམ་གྱི་བོད་རིགས་སྤུན་ཟླ།། རྡོག་རྩ་གོང་བུ་གཅིག་སྒྲིལ་གནང་དང༌།།

དགྲ་བོ་ཕུད་པའི་དུས་ལ་བབ་འདུག། རང་བཙན་ལེན་པའི་དུས་ལ་བབ་འདུག། ས་ཡ་དྲུག་གི་བོད་རིགས་སྤུན་ཟླ།། རྡོག་རྩ་གོང་བུ་གཅིག་སྒྲིལ་གནང་དང༌།། ༢༠༠༨།༤།༢༣། ནཻརུ་མགྲོན་ཁང་དུ་བྲིས།

3 གདུང་འབོད། ཕུ་ཡ་གི་གངས་དཀར་ཏི་སེ་ལ། ། ལྷ་བླ་མའི་བྱིན་རླབས་འཁྲིགས་ཤིང་གདའ། ། གངས་དཀར་པོ་ཉི་མས་མ་ཞུར་གོང༌། ། སེང་དཀར་མོ་གངས་ལ་ཕེབས་རན་གདའ། ། སེང་དཀར་མོ་གངས་ལ་མ་ཕེབས་ན། ། གངས་ཏི་སེའི་བདག་པོ་སུ་ཡིས་བྱེད། །

སྐེད་ཕ་གི་བྲག་དཀར་རྩེ་གསུམ་ལ། ། མ་མཁའ་འགྲོའི་བྲོ་རྭ་སྐོར་ཞིང་གདའ། ། བྲག་མཐོན་པོ་ཐོག་གིས་མ་གཏོར་གོང༌། ། བྱ་ཐང་དཀར་བྲག་ལ་འཁོར་རན་གདའ། ། བྱ་ཐང་དཀར་བྲག་ལ་མ་འཁོར་ན། ། བྲག་མཐོན་པོའི་བདག་པོ་སུ་ཡིས་བྱེད། །

འདབ་མ་གི་གཡུ་མཚོ་སྔོན་པོ་ལ། ། ཉ་གསེར་མིག་ཁྱུག་འགྲོས་རྩེན་ཞིང་གདའ། ། མཚོ་སྔོན་མོ་འཁྱགས་པས་མ་བསྡམས་གོང༌། ། བྱ་ངང་པ་མཚོ་ལ་འཁོར་རན་གདན། ། བྱ་ངང་པ་མཚོ་ལ་མ་འཁོར་ན། ། མཚོ་སྔོན་མོའི་བདག་པོ་སུ་ཡིས་བྱེད། །

4 བོད་་་་མི་ཡུལ་གྱི་དག་ཞིང༌། བདེ་ཆེན་དག་པའི་ཞིང་ལ་ཕེབས་འདོད་ཡོད་ན། ། རྒྱང་རིང་ས་མཐར་འགྲིམས་ནས་འཚོལ་དགོས་མི་འདུག ། མཐོ་སྒང་གངས་རིས་བསྐོར་བའི་བོད་ཀྱི་ཞིང་ཁམས། ། བདེ་ཆེན་དག་པའི་ཞིང་ཁམས་ལས་ཀྱང་ལྷག་པ། །

དུས་གསུམ་སངས་རྒྱས་སྐུ་དངོས་མཇལ་འདོད་ཡོད་ན།། མི་མངོན་ནམ་མཁའི་དབྱིངས་ལ་ལྟ་དགོས་མི་འདུག ། གངས་ཅན་ཞིང་མགོན་སྐྱབས་མགོན་ཏཱ་ལའི་བླ་མ། ། དུས་གསུམ་སངས་རྒྱས་མཇལ་བ་ལས་ཀྱང་ལྷག་པ། །

མ་དང་མཁའ་འགྲོའི་ཚོགས་རྭ་མགྲིམས་འདོད་ཡོད་ན།། དག་པ་མཁའ་སྤྱོད་ཞིང་ལ་འགྲོ་དགོས་མི་འདུག ། གངས་ཅན་ཆོལ་གསུམ་བོད་རིགས་སྤུན་ཟླ་ཕོ་མོ། ། མ་དང་མཁའ་འགྲོའི་ཚོགས་རྭ་དངོས་ལས་ལྷག་པ། ། བདེ་བ་ཅན་ལས་ལྷག་པའི་བོད་ཀྱི་ཞིང་ཁམས། ། སངས་རྒྱས་ཀུན་ལས་ལྷག་པའི་རྩ་བའི་བླ་མ། ། ཤ་ཁྲག་གཅིག་ལས་གྲུབ་པའི་ཆོལ་གསུམ་བོད་རིགས༌། ། རྡོག་རྩ་གཅིག་ཏུ་སྒྲིལ་ནས་རང་ཡུལ་སྲུངས་དང༌། །

5 ཆོལ་གསུམ་བོད་རིགས། སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ། ། བར་དབུས་གཙང་རུ་བཞི་ཡུར་བ་འདྲ། ། སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ། ། དེ་གངས་ཅན་བོད་ཀྱི་ཞིང་ཁམས་རེད། །

ཞིང་འདི་ལས་ལྷག་པ་གཞན་ན་མེད། ། ཞིང་འདི་ཡི་བདག་པོ་བོད་མི་རེད། ། བོད་ཆོལ་གསུམ་སྤུན་ཟླ་རྣམ་པ་ཚོ། ། ཞིང་འདི་ལ་ཆིག་སྒྲིལ་གནང་རོགས་གྱིས། །

དགྲ་དམར་པོའི་ཐོག་ལ་ཁ་ཕོར་བཅང༌། ། གཉེན་ཕུ་ནུའི་མདུན་ལ་འཛུམ་ཀོང་བསྟན། ། དགྲ་བྱུང་ན་མདུང་རྩེ་མཉམ་དུ་གཏོད།། གྲོགས་བྱུང་ན་གྲི་སོས་མཉམ་དུ་བགོ།།

སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་བྱེད།། སྡུག་སྔོན་མོའི་ཆུ་ལ་མཉམ་ཆུང་བྱེད།། སྐྱིད་རྫོགས་ལྡན་ཉི་མ་དགུང་ནས་བསུ། ། བོད་དབུ་ནག་མགོ་ཕང་གྱེན་ལ་བཏེགས། ། 6 རྒྱང་རིང་གི་སྙིང་སྡུག སྙིང་སྡུག་སྙིང་གི་ཐིག་ལེ། ། སྙིང་ནས་སྙིང་བཞིན་དྲན་ཡང༌། ། རི་བོ་ཧི་མ་ལ་ཡ། ། བརྒལ་ནས་འགྲོ་ས་མི་འདུག ། རི་བོ་ཧི་མ་ལ་ཡ། ། ཕར་ཙམ་གཟུར་རོགས་གནང་ན། ། སྙིང་སྡུག་སྙིང་གི་ཐིག་ལེ། ། ཐེངས་གཅིག་མཇལ་ཁ་ཞུ་ཆོག ། མི་ཉག་གངས་དཀར་རི་བོ། ། ཐག་རིང་རྒྱང་ལ་ཡོད་ཀྱང༌། ། གངས་དང་རླུང་བུའི་ཆ་འཕྲིན། ། ང་ཡི་རྣ་བར་ཐོས་བྱུང༌། ། ཐག་རིང་མགྲོན་པོའི་ངག་ནས།། སེམས་གཏམ་རླུང་ལ་བསྐུར་ན། ། ང་དང་ཆུང་འདྲེས་བྱམས་པའི། ། ལས་འབྲེལ་སླར་ཡང་མཐུད་རོགས། ། ༢༠༠༨།༤།༡༨། ནཻ་རུམགྲོན་ཁང་དུ་བྲིས།


རང་ཡུལ་ལོག་འགྲོ གཞས་ཚིག བེ་རི་འཇིགས་མེད། གཞས་གཏོང་མཁན་ ནོར་བུ་ཚེ་རིང༌།

1 གངས་དཀར་ཡག་མུན་པས་བཏུམས་སོང༌།། སེང་དཀར་མོ་མི་ཡུལ་འཁྱམས་སོང༌།། བོད་གངས་ཅན་ལས་དབང་འདི་ལ།། ལྷ་བླ་མས་སྤྱན་གྱིས་གཟིགས་རོགས།།

སྟག་ཤི་ཡང་རི་མོ་མི་ཡལ།། གཟིག་རྨས་ཀྱང་དཔའ་རྩལ་མི་མཉམ།། སེང་དཀར་མོའི་གདུང་རྒྱུད་བོད་ཕྲུག། དཔའ་རྩལ་དྲུག་ཉམས་ས་མ་རེད།།

ད་མི་ཡུལ་སྡོད་འདོད་མི་འདུག། གངས་དཀར་པོའི་རི་བོ་དྲན་བྱུང༌།། དགྲ་ནག་པོ་མཐའ་བསྐྲོད་བཏང་ནས།། དུས་ད་ནི་རང་ཡུལ་ལོགས་འགྲོ།


2 བོད་རིགས་གཞོན་སྐྱེས།

གངས་ལ་སྐྱ་མོ་བརྒལ་ནས།། མི་ཡུལ་ལུང་པར་སླེབས་ཀྱང༌།། མི་ཡུལ་བསྡད་འདོད་མི་འདུག། རང་ཡུལ་སེམས་ནས་དྲན་བྱུང༌།།

དགྲ་བོར་སྙིང་རྗེ་མེད་པས།། ཞི་བདེས་རང་དབང་རྩོད་པར།། མེ་མདས་དྲག་ཆར་ཕབ་ནས།། བོད་རིགས་སྟོང་ཕྲག་བསད་སོང༌།།

ཉེས་མེད་བོད་པ་ཁྲི་ཕྲག། ཁྲིམས་ཁང་ནང་ལ་བསྐྱལ་ནས།། གདུག་རྩུབ་སྣ་དགུ་གཏོང་པ།། ང་ཚོས་ནམ་ཡང་མི་བརྗེད།།

བོད་རིགས་གཞོན་སྐྱེས་དཔའ་བོ།། རང་བཙན་དོན་དུ་ཤི་ཡང༌།། འཛམ་གླིང་ཤར་ནུབ་ཡོངས་ལ།། བསྔགས་བརྗོད་རླུང་ལྟར་གྲགས་སོང༌།།

3 རང་ཡུལ་ལོག་འགྲོ གཞས་ཚིག བེ་རི་འཇིགས་མེད། གཞས་གཏོང་མཁན་ ནོར་བུ་ཚེ་རིང༌།

གངས་དཀར་ཡག་མུན་པས་བཏུམས་སོང༌།། སེང་དཀར་མོ་མི་ཡུལ་འཁྱམས་སོང༌།། བོད་གངས་ཅན་ལས་དབང་འདི་ལ།། ལྷ་བླ་མས་སྤྱན་གྱིས་གཟིགས་རོགས།།

སྟག་ཤི་ཡང་རི་མོ་མི་ཡལ།། གཟིག་རྨས་ཀྱང་དཔའ་རྩལ་མི་མཉམ།། སེང་དཀར་མོའི་གདུང་རྒྱུད་བོད་ཕྲུག། དཔའ་རྩལ་དྲུག་ཉམས་ས་མ་རེད།།

ད་མི་ཡུལ་སྡོད་ས་མ་རེད།། གངས་དཀར་པོའི་རི་བོ་དྲན་བྱུང༌།། དགྲ་ནག་པོ་མཐའ་བསྐྲོད་བཏང་ནས།། དུས་ད་ནི་རང་ཡུལ་ལོགས་འགྲོ། བོད་རིགས་གཞོན་སྐྱེས།

གངས་ལ་སྐྱ་མོ་བརྒལ་ནས།། མི་ཡུལ་ལུང་པར་སླེབས་ཀྱང༌།། མི་ཡུལ་བསྡད་འདོད་མི་འདུག། རང་ཡུལ་སེམས་ནས་དྲན་བྱུང༌།།

དགྲ་བོར་སྙིང་རྗེ་མེད་པས།། ཞི་བདེས་རང་དབང་རྩོད་པར།། མེ་མདས་དྲག་ཆར་ཕབ་ནས།། བོད་རིགས་སྟོང་ཕྲག་བསད་སོང༌།།

ཉེས་མེད་བོད་པ་ཁྲི་ཕྲག། ཁྲིམས་ཁང་ནང་ལ་བསྐྱལ་ནས།། གདུག་རྩུབ་སྣ་དགུ་གཏོང་པ།། ང་ཚོས་ནམ་ཡང་མི་བརྗེད།།

བོད་རིགས་གཞོན་སྐྱེས་དཔའ་བོ།། རང་བཙན་དོན་དུ་ཤི་ཡང༌།། འཛམ་གླིང་ཤར་ནུབ་ཡོངས་ལ།། བསྔགས་བརྗོད་རླུང་ལྟར་གྲགས་སོང༌།། ༢༠༠༨།༤།༢༦། ནཻ་རུམགྲོན་ཁང་དུ་བྲིས།


Åï¤Å-DôP-mÅ-Áô¼-zºÛ-¬ï-PG རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ། རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས། གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ། བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།

མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན། ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ། ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས། བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།

ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས། བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན། རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།

གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས། ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས། ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ། རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།

ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག། མར་གི་ས་ཡ་དྲུག་གི་ལྷིང་འཇགས་སྣེ། རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ། མི་རྟག་སྒྱུམའི་རང་ངོ་སུ་ཡིས་སྤྲོད།

མུ་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན། མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས། མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས། བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།

དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག། གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས། ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན། གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།

ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས། སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན། ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས། བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།

ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌། ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ། ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི། ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།

ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས། འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས། སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས། འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ། སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་སྤྱི་འཐུས་གྲོས་ཚོགས་སུ་བྲིས།

གྲོས་ཚོགས་འཐུས་མི་ཁག་གཅིག་ལ་བལྟས་པའི་མཐོང་སྣང༌།

ཀ༽

བསྟོད་པའི་རྔ་ཆེན་རྡུང་བའི་སྦིར་སྒྲག་གིས།། དར་ལུང་རྣ་བའི་རྒྱལ་སྒོ་འཐོར་ལ་ཁད།། ངོ་དགའི་འཛུལ་མདངས་གཡོ་བའི་འཇའ་རིས་ཀྱི།། ཁྲ་ཆུང་མིག་གི་རྒྱལ་མོ་ལོང་ལ་ཁད།

སྐྱོན་བརྗོད་ཁོག་ལ་མུད་པའི་ཟུག་གཟེར་གྱིས།། ཡར་ཁོག་བྲང་གི་པགས་པ་དབྲལ་ལ་ཁད།། འཁོན་འཛིན་ནང་ལ་ཉར་བའི་སྙིང་ནད་ཀྱིས།། དམར་ཆུང་སྙིང་གི་ཁྲག་རྩ་གད་ལ་ཁད།།

ཁ༽ གཞན་སྐྱཽན་བརྗོད་དུས་ཡར་ངོའི་ཟླ་བ་ཤར།། རང་འཚང་སྦས་པའི་མར་ངོའི་མུན་པ་འཐིབས།། བར་མའི་མི་ལ་འུག་པའི་ཧ་རྒོད་མཛེར།། མཚན་ལྗོངས་གྲོགས་སུ་བསྟེན་པའི་ལྟད་མོ་མཐོང༌། ཆུ་ཆེན་རྦ་རླབས་ཕྱུར་བའི་ར་ཁ་ན།། ཟམ་ཆེན་རྐང་བཏེགས་དགོས་པ་མི་ཤེས་པའི།། མི་ཆེན་དཔོན་པོའི་གྲལ་ལ་འཚངས་བྱས་ཏེ།། གྲོས་ཚོགས་རྐུབ་ཀྱགས་བཟུང་བའི་ལྟད་མོ་མཐོང༌།

མི་ལ་ར་དུང་བུད་པའི་སྐད་ཅོ་གསེབ།། རང་ལ་ཉམས་མྱོང་མེད་པའི་ཟུར་ཐོ་རིང༌།། རྒྱུས་མེད་མི་ཚོགས་འདུས་པའི་ཁྲོམ་ར་ན།། རྫིག་ཉམས་གཞན་ལས་ཆེ་བའི་ལྟད་མོ་མཐོང༌།

མིག་གི་རྒྱལ་མོ་རྡོ་ཤེལ་ནས་པོས་བསྒྲིབས།། མཐོང་ཚད་རྫ་རིའི་མདངས་སུ་འཛིན་པའི་མདུན།། དཀར་གཙང་ཁ་བ་སྤུངས་པའི་ལྷུན་པོ་ཡང༌།། ནག་པོ་རྫ་ལ་འཁྲུལ་བའི་ལྟད་མོ་མཐོང༌།

བཟང་ངན་གཉིས་ཀ་ངན་པའི་ལམ་དུ་བསྡུས། དཀར་ནག་གཉིས་ཀ་ནག་པོའི་གཟུགས་སུ་ཤར།། མཐོན་པོའི་གནམ་ལ་བྱེ་མ་གཏོར་བའི་ལས།། བླ་མེད་བྱས་རྗེས་འཛིན་པའི་ལྟད་མོ་མཐོང༌།། ག༽ གནས་ལུགས་འཁྲུལ་མེད་ཁྲིག་སེར་རྟོགས་ན་ཡང༌། ཞི་བ་མཉམ་ཉིད་ངང་དུ་མཉམ་པར་བཞག ། རྡོག་སྣེ་གཡང་ལ་བཏེགས་པའི་ལོང་བ་ལ།། ལམ་སྟོན་ཆེད་སེམས་མེད་པའི་སྐྱོ་གར་རིང༌།།

བདེན་པ་བརྗོད་ན་མི་ལ་ཕོག་པས་དོགས།། རྫུན་པ་སྨྲས་ན་སྡིག་པའི་ལས་ལ་སྐྲག ། གནས་ལུགས་བདེན་དོན་ལྐུགས་པའི་བུ་རམ་བཞིན། ལྐོག་ནས་མུད་པ་ལྟད་མོ་དེ་རིང་མཐོང༌།།

མཐོང་ཚད་མི་ལ་ཁ་དགྲ་སྣ་དགྲ་བསགས།། ཐོས་ཚད་གཏམ་ལ་ཁ་རྡུང་ཚིག་རྡུང་གཏོང༌། བསམ་ཚོད་ཁ་ནས་མགོ་བཤད་མཇུག་བཤད་བྱེད།། ལི་སྐྱག་གསེར་དུ་འཛིན་པའི་ལྟད་མོ་མཐོང༌།།

ཐུགས་ཕན་གསོས་པའི་བརྗོད་དོན་སྣ་གཅིག་མེད།། གོ་རྒྱུ་ཡོད་པའི་སྐད་ཆ་ཚིག་གཅིག་མེད།། དུས་ཚོད་འཕྲོ་བརླག་གཏོང་བའི་གཏམ་བཤད་ཀྱིས།། མགོ་ཕང་གནམ་ལ་བཏེགས་པའི་ལྟད་མོ་མཐོང༌།།

ཁ་ནས་འདྲ་ཆགས་བཤད་པའི་གསུང་སྒྲོས་སྙན།། དོན་དུ་ལག་པ་འཆང་ས་གང་ཡང་མེད།། ནམ་མཁའི་འཇའ་དང་བྲག་ཆའི་སྟོང་སྐད་ཀྱིས།། གྲོས་ཚོགས་འུར་གྱིས་བཀང་པའི་ལྟད་མོ་མཐོང༌།།

སྤྱི་དོན་ཁ་བཤད་གནང་བའི་ལྕེ་རྩེ་རྣོ།། སྤྱི་རྒྱུ་སྒེར་བདག་བྱེད་པའི་ལག་པ་རིང༌།། སྤྱི་སེམས་སྙིང་ལ་མེད་པའི་ཁོག་སྟོང་འགའ།། སྤྱི་འཐུས་གྲོས་ཚོགས་འགྲིམ་པའི་ལྟད་མོ་མཐོང༌།།

འཛིན་སྐྱོང་བཀའ་ཤག་དྲུང་དུ་སྤྲེ་ལད་འཁྲབ།། ཕྱག་སྦྲེལ་འཐུས་མི་ཚོ་ལ་ཁ་རྡུང་གཏོང༌།། དམངས་སེམས་བསླུ་འགུག་བྱེད་པའི་ཆོ་ག་མཁན།། གྲོས་ཚོགས་རྐུབ་བཏེགས་གཟུང་བའི་ལྟད་མོ་མཐོང༌།།

ཁྱེད་ཚོ་ལངས་ན་ག་ཡང་ལངས་དགོས་སྙམ། ཁྱེད་ཀྱིས་བཤད་ན་ངས་ཀྱང་བཤད་དགོས་ཞེས།། ཕན་གནོད་འབྲེལ་བ་སྣེ་གཅིག་མེད་པ་ཡི།། གཏམ་བཤད་ཡང་ཡང་སྤེལ་བའི་ལྟད་མོ་མཐོང༌།།

ཚིག་གི་བརྗོད་བབ་བརླིང་པས་གཞན་ཡིད་འགུག། དོན་གྱི་གནས་བབ་ཟབ་པས་དོན་སྙིང་ལྡན།། ཆོས་སྲིད་གཉིས་ལྡན་དམངས་གཙོའི་སྲིད་གཞུང་ལ། ཕན་ཐོགས་ཡོད་པའི་གསུང་ཡང་མང་པོ་ཐོས།།


དམག་ཤོར་བའི་སྐྱོ་གར།

འཚུབ་མའི་རླུང་གིས་བདས་པའི་ཐལ་རྡུལ་ཁྲོད།། ཀླུང་རྟའི་ཀ་ཆེན་འགྱེལ་པའི་ཐང་སྟེང་ན།། ཟ་འོག་གོས་ཆེན་གོན་པའི་སྐུ་དྲག་ཆེས།། ལག་པས་དཔྲལ་རིས་འཕུར་བའི་སྐྱོ་གར་མཐོང༌།། ཕྲིན་ནས་གློག་འོད་འཐབ་པའི་ཐོག་ལྕེའི་ཁྲོད།། གསེར་གྱི་རྒྱ་ཕིབས་གཏོར་བའི་དགོན་མཐའ་ན།། གོས་ཆེན་ཆོས་གོས་གོན་པའི་བླ་སྤྲུལ་ཆེས།། ཕྱག་རྒྱ་སྙིང་ལ་སྦྱར་བའི་སྐྱོ་གར་མཐོང༌།། བརྒྱ་བསད་སྟོང་སྒྲིལ་བྱེད་པའི་ཀི་སྒྲའི་ཁྲོད།། ས་རུས་ཁྲག་གསུམ་འཐོར་བའི་གཡུལ་ས་ན།། རྒྱུ་མ་ཐང་སྟེང་དྲུད་པའི་དཔའ་བོ་ཚོས།། མ་མཆུ་མཆེ་བས་བཙུར་པའི་སྐྱོ་གར་མཐོང༌།། བཙན་འཛུལ་རླུང་རླབས་གཡོ་བའི་རི་གྲོང་སྣེ།། དུས་བདེ་གནས་འཇགས་མེད་པའི་གྲོང་གསེབ་ན།། ཁྱོ་ག་དགྲ་བོས་བསད་པའི་ཡུག་ས་མའི།། དྭ་ཕྲུག་ངུ་རྒྱངས་བྱེད་པའི་སྐྱོ་གར་མཐོང༌།།

དྲན་པའི་སྐྱོ་གདུང༌།

འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།། ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།། མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།། མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།། ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།། གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།། རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།། མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།། ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།། སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།། ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།། མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།། སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།། དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག། དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།། མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།། སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།། སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།། ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།། མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།། སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།། རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།། རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།། བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།། མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།། གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།། མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།། འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།། ༢༠༠༨།༥།༡༧།ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

ཁང་ཤུལ། ངང་པ་འདམ་ལ་ཟུག་པའི་མཚོ་འགྲམ་ན།། སྦལ་པའི་རྐྱལ་རྩལ་ངོམ་པའི་ཆུ་རླབས་གཡོ།། དབང་ཆེན་དཔོན་པོ་རྒུད་པའི་གསེར་ཁྲིའི་ཐོག། ཙི་ཙི་རྒྱུག་ཤར་གློད་པའི་འཚང་ཁ་ཆེ།། རྒྱལ་པོའི་ཕོ་བྲང་ཞིག་པའི་གྱང་རོ་གསེབ།། གསེར་ཤན་དངུལ་ཚགས་ཅན་གྱི་གསོལ་ཅོག་ཐོག། ཨ་རས་རྩྭ་རྡུལ་བསགས་པའི་གད་སྙིགས་ནང༌།། བཙུན་མོའི་ཚིགས་ཁོག་གོན་པའི་མཛུབ་མོ་མཐོང༌།། དགུང་ཀའི་མུན་པ་གཡོ་བའི་སྲོད་ལྗོངས་སུ།། ལྷོ་རླུང་བསིལ་པོ་ལྡང་པའི་མཚོ་འགྲམ་ནས།། འདས་སོང་རྒྱལ་པོའི་རྣམ་ཤེས་རླུང་གིས་བདས།།


ཕོ་མཐའི་རང་གཤིས། ཕ་རྒན་སྟ་རེས་བསད་པའི་ཤ་ཕ་དགྲ།། བུ་རྒྱུད་སྤྱང་པོས་སྐྱེས་སྐར་མཛད་སྒོ་ལ།། སྐུ་མགྲོན་གཙོ་བོར་དྲངས་པའི་ཚོགས་ར་ནང༌།། འཚམ་འདྲིའི་གསུང་བཤད་སྤེལ་བའི་སྒྲོག་སྦྱངས་སྙན།།

མ་རྒན་བཙན་གཡེམ་གཏོང་པའི་འཆལ་ཕོ་ལ།། སྲིང་མོ་བག་མར་བརྫངས་པའི་མཛད་སྟོན་ཐོག། མི་ཚོགས་བརྒྱ་ཕྲག་འཛོམས་པའི་ཚོགས་རའི་ནང༌།། ཆང་རག་ཞབས་ཏག་རྒྱག་པའི་མཛད་སྒོ་ཚུགས།།

ཕ་གཞིས་བཙན་འཕྲོགས་བྱས་པའི་དཔོན་ངན་ལ།། མེས་པོའི་གཅེས་ནོར་ལྐོག་རྔོན་ཕུལ་པའི་རྗེས།། བསླུ་མེད་མགོན་སྐྱབས་འཛིན་པའི་མཚན་ལྗོངས་སུ།། རྨི་ལམ་བདེན་པར་འཛིན་པའི་འཁྲུལ་སྣང་རིང༌།།

བཟའ་ཟླ་བཙན་འཛག་གཏོང་པའི་ཇག་ཚོགས་མདུན།། པུས་མོ་ས་ལ་བཙུགས་པའི་གུས་ཕྱག་གིས།། ནང་མིའི་འདུ་ཤེས་འཛིན་པའི་ཁ་ཐབས་ལ།། སྙིང་རྗེའི་རེ་བ་འཆང་བའི་སྟོང་བསམ་མང༌།།

བུ་རྒྱུད་རྒྱུག་རྡུང་གཏོང་པའི་ཁྱིམ་མཚེས་མདུན།། ལྕེ་ལེབ་བྲང་ལ་ཐུག་པའི་འཁྲབ་གཞུང་གིས།། གྲོང་གྲོགས་ཁྱིམ་མཚེས་འདུས་པའི་འཚང་ཀ་གསེབ།། ཞེ་ལོག་སྐྱུར་མོ་ལྡང་པའི་ཚོར་སྣང་སྟེར།།

དམར་ཆུང་སྙིང་གི་གསོན་ཤུགས་ཤི་བ་དང༌།། བདོས་བཅས་ལུས་ཀྱི་སྟོབས་ཤུགས་ཉམས་པའི་བུ།། མགོ་བོ་ས་ལ་དྲུད་པའི་སྒྱུ་རྩལ་འདི།། གསོན་ཡང་ཤི་གྲལ་སྙེགས་པའི་སྣང་བརྙན་ཞིག།


2007/7/11/མཚན་མོར་ནོར་གླིང་མཐོ་སློབ་ཀྱི་བགྲོ་གླེང་ཟུར་དཔང་ཞོར་དུ་ནོར་གླིང་ཚོགས་ཁང་ནང་དུ་བྲིས།

དྲན་པའི་གདུང་དབྱངས།

གོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི།། མཛད་པ་ནམ་མཁའི་མཐོངས་ལས་ཡངས་སོང༌།། འཕྲིན་ལས་རྒྱ་མཚོའི་གཏིང་ལས་ཟབ་སོང༌།། ཁྱོད་ཀྱི་བཀའ་དྲིན་ཡང་ཡང་དྲན་བྱུང༌།།

གོང་ས་སྐྱབས་མགོན་ཏཱ་ལའི་བླ་མས།། འཛམ་གླིང་ཞི་བདེའི་དབུ་ཁྲིད་གནང་སོང༌།། གངས་ཅན་བོད་ཀྱི་བདེན་མཐའ་གསལ་སོང༌།། ཁྱོད་ཀྱི་བཀའ་དྲིན་ཡང་ཡང་དྲན་བྱུང༌།།

གོང་ས་སྐྱབས་མགོན་ཏཱ་ལའི་བླ་མས།། སངས་རྒྱས་བསྟན་པའི་རྩ་བ་བཙུགས་སོང༌།། འཚེ་མེད་ཞི་བདེའི་ཆབ་སྲིད་སྐྱོང་སོང༌།། ཁྱོད་ཀྱི་བཀའ་དྲིན་ཡང་ཡང་དྲན་བྱུང༌།།

ཁྱོད་ལ་ཕུལ་བའི་ཡིག་ལན།

ཀ་ཡེ་རིག་འཛིན་དབང་ཕྱུག། ཁ་སང་གནང་བའི་ཨི་མེལ།། ག་ལེར་ཐེངས་གཅིག་བཀླགས་ཀྱང༌།། ང་རང་མགོ་བོ་འཐམ་སོང༌།།

ཅ་ཅོའི་དབྱིན་ཇི་སྐད་ཡིག། ཆ་རྒྱུས་དེ་ཙམ་མེད་པས།། ཇ་དང་ཆུ་བསྐོལ་འཐུང་ཞོར།། ཉ་ར་ཐེངས་གཅིག་བྱས་ཡིན།།

ཏ་རིན་བླ་ཆེན་མིན་ཡང༌།། ཐ་ཤལ་རང་ཞིག་མིན་པས།། ད་དུང་ཕ་ཡུལ་གཅིག་པའི༌། ན་ཚ་གློད་ཐབས་མི་འདུག།

པ་ཕ་ངོ་ཤེས་མིན་པའི།། ཕ་རོལ་གྲོགས་མོའི་སེམས་པ།། བ་བླའི་རྡོ་བཞིན་མཁྲེགས་ཀྱང༌།། མ་བཞག་བསྒྱུར་བཅོས་གནང་འོས།།

ཙ་རི་བསྐོར་མྱོང་མེད་ཀྱང༌།། ཚ་བའི་དཀའ་སྡུག་མྱོང་མྱངས།། ཛ་བཞིན་གུས་པའི་གྲོགས་མོ།། ཝ་བཞིན་བསྐྱུར་མདོག་མ་ཁ།།

ཞ་ལྟར་འཁྱོགས་པོ་མིན་ན།། ཟ་འཐུང་ཙམ་ཞིག་མིན་པར།། འ་རེ་འུ་རེ་བྱས་ནས།། ཡ་མེད་ག་ལ་གཏོང་སྲིད།།

ཧ་ཧ་གྲོགས་མོའི་བསམ་པ།། རྡོ་ལས་གྲུབ་པ་ཡིན་ཀྱང༌།། རྡོ་མཁན་མཁས་པ་ཡིན་ན།། ཨ་རེ་བཟོ་བཅོས་ལོས་ཐུབ།།

འདི་ལ་དཔེ་བལྟས་ནས་རྩོམ་ཡིག་རེ་གཉིས་རེ་འབྲི་ཨེ་ཐུབ་ལྟོས། 

བེ་རི་སྨྱོ་པས་༢༠༠༧།༧།༡༨།ཉིན་བྲིས།


ཁྱོད་ཀྱི་འཁྲུངས་སྐར།

དེ་རིང་གནམ་ལ་བཀྲ་ཤིས་ཉི་མ་ཤར།། དེ་རིང་ས་ལ་གཟའ་སྐར་ཕྲད་སྦྱོར་བཟང༌།། དེ་རིང་ཁྱོད་ཀྱི་འཁྲུངས་སྐར་དུས་བཟང་རེད།། ཁྱོད་ཀྱི་འཁྲུངས་སྐར་ལང་ཡིས་ཁྱོད་ལ་བཀྲ་ཤིས་བདེ་ལེགས་ཞུ།།

ཁྱོད་ཀྱི་སྐུ་བསོད་ཡར་ངོའི་ཟླ་བཞིན་འཕེལ།། ཁྱོད་ཀྱི་དབང་ཐང་དབྱར་གྱི་མཚོ་བཞིན་རྒྱས།། ཁྱོད་ཀྱི་སྙན་གྲགས་གཡུ་འབྲུག་བཞིན་དུ་གྲགས།། ཁྱོད་ཀྱི་འཁྲུངས་སྐར་ལང་ཡིས་ཁྱོད་ལ་བཀྲ་ཤིས་བདེ་ལེགས་ཞུ།།

དགའ་བའི་ཞབས་བྲོ་ས་གཞིའི་ཁྱོན་ལ་རྡུང༌།། སྐྱིད་པའི་གླུ་དབྱངས་བར་སྣང་མཐོངས་ནས་ལེན།། སྤྲོ་བའི་ཁ་བཏགས་ཁྱོད་ཀྱི་མགུལ་ནས་འཐེན།། ཁྱོད་ཀྱི་འཁྲུངས་སྐར་ལང་ཡིས་ཁྱོད་ལ་བཀྲ་ཤིས་བདེ་ལེགས་ཞུ།།

གངས་དཀར་རྩེ་དགུའི་དབུ་ཕང་དགུང་ལ་བཏེགས།། མགོ་ནག་བོད་ཀྱི་ལ་རྒྱ་སྙིང་ལ་བཅངས།། སྐུ་བསོད་དབང་ཐང་དར་བའི་རྟེན་འབྲེལ་ཆེད།། ཁྱོད་ཀྱི་འཁྲུངས་སྐར་ལང་ཡིས་ཁྱོད་ལ་བཀྲ་ཤིས་བདེ་ལེགས་ཞུ།།

ཧྥ་རེ་སི་གྲོས་ཚོགས་གོང་མའི་ཚོགས་ཁང་ནང་གི་མཐོང་ཐོས།

གཡུང་དྲུང་ལྷ་མི་དམུ་ཐག་མ་རྒྱུད་པར། རིམ་པ་བཅུ་གསུམ་ལྷ་ཡུལ་མ་བརྒལ་བར། སུམ་ཅུ་རྩ་གསུམ་ཞིང་དུ་སླེབས་པ་ཡི། ཚོར་བའི་རླབས་རིས་འབར་བའི་ཞིང་ཁམས་འགྲིམས།

བྲམ་ཟེ་རྒན་པོའི་བློས་བསླང་མངོན་སུམ་དུ། ཤར་བ་ལས་ལྷག་མིག་གི་གཟི་ལེན་དཔལ། ཧྥ་རན་སི་ཡི་རྒྱལ་མོའི་ཕོ་བྲང་ཆེ། དེ་རིང་ཁྲ་ཆུང་མིག་གི་སྤྱད་ཡུལ་གྱུར།

ཀྱེ་མ་སྔོན་སོང་སྔོན་གྱི་བཙུན་མོ་ཞེས། རྣམ་པ་ལྷ་ལ་སྤྱོད་པ་འདྲེ་ཡི་སྲོལ། དམངས་ཀྱི་ཤ་ཁྲག་སྤྱོད་པའི་གདུག་ཅན་དག མི་མངོན་དབྱིངས་བུ་བརྫངས་པའི་ཤུལ་ལམ་ན།

རང་དབང་འདྲ་མཉམ་དམངས་གཙོའི་ལམ་སྲོལ་གྱི། དཔལ་ཡོན་ཉི་གཞོན་ཐོག་མར་ཤར་བ་ནས། བཀོད་ལེགས་མཛེས་པའི་བཙུན་མོའི་ཕོ་བྲང་འདི། ད་ཀོ་གྲོས་ཚོགས་འོག་མའི་ཚོགས་ཁང་གྱུར།

འཛམ་གླིང་དམངས་གཙོའི་ལམ་གྱི་སྔོན་གཤེགས་པ། རྒྱལ་ཁབ་འདི་ཡི་གྲོས་ཚོགས་འོག་མ་ཡི། མཐུས་མི་གསུམ་བརྒྱ་དྲུག་ཅུ་རྩ་དྲུག་པོ། ལོ་རེར་ངེས་ཅན་ཚོགས་ཐེངས་གཉིས་རེ་འདུག

ཡར་ཀི་ལྷ་ཡུལ་མར་ཀི་དམྱལ་ཁམས་སུ། ལྷུང་པའི་འབྲེལ་བརྗོད་ལམ་རིམ་མཁན་པོའི་སྲོལ། བཙུན་མོའི་ཕོ་བྲང་མི་དམངས་ཚོགས་ཁང་དུ། གྱུར་པའི་ཚུལ་འདི་མིག་གི་མངོན་སུམ་གྱུར།

ཕ་སའི་དག་ཞིང་དམྱལ་ཁམས་ལ་བསྒྱུར་བའི། སྐྱོ་གདུང་མཆི་མས་གདོང་རིས་བརླན་པའི་གཏམ། གྲོས་ཚོགས་འོག་མའི་མཇལ་འཕྲོད་ཁང་བཟང་དུ། མ་ལྷག་མ་ཆད་བདེན་པའི་ལམ་ནས་བརྗོད།

བདེན་པའི་རྒྱབ་ཏུ་ལངས་པའི་མཇུག་སྐྱོང་དང༌།། གདུང་སེམས་མཉམ་དུ་བསྐྱེད་པའི་ཐུགས་ཁུར་གྱི།། མི་ཕྱེད་མཛའ་བོའི་དམ་བཅའ་གསེར་གྱི་རི།། ནམ་གཞིགས་མེད་པའི་ཐ་ཚིག་སླར་ཚིག་སྒྲོག། འཆར་སྒོ་མགྱོགས་རིས་མ།

ལྷོ་མཐའི་རྒྱ་མཚོ་བ་ཚྭའི་འདམ་གྱིས་བསྙོགས།། བྱང་རྒྱུད་གངས་རི་ཤར་མཐའི་ཉི་མས་བཞུས།། མེས་པོའི་རྣམ་ཤེས་མེ་མདའི་ཁ་ནས་ཡལ།། མཛེས་མའི་ལང་ཚོ་ལོ་ཟླའི་དམག་གིས་བཀུམས།།

གྱང་རོ་འབུར་དུ་ཐོན་པའི་ཁང་ཤུལ་དང༌།། མིང་གི་ལྷག་མར་ལུས་པ་རྒྱལ་པོའི་མཚན།། མི་རྟག་བཙན་པོའི་དཔུང་གིས་འཇོམས་པ་ཡི།། འདུས་བྱའི་སྒྱུ་མའི་འཇའ་རིས་ཡལ་བ་མང༌།།

སྔོན་པོའི་གནམ་མཐའ་དཀར་ནག་སྤྲིན་གྱིས་སྒྲིབ།། མཐོན་པོའི་རི་བོ་སྨུག་པའི་གསེབ་ཏུ་འཚང༌།། མེས་པོའི་ཕ་ས་དགྲ་བོའི་རྡོག་པས་བརྗེས།། ཁང་བྱིའུ་ཉལ་ཚང་རི་བྱེའུ་སྐྱ་བོས་བཟུང༌།།

ཡོད་ཚད་ལས་ལ་བཅོལ་བའི་མི་རིགས་འདི།། ཕམ་ཉེས་མགོ་ཐོག་ལྷུང་བའི་མཚན་ལྗོངས་སུ།། རེ་བའི་རྨི་ལམ་སྒུག་ནས་གཉིད་པའི་མཐར།། ད་ནི་མི་ལོ་ལྔ་བཅུ་ཏག་ཏག་རྫོགས།།

ལྷ་ཡི་ལུང་བསྟན་སྙན་པོའི་ཚིག་རིས་དང༌།། གཉིད་ཀྱི་རྨི་ལམ་སྐྱིད་པའི་འཁྲུལ་སྣང་གཉིས།། འཁྲུལ་མེད་མངོན་སུམ་ཚད་མའི་སྣང་ངོ་ལ།། འཆར་བའི་རེ་བ་འདི་ཡིས་ད་དུང་ཕུང༌།།

སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ཤིན་ཏུ་མཐོ།། འོག་ཕྱོགས་དམྱལ་བའི་འཇིག་རྟེན་ས་འོག་གནས།། འཇིག་རྟེན་མི་ཡི་བདེ་སྡུག་འཚོལ་དགོས་ན།། ས་སྟེང་འཇིག་རྟེན་འདི་ནས་འཚོལ་ན་རན།།

རྒྱ་ནག་སྐུ་ཚབ་འབྲེལ་མཐུད་ད་དུང་གནས།། རྒྱ་གར་སྐྱོབ་གསོའི་ལྟ་རྟོག་ཤིན་ཏུ་ཟབ།། སྦྲང་རྩིའི་སྙིང་པོ་ཕྱུངས་པའི་མངར་ཆ་འདི།། བྱིས་པའི་ཁ་ལ་ཕྲོད་པའི་བྲོ་བ་ཞིག།

གྲོས་ཚོགས་འཐུས་མིའི་ཚོགས་ར་ཇེ་རྒྱས་རེད།། དྲི་བ་དྲིས་ལན་དུས་ཚོད་ཇེ་ལྷུག་རེད།། དགོངས་འཆར་གཏམ་བཤད་གནང་མཁན་ཇེ་མང་རེད།། གཟུགས་མཐོང་གསར་འཕྲིན་ལྷུང་མོ་ཇེ་ཆེ་རེད།།

གྲོས་གཞི་གྲོས་འཆར་ཇེ་མང་ཇེ་མང་རེད།། ལག་ལེན་ལག་བསྟར་ཇེ་ཉུང་ཇེ་ཉུང་རེད།། རྩ་དོན་གསུང་མཁན་དེ་བས་ཇེ་ཉུང་རེད།། འདི་དོན་རྨི་ལམ་ཡིན་ན་དགའ་བ་ལ།།

ལྟོས་དང་རྡ་སའི་ནགས་ཀླུང་སྟུག་སོའི་ནང༌།། སྤྲ་དང་སྤྲེའུ་རྒྱུ་བའི་འཚང་ཀ་ལ།། ཁང་ཁྱིམ་སྡོད་གནས་མེད་པའི་སྐྱབས་བཅོལ་ཚོར།། དྲན་པའི་སྐུལ་འདོད་གཏོང་བའི་བརྙན་རིས་ཤིག།

ལྷོ་མཐའི་ཚ་བས་ཕ་ས་དྲན་གསོ་གཏོང༌།། བསིལ་རླུང་དལ་བུས་སེམས་ཀྱི་ངལ་གསོ་སྟེར།། དགའ་སྐྱོ་བསྣོལ་མ་འཐབ་པའི་ཚོར་སྣང་གིས།། གདོས་བཅས་ལུས་འདི་ཤིང་བལ་བཞིན་དུ་གཡོ།།

མིག་དང་རྣ་བ་བཀབ་པར་མ་ནུས་པས།། ཚོར་སྣང་སྐྱུར་མོས་སེམས་ཁམས་བཟི་དྲགས་ནས།། ཟར་ཟིར་འུར་ཟིངས་འཁྲུག་པའི་མི་ཚོགས་ཁྲོད།། འཚང་ཁ་བརྒྱབ་ནསབོད་ཀྱི་ཟ་ཁང་འགྲིམས།།

ཁ་ལ་སྦྲང་རྩིའི་གསོལ་ཇ་འཐུང་ན་ཡང༌།། ལྕེ་ལ་མངར་མོའི་བྲོ་བ་མ་སླེབས་གོང༌།། ཚོར་སྣང་སྐྱུར་མོ་བཀག་ཀྱང་མ་ཁོག་པར།། སྨྱུ་གུའི་ལམ་ནས་ཤོག་གུའི་སྒང་ལ་སྐྱུགས།།

ད་ནི་དགུང་མོ་ཆུ་ཚོད་བཅུ་པ་རེད།། ཁོར་ཡུག་འདི་ནས་དག་ཞིང་མི་སླེབས་པས།། ཉལ་ནས་གཉིད་ཀྱི་འཁྲུལ་སྣང་རྨི་ལམ་དུ།། དག་པའི་ཞི་ཁམས་འགྲིམས་པའི་རེ་འཆང༌།། ༢༠༠༩།༣།༡༣།ཉིན་བྲིས།


 ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༡ ཉིན། ཧྥ་རེ་རི་གྲོས་ཚོགས་འོག་མའི་མཇལ་འཕྲད་ཁང་དུ་བྲིས། 


ཧྥ་རན་སི་གྲོས་ཚོགས་འོག་མའི་ནང་བསྐྱོད་པ།

གཟུགས་མེད་རྟོག་པའི་ཀློང་ནས་འཁྲུངས་པ་ཡི། ནུབ་ཕྱོགས་ཨོ་རྒྱན་ཞིང་ཁམས་ལས་འགངས་པའི། རྒྱལ་ས་པཱ་རི་སི་ཡི་དཀྱིལ་ཟུར་ན། བརྒྱ་སྦྱིན་ལྷ་ཡི་ཁང་བཟང་འདྲ་བ་མཐོང༌།

འདི་ནི་སྔོན་ཚེ་རྒྱལ་པོའི་རིང་ལུགས་སྐབས། དབང་ཆེན་ཚངས་པ་འདྲ་བའི་རྒྱལ་པོ་དག རིམ་པར་བྱོན་ནས་དབང་བསྒྱུར་བྱེད་ས་ཡི། ཧྥ་རན་སི་ཡི་རྒྱལ་པོའི་ཕོ་བྲང་རེད།

འབངས་སྡེ་གཅིག་ཏུ་སྒྲིལ་བའི་གྱེན་ལངས་འོག རྒྱལ་པོའི་ཚེ་སྲོག་མཚོན་རྩེར་གཟེར་བའི་རྗེས། བཀོད་ལེགས་ལྟ་ན་སྡུག་པའི་ཕོ་བྲང་འདི། ཡུལ་འདིའི་གྲོས་ཚོགས་གོང་མའི་ཚོགས་ཁང་གྱུར།

འཛམ་གླིང་དམངས་གཙོའི་སྲོལ་གཏོད་རྒྱལ་ཁམས་འདིར། གྲོས་ཚོགས་འཐུས་མི་སུམ་བརྒྱ་ལྷག་ཙམ་འདུག། དམངས་གཙོའི་ལམ་སྲོལ་ནུབ་ཕྱོགས་རྒྱལ་ཁམས་ནང༌། སྔོན་དུ་ཐོན་པའི་ཁྱད་ཆོས་ཤིན་ཏུ་མང༌།

མི་སྲུན་གཞན་དབང་བཙན་པོའི་གཉའ་གནོན་འོག། ཉམ་ཐག་འགྲོ་བ་མི་ཡི་མནར་གཅོད་ལ། གཅིག་ཏུ་རྒོལ་བའི་གྲོས་ཚོགས་གོང་མ་འདིས། བདེན་པའི་རྒྱབ་ལངས་བྱས་པ་ཉུང་ཉུང་མིན།

ལྟེ་ཁྲག་ས་ལ་འཕོས་སའི་བྱང་བརྒྱུད་ན། ངུ་འབོད་གནམ་ས་དབྲལ་བའི་མནར་གཅོད་ལ། བདེན་པའི་རྒྱབ་ལངས་འདི་ཡི་མཐའ་མཇུག་ཏུ། རྒྱལ་ཁའི་གྲུབ་འབྲས་ལྡན་པའི་སེམས་གསོ་གནང༌།

སེམས་ཀྱི་རྨ་ཁའི་ན་ཟུག་ཁོག་ན་བཅུམ། དགའ་སྐྱོ་བསྣོལ་མའི་མིག་ཆུས་གདོང་རིས་བརླན། སླར་ཡང་མཇལ་བའི་གྱེས་ཁའི་སྨོན་ལམ་བཅས། ཕྱིར་མིག་ཅེར་བཞིན་གོམ་ཁ་ཕྱི་ལ་སྤོས།

                                ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༢ ཉིན་ཧྥ་རན་སི་གྲོས་ཚོགས་གོང་མའི་མཇལ་འཕྲད་ཁང་དུ་བྲིས། 

ཧྥ་རན་སི་ལྕགས་ཀ་རིང་མོ།


གྲོང་ཁྱེར་སྲང་ལམ་རྐང་པའི་འགྲོས་ཀྱིས་གཤགས༎ སྲོད་དུས་གློག་སྒྲོན་མཆེད་པའི་འོད་སྣང་ཁྲོད༎ མི་ཚོགས་ཁྲི་མ་འབུམ་གྱི་ཁྲོམ་གསེབ་ནས༎ ལྕགས་ཀྱི་ཀ་བ་རིང་མོའི་ལྗིད་ཉམས་མཐོང༌༎

ཕ་སའི་སྙིང་ནད་ཁོག་ནས་གཟེར་ན་ཡང༌༎ གདོང་གི་བཤུ་སྐོག་འཛུམ་པའི་ཟོལ་བརྟེན་ནས༎ ལྕགས་ཀྱི་ཀ་བ་རིང་མོའི་མདུན་ས་ན༎ འདས་དོན་དྲན་རྟེན་འདྲ་པར་ཁ་ཤས་བཏབ༎

ལྕགས་ཀ་ཉེ་འགྲམ་སུ་ཏྲ་ཧྥ་རེ(sutfleh)ཡི༎ ཧྥ་ལུགས་ཟ་ཁང་རྒྱས་སྤྲས་གསོལ་སྟོན་རིགས༎ མུད་པའི་འཕྲང་ལམ་བཙན་གྱིས་བརྫངས་པའི་ཞོར༎ གཞིས་བྱེས་བོད་ཀྱི་ལས་དབང་སླར་ཡང་གླེང༌༎ མཚན་ལྗོངས་དུས་ཀྱི་རྒྱལ་མོའི་རྒྱབ་ནས་དེད༎ སང་གི་ལས་རིམ་མང་པོས་མདུན་ནས་བསུས༎ གོམ་པའི་རྡོག་སྣེ་མགྲོན་ཁང་ནང་དུ་བསྒྱུར༎ ཉིན་ཐོ་གྲུ་བཞིའི་སྟོང་ཆ་སྐོང་ནས་ཉལ༎


རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་ཁང་དུ་སླེབས་པ།

ཞོགས་པའི་ཉི་གཞོན་སྤྲིན་པའི་རུམ་དུ་བསྟིམས། སྨུག་ཞགས་སྟུག་པོས་བར་སྣང་ཁད་ཀྱིས་གཡོགས། མོ་ཊའི་འགྲོ་འདུག་རྩེན་པའི་འདུ་ལོངས་ཁྲོད། རྒྱལ་མཚམས་མེད་པའི་གསར་འགོད་ཁང་དུ་སླེབས།

དུས་རབས་གསར་པའི་བཟོ་བཀོད་མིག་ལ་མཛེས། ཤེལ་སྒོ་ནག་པོའི་ཕྲ་ལྡན་ཁང་བཟང་ནང༌། རྒྱལ་མཚམས་མེད་པའི་དྲང་བདེན་གསར་འགོད་གྱི།

ལས་བྱེད་འདི་ཚོ་དེ་རིང་དངོས་སུ་མཇལ། རང་དབང་འདྲ་མཉམ་དམངས་གཙོའི་གཞུང་ལམ་ནས། བཙན་འཛུལ་གཉའ་གནོན་སྒེར་གཅོད་རིང་ལུགས་ལ། རྒོལ་བའི་དྲང་བདེན་གསར་འགྱུར་རྒྱུད་ལམ་ཁག དཀར་གསལ་འོད་སྣང་ཕྱོགས་མེད་འདི་ནས་འཕྲོ།

ཕ་སའི་ཁྲག་མཚོ་དྲོན་མོའི་རླབས་ཀྱི་རིས། མིག་ཆུའི་ཟོལ་དུ་འབབ་པའི་ཞུ་སྙན་གཏམ། མི་ངོ་དངོས་འཕྲོད་བྱུང་བའི་འབབ་སྟེགས་ནས། བྲེལ་མེད་དལ་གྱིས་འབབ་པའི་གོ་སྐབས་ཐོབ།

རྨི་ལམ་མ་ཡིན་སད་ནས་ས་འདིར་འབྱོར། འཁྲུལ་སྣང་མ་ཡིན་དྲན་པའི་རང་ངོ་འཕྲོད། སད་ནས་དྲན་པའི་རང་ངོ་འཕྲོད་བཞིན་དུ། གོ་སྐབས་འདི་ཡི་མཇུག་སྣེ་དེ་རིང་ཟིན།


དྲ་རྒྱའི་བརྡ་འཕྲིན་མི་མངོན་དབྱིངས་ནས་བཀག ཁ་པར་བརྒྱུད་ལམ་བཙན་གྱིས་འགོག་པ་སོགས། གནས་ལུགས་བདེན་པའི་ཞལ་རས་ཟླུམ་པོ་ལ། མུན་ནག་རྫུན་གྱི་སྤྲིན་པ་བཏིབས་པས་བསྒྲིབས།

ཤར་ནུབ་འཇིག་རྟེན་ཟླུམ་པོའི་ཁོར་ཡུག་ན། སུ་དང་གང་གི་མཐོང་ཐོས་མི་ནུས་པའི། བདེན་པའི་འོད་སྣང་སྒྲིབ་པའི་ཡོལ་ནག་ལ། ལྷན་ཁང་འདིས་ཀྱང་སྐྱོ་བའི་ཤུགས་རིང་འབྱིན།

ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༣ ཉིན་གུང་བྲིས།

                                     རྒྱལ་ས་པ་རི་སི་མགྲོན་ཁང་དུ་བྲིས། 


རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ནང་སླེབས་པ།
                        

སྨུག་པའི་ཡོལ་བ་དལ་གྱིས་དལ་གྱིས་ཕྱེས། སྤྲིན་པའི་་འོག་ནས་ཉི་འོད་ཅུང་ཟད་འཚེར། གུང་ཚིགས་ལངས་ཟོས་བྱས་རྗེས་ཟ་ཁང་ནས། པ་རེ་སི་ཡི་གྲོང་ཁྱེར་སླར་ཡང་གཤགས།

ས་འོག་མེ་འཁོར་འཚང་ཀ་གཞན་བས་ཆེ། མི་ཚོགས་འདུ་ལོངས་སྐར་མའི་གྲངས་ལས་མང༌། བྲེལ་ཟིངས་བསྣོལ་མར་འཐབ་པའི་མཇུག་སྣེ་ནས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་སྒོ་འགྲམ་སླེབས།

བཟོ་བཀོད་ཁང་བཟང་དུས་རབས་སྔོན་དུ་ཐོན། ཡང་དག་བྱམས་དང་བརྩེ་བས་རྗེས་ནས་དེད། དྲང་བདེན་གནས་ལུགས་ཟབ་མོས་མདུན་ནས་བསུ། ལྷན་ཁང་འདི་ཡི་ཁྱད་ཆོས་བརྗོད་ལས་འགོངས།

ངོ་འཕྲོད་རྒྱུན་ལས་བརྒྱད་དང་ལྷན་ཅིག་ཏུ། མཇལ་འཕྲོད་ཁང་དུ་གཏམ་གྱི་སྒོ་མོ་ཕྱེས། རྨ་ཁ་མ་སོས་ཁྲག་རྒྱུན་མ་བསྐམ་པའི། ཕ་སའི་སྐྱིད་སྡུག་ངུ་ངག་ལམ་ནས་ཞུས།


གདུང་སེམས་མཉམ་དུ་བསྐྱེད་པའི་གསུང་ལན་དང༌།

འབྱུང་འགྱུར་མདུན་ལམ་འགྲིམས་པའི་ལམ་སྟོན་གཉིས།                      
ད་ལྟའི་ལག་ལེན་བསྟར་རྒྱུའི་བཀའ་མོལ་གསུམ།                      
བག་ཕེབས་དལ་འབབ་ཆུ་བོའི་རྒྱུན་བཞིན་འཇོ། 

དགའ་སྐྱོ་འདྲེས་མའི་མིག་ཆུ་ཁོག་ཏུ་གཞིབས། ངུ་དགོད་འདྲེས་མའི་གདོང་རིས་ཁད་ཀྱིས་འགྱུར། སྐྱིད་སྡུག་འདྲེས་མའི་གཏམ་སྣེ་དལ་གྱིས་བསྡུས། ཕྱི་མིག་ཅེར་བཞིན་མགྲོན་ཁང་ནང་དུ་ལོག

          ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༣ མཚན་མོར་ཧྥ་རན་སི(France)རྒྱལ་ས་པ་རི་སི (Pares Hotel commerce)མགྲོན་ཁང་དུ་བྲིས། 






  རིག་པ་ཆོས་ཚོགས་སུ་བསྐྱོད་པའི་མཐོང་ཐོས། 

པ་རེ་སི་༼parese ༽ཡི་གྲོང་ཁྱེར་ཧ་ཅང་ཆེ། ། ཁོམ་མེར་སེ་༼commerce༽ ཡི་མགྲོན་ཁང་ཤིན་ཏུ་མཐོ། ཉིན་གསུམ་རིང་ལ་མཛད་རིམ་ཤིན་དུ་མང༌། ལུས་སེམས་བྲེལ་བའི་ཨ་ཐང་ཧ་ཅང་ཆད།

གསུང་སྙན་བྱེའུས་ཞོགས་པའི་རྨི་ལམ་དཀྲོགས། གོམས་འདྲེས་མེད་པའི་ཞོགས་ཟས་བཙན་གྱིས་བརྫངས།

མོ་ཌའི་ནང་དུ་རས་པ་ཆོས་ཚོགས་འགྲིམས། 

མགོ་སེར་མགོ་ནག་བརྒྱ་ཕྲག་མཉམ་དུ་འཛོམས།

ཞི་བདེའི་ར་བ་མཐོན་པོའི་ཁོར་ཡུག་འདིར། བྱམས་བརྩེ་ཁོར་ལག་ཡངས་པའི་ཚོགས་ར་འདིར། དམ་པའི་རང་འོད་འཚེར་བའི་ཆོས་ཚོགས་འདིར། ནང་ཆོས་སྐྱབས་སུ་བསྟེན་པའི་མགོ་སེར་མང༌།

རང་དབང་བག་ཕེབས་རྩེན་པའི་སྡིངས་ཆ་འདིར། 
ཉམ་ཐག་བོད་དོན་བདེན་པའི་རྒྱབ་སྐྱོར་བ། 
རྣམ་པ་མི་འདྲ་ཚོགས་ཁག་བཅུ་བཞི་འདུས། 
འབྲེལ་བརྗོད་མི་འདྲ་་གཏམ་བཤད་སྣ་ཚོགས་སྤེལ། 

ནམ་མཁའ་མཛོད་ལ་དབང་བའི་འབྱོར་ལྡན་དང༌། དྲང་བདེན་སྲོག་དང་བསྡོས་པའི་རྩ་དོན་ཅན། བྱམས་བརྩེ་སྙིང་ལ་ཉར་བའི་སྙིང་རྗེ་ཅན། ཚོགས་ར་འདིའི་ནང་འཚང་ཁ་ཤིན་ཏུ་ཆེ།

ཕ་སའི་སྐྱིད་སྡུག་མིག་ཆུའི་ལམ་ནས་བགྲངས།

བདེན་པའི་རེ་བཅོལ་ཕྱག་རྒྱའི་སྣེ་ནས་ཞུས། འབྱུང་འགྱུར་འཆར་འགོད་ངུ་ངག་གཏམ་གྱིས་བཤད།་ ཆུ་ཚོད་གཉིས་ཀྱི་མཛད་རིམ་ཡུད་ཀྱིས་བསྐྱལ།

 ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡4 ཉིན་གུང་རས་པ་ཆོས་ཚོགས་ནང་དུ་བྲིས། 


ཧྥ་རན་སི་བོད་རིགས་ཚོགས་པ།

ཞོགས་པའི་མཛད་རིམ་རྨི་ལམ་ཇི་བཞིན་བསྡུས༎ ཉིན་གུང་གསོལ་ཚིགས་ཟ་ཁང་ནང་དུ་ཟོས༎ ངལ་གསོ་མེད་པའི་མཛད་རིམ་དོགས་པོའི་སྣེར༎ རིག་པ་ཆོས་ཚོགས་ཁང་དུ་སླར་ཡང་བཅར༎

རྒྱལ་ས་པ་རེ་སི་ལ་གནས་བཅས་པའི༎ སྐྱབས་བཅོལ་བོད་རིགས་ཚོགས་པའི་གདན་ཞུ་ལྟར༎ ཤ་ཁྲག་གཅིག་པའི་སྤུན་ཟླ་བརྒྱ་ཕྲག་དང༌༎ ལྷན་ཅིག་འཛོམས་པའི་སྐལ་བཟང་དགའ་སྟོན་ཐོབ༎

མི་བདག་བདག་ཏུ་གྱུར་པའི་མཚན་ལྗོངས་ན༎ བདག་པོ་ཕྱིར་འབུད་གཏོང་བའི་ལོ་ཟླའི་ནང༌༎ ཤར་ནུབ་རྒྱལ་ཁབ་སུམ་ཅུ་སོ་བདུན་ལ༎ ཉམ་ཐག་བོད་རིགས་འཁྱམས་པའི་སྐྱོ་གར་རིང༌༎

མི་ཡུལ་སྐྱིད་པའི་ལྷ་ཡུལ་ཡིན་ཡང་རུང༌༎ རང་ཡུལ་སྡུག་པའི་དམྱལ་ཁམས་ཡིན་ན་ཡང༌༎ མགོ་བོའི་ཀླད་རྒྱ་ས་ལ་མ་འཐོར་བར༎ ཕ་སའི་རྩམ་པའི་ཞེ་ཁོག་སུ་ཡིས་བརྗེད༎

བདོས་བཅས་གཟུགས་པོ་ཕྱོགས་མཐར་གྲམས་ན་ཡང༌༎ མ་བཅོས་སེམས་ཀྱི་རྡོག་རྩ་གཅིག་ཏུ་སྒྲིལ༎ ཕྱོགས་འདིའི་བོད་རིགས་ཚོགས་པའི་ལས་འགུལ་ཁག། མ་ལྷག་མ་ཆད་ལས་སྡོམ་ཚུལ་དུ་བགྲངས༎

འདས་པའི་ཁྲག་རིས་སྙིང་གི་དཀྱིལ་ན་བྲིས།། ད་ལྟའི་དཀའ་སྡུག་པང་གི་ནང་དུ་བླངས༎ མ་འོངས་ཕུག་བསམ་གོམ་པའི་སྣེ་ལ་སྟེགས༎ རྒྱལ་ཁའི་སྔོན་བརྡ་བསུ་བའི་ལམ་སྟོན་ཞུས༎

ནུབ་ཕྱོགས་རང་དབང་ལུང་པའི་གྲོང་ཁྱེར་ནང༌༎ སྡུག་དང་མིག་ཆུས་སེམས་ཁོང་ཁེངས་པ་ཡི༎ ཁྲག་རྒྱུན་གཅིག་པའི་བོད་རིགས་སྤུན་ཟླ་ཚོས༎ དྲན་རྟེན་འདྲ་པར་བཏབ་པའི་འཚང་ཁ་ཆེ༎

དུས་ཀྱི་རྒྱལ་མོའི་བཀོད་སྒྲིག་བཙན་པོའི་འོག། ཞེ་ཆགས་སེམས་ཀྱི་ཁྱེའུ་ངུ་བཞིན་དུ༎ གྱེས་མཇལ་བྱས་པའི་དགོད་སྒྲའི་འཛུམ་ཀོང་གསེབ༎ དལ་གྱིས་འབབ་པའི་མིག་ཆུ་ངང་གིས་འཁྱིལ༎

དགུང་དུས་མུན་པའི་རུ་ཚོན་སྒྲེངས་པའི་གསེབ༎ གྲོང་ཁྱེར་དཀྱིལ་གྱི་མེ་འཁོར་འབབ་ཚུགས་རྒྱུད༎ ཧྥ་རན་སི་ལ་མཐའ་མའི་གྱེས་མཇལ་གྱིས༎ བྷེལ་ཇམ་འགྲིམས་པའི་ལམ་སྣེ་ཁད་ཀྱིས་བཟུང༌༎

སྲོད་དུས་རླུང་ལྟར་མགྱོགས་པའི་མེ་འཁོར་ནང༌༎ གློག་ཀླད་སྒོ་འཕར་ཕྱེས་ནས་བརྙན་པར་བལྟས༎ དགའ་སྐྱོ་འདྲེས་མའི་ཚོར་འདུ་གཡོ་བཞིན་དུ༎ འབོར་རྩོམ་འགའ་ཞིག་གློག་ཀླད་ངོས་སུ་བྲིས༎ སྤྱི་ལོ་ 2009་ཟླ་ 11་ ཚེས་14་དགུང་མོ་ཆུ་ཚོད་ 8 པར་ཧྥ་རན་སི་ནས་བྷེལ་ཇམ་དུ་བསྐྱོད་པའི་མེ་འཁོར་ནང་བྲིས།


ཡོབ་རོབ་གནའ་མཐུན་ཚོགས་པ།

མདང་གི་མཚན་མོར་ཧྥ་རན་སི་ནས་ཐོན༎ མེ་འཁོར་མྱུར་ཚོད་ནམ་མཁའི་གློག་ལྟར་འཁྱུགས༎ ཐུན་གསུམ་མཚན་མོར་མེ་འཁོར་འབབ་ཚུགས་ནས༎ མོ་ཊའི་ནང་དུ་ཡོན་ཏན་གླིང་ལ་འབྱོར༎

ཤར་ནུབ་ལུགས་ཀྱི་གསོལ་སྟོན་སྣ་ཚོགས་ལས༎ བོད་ཐུག་ཚ་བོའི་རིན་ཐང་སླར་ཡང་སྙེད༎ ཤིན་ཏུ་བཀོད་པ་ལེགས་པའི་ཉལ་ཁང་ནས༎ ངེས་མེད་རྨི་ལམ་སྒྱུ་མའི་གྲོང་ཁྱེར་འགྲིམས༎

ཞོགས་པའི་མཁའ་དབུགས་གངས་ཅན་བོད་ལྟར་གཙང༌༎ སྔོ་ལྗང་ལྗོན་པའི་ནགས་ཀྱི་ཁོར་ལག་ཡངས༎ བདེ་ཆེན་ཞིང་བཀོད་འདྲ་བའི་ཆོས་ཚོགས་འདིས༎ དབེན་པའི་རི་སུལ་འགྲིམས་པའི་དྲན་གསོ་གཏོང༌༎

ཉིན་བྱེད་འཁོར་ལོ་གནམ་གྱི་དཀྱིལ་ནས་འཁོར༎ མོ་ཊའི་ནང་ནས་སྤྱི་ལེ་བརྒྱ་ཕྲག་བརྒལ༎ ཡིད་འོངས་མཛེས་ལྗོངས་མིག་གིས་སྤྱད་པའི་ཞོར༎ བྷེལ་ཇམ་གྲོང་ཁྱེར་བྷ་ར་སི་ལ་འབྱོར༎

མི་ཚོགས་འདུ་ལོངས་སྟོན་ཁའི་རླུང་ལྟར་འཚུབས༎ མོ་ཊ་འགྲོ་བསྐྱོད་གྲོག་མའི་ཚང་བཞིན་བརྡོལ༎ ཁང་བརྩེགས་མཐོན་པོ་གནམ་གྱི་ཀ་བ་སྙེགས༎ གྲོང་ཁྱེར་འདི་ཡི་ལྟད་མོ་བརྗོད་ལས་འགངས༎

གསེར་གྱི་རྟ་ཕོའི་ཏོག་ལྡན་ཁང་བཟང་དང༌༎ བྱིས་པས་གཅིན་རྒྱང་བྱེད་པའི་འདྲ་བརྙན་སོགས༎ གཏམ་རྒྱུད་སྣ་མང་ལྡན་པའི་ཁྱད་ཆོས་ཅན༎ གྲགས་སྙན་གང་སར་ཁྱབ་པའི་ལྟད་མོ་མང༌༎

ཕྱེད་ཡོལ་དུས་ཚིགས་གསེར་བཞིན་དམ་འཛིན་བྱས༎ ཡོབ་རོབ་གནའ་མཐུན་གྲོས་ཚོགས་ཁང་དུ་བཅར༎ འཐུས་མི་བརྒྱ་ཕྲག་འཛོམས་པའི་གྲོས་ཚོགས་ཐོག། དངོས་བཅར་ལྟད་མོ་མཐོང་བ་དེ་རིང་ཡིན༎

ནམ་མཁའི་བྱ་ལམ་གོང་མ་ལ་སྙེགས་པའི༎ ཤེལ་སྒོ་ནག་པོའི་ཕྲ་ལྡན་སྒེར་ཁུང་ཅན༎ ཚོགས་ཁང་ཆེན་མོའི་ཐོག་བརྩེགས་སྡེ་ཚན་ཁང༌༎ དམིགས་བསལ་བོད་དོན་མཇལ་འཕྲད་གོ་སྐབས་ཐོབ༎

མ་མཐོང་རྒྱང་གྲགས་གཞན་ལས་ཆེ་བ་ཡི༎ ཡོབ་རོབ་མཉམ་འབྲེལ་ཚོགས་པའི་ལས་ཁུངས་སུ༎ བོད་དོན་གླེང་བའི་གོ་སྐབས་ལྷུར་བླངས་ནས༎ མི་ངོ་དངོས་མཇལ་བྱས་པ་དེ་རིང་ཡིན༎

མི་བདག་བདག་ཏུ་བཟུང་བའི་གུང་ཁྲན་གྱིས༎ བདག་པོ་རྒྱངས་འབུད་བྱས་པའི་བོད་རིགས་མི༎ མི་སྤྱོད་ལས་འདས་གཡོ་རྫུན་འདྲ་མིན་འོག། བསད་བཟུང་རྡུང་བརྡེགས་བྱས་ཚུལ་ལོ་རྒྱུས་གླེང༌༎

ཡོབ་རོབ་མཉམ་འབྲེལ་བོད་དོན་རྒྱབ་སྐྱོར་གྱི༎ ཚོགས་གཙོ་མཆོག་གི་བོད་དོན་འབྲེལ་བའི་གཏམ༎ རྟག་ཆད་གཡང་ས་གང་དུའང་མི་ལྷུང་བའི༎ དོན་ཚན་གསུམ་གྱི་ལམ་སྟོན་ལྷུག་པོ་གནང༌༎

ཁང་ཆེ་དེ་ནས་དལ་གྱིས་གྱེས་མཇལ་ཞུས༎ ས་འོག་འབབ་ཚུགས་རྒྱུད་ནས་མེ་འཁོར་འགྲིམས༎ ན་ལེནྡྲ་ཡི་ཆོས་ཚོགས་ནང་དུ་འབྱོར༎ ཅ་ལག་ཕབ་ནས་རེ་ཞིག་ངལ་གསོ་བྱས༎

2009།11།15།ཉིན་རྒྱབ་ཆུ་ཚོད་ 4 པར་ན་ལེནྡྲ་ཆོས་ཚོགས་ནང་དུ་བྲིས།


བྷེལ་ཇམ་བོད་རིགས་ཚོགས་པ།

ཉི་མའི་གོ་ལ་ནུབ་མཐའི་སྤྲིན་གསེབ་ཡིབས༎ ལས་གྲྭ་ཕལ་ཆེར་ལས་ཐག་གཅོད་ལ་ཉེ༎ ན་ལེནྡྲ་ནས་ས་འོག་མེ་འཁོར་རྒྱུད༎ བྷེལ་ཇམ་བོད་རིགས་ཚོགས་པའི་མཇལ་འཕྲད་བཅར༎

ཟློག་མེད་ལས་དབང་འོག་ནས་ཁ་གྲམས་ཀྱང༌༎ ཕུགས་བསམ་ལུས་ཟུངས་ཁྲག་རྒྱུན་གཅིག་པ་ཡི༎ སྐྱབས་བཅོལ་བོད་རིགས་སྤུན་ཟླ་བརྒྱ་ཕྲག་ལྷག། བྷ་ར་སིལ་གྱི་ཟ་ཁང་ཞིག་ཏུ་འཛོམས༎

ངེས་མེད་ས་མཐར་འཁྱམས་པའི་བོད་རིགས་ཚོ༎ རྡོག་རྩ་གཅིག་ཏུ་སྒྲིལ་བའི་ནུས་ཤུགས་ཀྱིས༎ བོད་དོན་བདེན་པའི་རུ་ཚོན་འཕྱར་དང་ལྷན༎ དགྲ་བོའི་རྫུན་འབག་དབྲལ་བ་ཉུང་ཉུང་མིན༎

ཕྱོགས་འདིའི་བོད་རིགས་ཚོགས་པའི་གནས་སྟངས་ཚུལ༎ ཐོས་ཚེ་སྤྲོ་བའི་ཚོར་རླབས་འཕྱུར་དང་ལྷན༎ ལག་དེབ་ལྗང་ཁུའི་འགྱུར་འགྲོས་གནས་བབ་དང༌༎ གྲོས་ཚོགས་དྲི་བའི་དོགས་པའི་འཕྱངས་འཕྲུལ་དཔྱངས༎

ཕྱག་རོགས་སྤྱི་འཐུས་བཞི་དང་གཞུང་ཚབ་ཀྱིས༎ འཛམ་གླིང་ཁ་འཐོར་བོད་རིགས་ཡོངས་རྫོགས་ཀྱིས༎ ཆིག་སྒྲིལ་དཔུང་པའི་ནུས་ཤུགས་བརྟན་པོ་ཡིས༎ བདེན་དོན་རྩོད་ལེན་དགོས་པའི་དྲན་སྐུལ་གནང༌༎

ཁ་ཤགས་སྒྱུ་རྩལ་སྨྲ་བ་དཔལ་ཚེ་ཡི༎ ལྗང་གུ་གསུམ་གྱི་གསང་བའི་གཏམ་བརྒྱུད་ལས༎ རང་དབང་ལག་དེབ་ལྗང་ཁུའི་རིན་ཐང་དང༌༎ གལ་ཆེའི་རང་བཞིན་ལྡན་པའི་དྲན་གསོ་གཏོང༌།།

དམངས་གཙོའི་ལྟ་གྲུབ་ལྡན་པའི་གྲོས་ཚོགས་ནང༌༎ སྨྲ་བརྗོད་རང་དབང་ཡོད་པའི་བགྲོ་གླེང་ཐོག། གྲོས་འཆར་བགྲོ་གླེང་ལངས་འདུག་གང་བྱས་ཀྱང༌༎ ཁྲིམས་དང་སྒྲིག་འགལ་མིན་པའི་ཚུལ་ལུགས་ཞུས༎

སུམ་སྟོང་བདུན་བརྒྱའི་འཐུས་མི་ཚོགས་ན་ཡང༌༎ གཏམ་བརྗོད་རང་དབང་མེད་པའི་གུང་ཁྲན་གྱི༎ གྲལ་བསྟར་འགྲིགས་པའི་སྣང་བརྙན་རྫུན་འབག་གིས༎ རང་དབང་བདེན་པའི་ཚོགས་རར་འགྲན་ནུས་མིན༎


གྲོས་ཚོགས་ལས་རིམ་བརྒྱ་སྟོང་དུ་མ་ལས༎ ཆ་ཤས་ཤིག་གི་རྐང་པ་ཙམ་ཞིག་ལ༎ ཐག་གཅོད་མ་བྱུང་རེ་ཞིག་ཕྱིར་འགྱངས་ཀྱང༌༎ ལས་རིམ་གཞན་དག་རྩ་བརླག་སོང་བ་མེད༎

བོད་རྒྱའི་ཟླའི་ཛ་དྲག་མེ་རླབས་འཕྱུར་བ་དང༌༎ འགག་ལ་ཐུག་པའི་རྩ་དོན་གཉན་འཕྲང་སྐབས༎ གཅིག་རྒྱབ་གཅིག་མཆོང་གནང་བའི་ལོ་རྒྱུས་ལས༎ ཕྱིར་བཀྱེད་བྱས་པའི་གཏམ་རྒྱུད་མེད་ཚུལ་གླེང༌༎

རྒྱང་རིང་ནུབ་ཕྱོགས་གནས་སྡོད་བོད་རིགས་ཚོ༎ མཉམ་དུ་འཛོམས་པའི་དགའ་སྟོན་གསོལ་ཚིགས་ཐོག༎ དྲན་རྟེན་མཚོན་པའི་འདྲ་པར་བཏབ་པ་དང༌༎ བྱུང་འདས་གཏམ་གྱི་སྒོ་མོ་ཅི་ཡང་ཕྱེས༎

སྐྱེས་ཡུལ་གཅིག་པའི་མི་དང་སྤུན་མཆེད་འགས༎ གདན་ཞུས་ངོ་ལྡོག་མ་ནུས་ཁྱིམ་དུ་སོང༌༎ ཁྲག་དྲི་བྲོ་བའི་གཞིས་ཀྱི་དྲག་གནོན་དང༌༎ མི་ཡུལ་འགྲིམས་པའི་ལོ་ཟླའི་རྒྱུད་རིམ་གླེང༌༎

ད་ནི་ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་ཟིན༎ ཤར་གླིང་ཡུལ་གྲུར་སྐྱ་རེངས་འཆར་ལ་ཉེ༎ གཉིད་ཀྱོགས་བརྒྱབ་ནས་མགོ་བོ་མི་ཐེག་པས༎ རྨི་ལམ་མགྲོན་པོའི་སྔོན་བརྡ་གཏོང་ན་རན༎

2009།11།15།མཚན་མོ་ ཆུ་ཚོད་ 12.30 ཐོག་བྷེལ་ཇམ་གྲོང་ཁྱེར་བྷ་ར་སིལ་(Brussel)སྤུན་ནོར་བུའི་ཁྱིམ་དུ་བྲིས།

བྷེལ་ཇམ་གྲོས་ཚོགས་འོག་མ།

མག་མོག་མཚན་གྱི་རྒྱལ་མོའི་ཕང་ཁ་ནས།། འཁྲུལ་སྣང་རྨི་ལམ་སྒྱུ་མའི་གར་ལ་བལྟས།། ཞོགས་པའི་སྐྱ་མདའ་རྣོན་པོས་དཀྲོགས་པ་དང༌།། ཞོགས་ཟས་ཟོས་ནས་མེ་འཁོར་ནང་དུ་ཞུགས།།

བྷ་རེལ་ཛི་ཡི་གྲོང་ཁྱེར་སླར་ཡང་གཤགས།། བྷེལ་ཇམ་གྲོང་ཁྱེར་འོག་མའི་ལས་ཁུངས་འགྲིམས།། ཟོལ་མེད་སྤྲོ་བའི་ཕེབས་གསུ་རྒྱསཀྱིས།། གཞུང་ལས་ཁང་དུ་མཉམ་མཛོམས་གོ་སྐབས་ཐོབ།།

མཐོ་སྒང་གང་ཀྱི་རྒྱལ་མོའི་དབུ་རྩེ་ལ།། དམར་པོའི་ཉི་ཟེར་འབར་བའི་མཇུག་སྣེ་ནས།། ཡར་ཀླུང་གཙང་པོའི་ཁྲག་རྒྱུན་མ་བསྐམས་པར།། ངུ་འབོད་རླབས་རིས་གཡོ་བའི་གནས་ཚུལ་ཞུས།།

སྒང་དྲུག་རི་སུལ་འཕར་སྤྱང་གཏུམ་པོས་གང༌།། རྨ་འབྲི་གཙང་པོའི་རླབས་རྒྱུན་ཁྲག་དང་འདྲེས།། ས་བྱི་ཞི་རྒོལ་ས་ཆེ་གཡོ་བའི་སྣེ།། དྲག་མཚོན་འཁོར་ལོ་བསྐོར་བའི་ལོ་རྒྱུས་ཞུས།།

གདོང་གི་བཤུ་སྐོག་བཙན་གྱིས་འཛུ་མ་ན་ཡང༌༎ མིག་གི་འཆི་མ་ངང་གིས་འབྱིན་པའི་ཚུལ།། མཐོང་ཚེ་གདུང་བའི་སེམས་པ་མཉམ་བསྐྱེད་ཀྱིས།། སེམས་གསོ་ཐེབས་པའི་གསུང་ལེན་དལ་གྱིས་འཇོ།།

བྱུང་འདས་བགྲངས་པའི་གཏམ་གླེང་ཟུར་དུ་འཇོག། ད་ལྟའི་དགོས་ངེས་ལག་བསྟར་རྩལ་དུ་བཏོན།། འབྱུང་འགྱུར་བརྟན་ལྷིང་ལྡན་པའི་འཆར་འགོད་བཅས།། བདེན་པའི་རྩོད་ལེན་རྒྱུན་འཁྱོངས་དགོས་ཚུལ་གླེང༌།།

སྐབས་ལ་བབ་ཅིང་གནད་ལ་འཁེལ་བ་ཡི།། ཨི་ཏྲ་ལི་ཡི་གྲོས་ཚོགས་ཁང་ཆེན་ནང༌།། ཡོབ་རོབ་གྲོས་ཚོགས་བོད་དོན་ཚོགས་ཆེན་ཐོག། བདེན་པའི་ཆ་རྐྱེན་གང་དགོས་ཞིབ་མོར་གླེང༌།།

ཕན་ཚུན་མཛའ་བའི་གསེར་ཐག་མ་གློད་པར།། གཞུང་ལས་ཁང་ནས་གྱེས་མཇལ་དལ་གྱིས་ཞུས།། ཕེབས་བསྐྱེལ་དང་བཅས་སྒོ་ཡི་ཕྱི་ལ་ཐོན།། ཕྱིར་མིག་ཅེར་བཞིན་གྲོས་ཚོགས་གོང་མར་ཉུལ།།

༢༠༠༩།༡༡།༡༦།ཉིན་གུང་བྷེལ་ཇམ་ཡོབ་རོབ་བོད་ཀྱི་དོན་གཅོད་ལས་ཁང་དུ་བྲིས།

བྷེལ་ཇམ་གྲོས་ཚོགས་གོང་མ། ༢༠༠༩།༡༡།༡༦།ཉིན་གུང།

མོ་ཏྲ་འགྲོ་འོང་འཚང་ཀ་ཆེ་ན་ཡང༌།། གྲོང་ཁྱེར་གཞུང་ལམ་ཁོར་ལག་ཧ་ཅང་ཡངས།། གྲང་ལྷག་བསིལ་བའི་མདའ་མོ་རྣོ་ན་ཡང༌།། གྲོས་ཚོགས་གོང་འོག་བར་ཐག་ཤིན་ཏུ་ཉེ།།

སེམས་ཀྱི་ཚོ་རིས་སྐྱོ་བས་གཟི་ན་ཡང༌།། ལྟད་མོ་མིག་གི་ལོངས་སྤྱོད་ཅི་བས་ཆེ།། དུས་ཀྱི་ཁུག་པའི་སྐར་ཆ་འགའ་ཡི་སྣེར།། བྷེལ་ཇམ་གྲོས་ཚོགས་གོང་མའི་སྒོ་འགྲམ་སླེབས།།

དུས་ཚིགས་བཀོད་བསྒྲིགས་སྔོན་ནས་བྱས་པ་ལྟར།། འབྲེལ་ཡོད་འཐུས་མིའི་གཞུང་ལས་ཁང་དུ་བཅར།། སྤྲོ་སེམས་འཁོལ་བའི་ཕེབས་གསུའི་སྣེ་ལེན་བཅས།། ལྷན་དུ་འཛོམས་པའི་གོ་སྐབས་ལྷུག་པོར་ཐོབ།།

གཞིས་ལུས་བོད་མིའི་བདེན་པའི་ཞི་རྒོལ་ལ།། དམར་པོའི་གཞུང་གི་མཚོན་ཆའི་དྲག་གནོན་དང༌།། དྲང་བདེན་མིན་པའི་མནར་གཅོད་འདྲ་མིན་འོག། བསད་བཟུང་རྡུང་བརྡེགས་བྱས་པའི་ལོ་རྒྱུས་གླེང༌།།

དགྱེ་ནས་མ་བསྡད་དཔྲལ་རིས་ས་ལ་དྲུད།། དགོད་ནས་མ་འཛུམ་མཆི་མས་གདོང་རིས་བརླན།། སྒེག་ནས་མ་འགྱིངས་ཐལ་མོ་སྙིང་ལ་བཀྲམས།། ལྷོད་ནས་མ་འདུག་རིག་པ་རྩད་ཀྱིས་བསྒྲིམས༎

བཤད་ན་རྫོགས་མཐའ་མེད་པའི་གནས་ལུགས་དང༌།། བསམ་ན་བཟོད་ཐབས་མེད་པའི་བརྙས་བཅོས་ཚུལ།། གྲོས་ཚོགས་འོག་མས་སྔར་ནས་མཁྱེན་ན་ཡང༌།། དྲན་གསོའི་མེ་ལྕེ་སླར་ཡང་ཐེངས་གཅིག་སྤར།།

གདུང་སེམས་མཉམ་དུ་བསྐྱེད་པའི་སེམས་ཁུལ་གྱིས།། ཁ་ཚ་ཁོག་ལ་གཏུགས་པའི་དོན་གྱི་གནད།། ད་ལྟར་དགོས་པའི་ལག་བསྟར་རྣོན་པོ་དང།། འབྱུང་འགྱུར་བརྟན་ལྷིངས་ལྡན་པའི་ལམ་སྟོན་གནང༌།།

ཚོགས་ལ་ཉེ་བའི་རམ་(Rome)གྱི་གྲོང་ཁྱེར་ནང༌།། ཡོབ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ལ།། དགོས་ངེས་རེ་བའི་བདེན་པའི་ཆ་རྐྱེན་ཁག། དོན་སྙིང་ལྡན་པའི་བཀའ་མོལ་ལྷུག་པོར་གནང༌།།

ལྷོད་མེད་བརྩེ་མདངས་མཚོན་པའི་གཏམ་མཇུག་སྣེར།། གྱེས་ཁའི་འཚམས་སྦྱོར་འདྲ་པར་བསྐྱོན་པའི་རྗེས།། གཞུང་ལས་ཁང་ནས་དལ་གྱིས་ཕྱི་ལ་ཐོན།། མོ་ཏྲའི་ནང་ནས་དོན་གཅོད་ཁང་ལ་བསྐྱོད།།

གཞུང་ཚབ་་ཁང་གི་ལས་བྱེད་ལྷན་དགྱེས་དང༌།། ལྷན་ཅིག་དགུང་ཟོས་གསོལ་སྟོན་གཤོམ་པའི་ཐོག། སྦི་སྦི་སི་ཡི་བརྙན་འཕྲིན་ལྟ་བའི་ཞོར།། གཞིས་བྱེས་བོད་དོན་གླེང་པའི་འུར་གྱིས་བཀང༌།།

ཐུན་གསུམ་མཚོན་མོར་དགེ་ཕྲུག་གཅིག་པའི་བུ།། སྦྱིན་པའི་ཁྱིམ་དུ་བསུས་ནས་སྲིང་མོའི་གཞས།། གཏོང་གིན་འདས་པའི་ལོ་ཟླའི་བྱུང་བ་གླེང༌།། མཚན་ཕྱེད་ཡོལ་རྗེས་ཉིན་ཐོ་བྲིས་ནས་ཉལ།།


༢༠༠༩།༡༡།༡༦།དགུང་མོར་སྦྱིན་པའི་ཁྱིམ་དུ་བྲིས།


ཨི་ཊ་ལིར་ཐེངས་དང་པོར་བསྐྱོད་པ། 2009།11།10། མཚན་མོར།

སྤྲ་དང་སྤྲེ་འུའི་འཚང་ཁ་ཆེ་བ་ཡི༎ དྷ་སའི་ནགས་ཀླུང་རེ་ཞིག་གྱེས་མཇལ་བྱས༎ མོ་ཊའི་ནང་ནས་པ་ཊམ་ཀོ་ཊའི་བརྒྱུད༎ ཨེ་སི་མེ་འཁོར་འགྲིམས་ནས་ལྡི་ལིར་འབྱོར༎

དོན་གཅོད་ཁང་ནས་མཐོང་ཁྱེང་ལག་འཁྱེར་འབྱོར༎ གོ་སྒྲིག་པ་ལས་གནམ་གྲུའི་པ་སེ་བླངས༎ ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་ཏག་ཏག་ལ༎ བསམ་ཡས་གླིང་ནས་ལྡི་ལི་གནམ་ཐང་འགྲིམས༎

དེ་སྔོན་ནུབ་ཕྱོགས་ཨ་རིར་སློབ་དཔོན་དང༌༎ འཇར་མན་དབྱིན་ལོན་སོགས་སུ་བསྐྱོད་པའི་སྐབས༎ ཨ་གསར་འགྲོ་རླུང་ལངས་པོའི་འཚུབ་མ་ཡིས༎ སེམས་ཀྱི་ཚོར་སྣ་འཁྲུག་པ་ཉུང་ཉུང་མིན༎

ད་ནི་ལངས་ཚོའི་འཕེལ་ཁ་གྲིབས་པ་དང༌༎ རྒྱུན་ལྡན་འགྲོ་བསྐྱོད་མང་བས་སུན་ན་ཡང༌༎ ཤིན་ཏུ་གལ་ཆེའི་འགྲོ་དོན་ལྡན་པས་ན༎ ཐེངས་འདིའི་ཕྱོགས་བསྐྱོད་སྤྲོ་བ་ཅི་བས་བརྟས༎

ཤར་ནུབ་རྒྱལ་མཚམས་Tukiཊུ་ཀི་གནམ་གྲུ་ན༌༎ ས་གཞི་གློག་གི་སྐར་ཚོགས་བཀྲམས་པའི་འཚོམས༎། ཁད་ཀྱིས་གཤོག་ནས་གནམ་གྱི་མཐོངས་ན་འཛེགས༎ གནམ་གྱི་སྐར་མའི་གྲལ་གསེབ་ཤུགས་ཀྱིས་འཕུར༎

མཚོ་དང་མཚེའུས་འགྲོ་ལ་མ་མ་བཀག་ཅིང༌༎ རི་དང་བྲག་གིས་འཕུར་ལམ་མ་སྒྲིབ་པར།། སྤྲིན་དང་སྨུག་པོའི་འབབ་སྟེགས་ལས་འགངས་ཏེ༎ གནམ་སྔོན་མཐོངས་ནས་ཏུ་ཀི་གནམ་ཐང་འབྱོར༎

ཡོབ་དངུལ་འགྲོ་རྒྱུག་ཆེ་བའི་ཤར་གླིང་གི༎ ཏུ་ཀི་གནམ་ཐང་ཁོར་ལག་ཤིན་ཏུ་ཡངས༎ འཕུར་བསྐྱོད་གནམ་གྲུ་འཚང་ཁ་ཅི་བས་ཆེ༎ ཚོང་དང་ཟ་ཁང་འདུ་ལོངས་གཞན་ལས་བྲེལ༎

རྗེས་མའི་གནམ་གྲུ་ཆུ་ཚོད་དྲུག་ལ་སྒུག། མདང་གི་ནུབ་མོར་གཉིད་ཀྱི་གོ་སྐབས་བརླགས༎ ད་ནི་གཉིད་ནས་མགོ་བོ་མི་ཐེག་ཀྱང༌༎ མི་ཚོགས་གསེབ་ཏུ་གཙོག་ནས་བསྡད་ཁུལ་བྱས༎

སྒྲིག་གིས་བཀོད་པའི་དུས་ཚིགས་ཟིན་པ་དང༌༎ ཊུ་ཀི་ཡུལ་ནས་གནམ་གྱི་མཐོངས་ན་མཛེགས༎ ཟུར་བཞི་སྒོར་བའི་སྒེར་ཁུང་ཆུང་ཆུང་ནས༎ གྲོང་གི་བཀོད་པ་རི་མོ་ཇི་བཞིན་མཐོང༌༎

ཐོགས་མེད་གནམ་གྱི་དགུ་ཚིགས་ཤུགས་ཀྱིས་གཤགས༎ ཤར་མཐའ་ཊུ་ཀི་རྒྱལ་མཚམས་ཧད་ཀྱིས་བརྒལ༎ སྤྲིན་དང་སྨུག་པ་འཐུག་པོའི་བར་སྲུབ་ནས༎ ཨི་ཊ་ལི་ཡི་གདོད་མའི་རྒྱ་མཚོ་མཐོང༌༎

ཉིན་བྱེད་འོད་སྣང་ནུབ་ནས་དལ་གྱིས་ནུབ༎ དགུང་ཐུག་ ལྷུག་པོར་རོལ་བའི་གྲ་བསྟར་ཁྲོད༎ འདས་དང་ད་ལྟ་མ་འོངས་ཚོད་དཔག་གིས༎ ཅི་མ་ཡིན་ལ་ཆུ་ཚོད་ཁ་ཤས་བསྐྱལ༎

ད་ནི་མཚན་མོ་ཆུ་ཚོད་བཅུ་གཉིས་རེད༎ གནམ་ས་བར་སྣང་འགྲིམས་པའི་ཉོབ་སྣང་གིས༎ གཉིད་ཀྱོགས་བརྒྱབ་ནས་མགོ་བོ་མི་ཐེག་པས༎ ད་ནི་ཉལ་ནས་རྨི་ལམ་སྒུག་ན་རན༎ 2009།11།11། མཚན་མོར་ཆུ་ཚོད་ 12་ ཐོག ཨི་ཊ་ལི་རམ་གྱི་གྲོང་ཁྱེར་དུ་ཡོད་པའི་དགའ་བྱང་ཆོས་ཚོགས་ནང་དུ་བྲིས།