བུད་མེད་ཚོ་མགོན་ཁང་ངམ་བཙན་ཁང་དུ་སོང་མི་ཆོག་པའི་རྒྱུ་མཚན་

ཡོང་ཁུངས་Wikipedia

བུད་མེད་ཚོ་མགོན་ཁང་དུ་འཛུལ་མི་རུང་བའི་རྒྱུ་མཚན་རྣམ་པ་གསུམ་གྱི་སྒོ་ནས་འཆད་ན། དེ་ཡང་། དང་བོ་སངས་རྒྱས་ཀུན་གྱི་མཐུ་སྟོབས་ནུས་པའི་བདག་ཉིད་རྒྱལ་བསྟན་སྒྲུབ་བརྒྱུད་སྙིང་བོ་དཔལ་ལྡན་ཆོས་སྐྱོང་བའི་སྲུང་མ་རྣམས་སྤྱིར་ཞི་རྒྱས་དབང་དྲག་གི་ལས་བཞི་འགྲུབ་པའི་འཕྲིན་ལས་ཀྱི་ནུས་མཐུ་ཆེ་ཞིང་། བསམ་གྱིས་མི་ཁྱབ་པ་ཡིན་པའི་ཁར། ལྷག་པར་བསྟན་པ་སྤྱི་ལ་གནོད་པའི་དགྲ་བགེགས་རུ་ཏྲ་བསྒྲལ་བའི་དྲག་པོ་མངོན་སྤྱོད་ཀྱི་ལས་ལ། འཕྲིན་ལས་ཡིད་ལྟར་མགྱོགས་པ། མདའ་ལྟར་རྒྱུག་པ། གློག་ལྟར་མྱུར་བ། མེ་ལྟར་ཚ་བ། ཐོག་ལྟར་འབབ་པ། རི་ལྟར་ལྕི་བ་ཡོད་པས། བསྟན་སྲིད་ལ་གནོད་པའི་དགྲ་བགེགས་གང་རུང་ཞིག་ཆོས་སྐྱོང་གི་གནས་ཁང་དུ་བསླེབ་ན་སྲོག་རྩ་ལོས་གཅད། དཔེར་ན། བསྟན་པའི་རུ་ཏྲ་ཞིག་མ་ཡི་མངལ་ན་ཡོད་པའི་སྐབས་ཡིན་ན་ཡང་། གལ་སྲིད་མ་དེ་མགོན་ཁང་དུ་འཛུལ་ཞིང་བཞུགས་ན་བསྟན་པའི་རུ་ཏྲའི་སྐྱེ་བ་མངལ་ན་ཡོད་པའི་བུ་འདིའི་སྲོག་ལེན་པ་དང་། ཡང་ཕྱིས་སུ་མ་རུང་བའི་བུ་བཙའ་རྒྱུ་ཡིན་པར་དུས་གསུམ་མཁྱེན་པའི་ཡེ་ཤེས་སྤྱན་དང་མངོན་ཤེས་ཀྱིས་གཟིགས་ན་བུ་སྣོད་ཀྱི་མངལ་ཡང་སྐམ་པར་གཏང་བར་མ་ཟད། མའི་ཚེ་སྲོག་ལ་ཡང་གནོད་པ་ཡོད་པའི་རྒྱུ་མཚན་སོགས་ལ་བརྟེན་ནས་བུད་མེད་མགོན་ཁང་དུ་འཛུལ་མི་རུང་བ་དང་།

གཉིས་པ་བསྟན་སྲིད་ལ་ཤ་ཞེན་ཆེ་བའི་བླ་མ་རིག་པ་འཛིན་པ་རྣམས་ཀྱིས་བསྟན་སྲིད་བསྲུང་བའི་སླད་དུ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་གནས་ཁང་བཅའ། གཉེར་ཁ་གཏད། འཕྲིན་ལས་བཅོལ་བ་སོགས་མཛད་པས། བསྟན་པའི་གཞི་མ་སོ་ཐར་སྡོམ་པ་ཉམས་པའམ་གཞིག་པའི་རྒྱུ་གཙོ་བོ་བཞི་ཡི་ཡ་གྱལ་མི་གཙང་བ་སྤྱོད་པའི་རྐྱེན་དེ་བུད་མེད་དང་ལུས་འབྲེལ་བ་ལས་གཙོ་བོར་འབྱུང་བས། དེ་ལྟ་བུར་གྱུར་བའི་བུད་མེད་སྐྱོན་ལྡན་ཞིག་མགོན་ཁང་དང་གནས་ཁང་ནང་འོང་ན། བསྟན་པ་ལ་མཐོ་བརྩམས་པའི་ཆད་པ་ཆོས་སྐྱོང་བ་རྣམས་ཀྱིས་བཀལ་འོང་སྙམ་ནས། རིག་པ་འཛིན་པ་བླ་མ་སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱིས་བརྩེ་བའི་ཐུགས་ཀྱིས་གཟིགས་ནས་སྤྱིར་སྐྱེ་བ་དམན་པའི་བུད་མེད་ཀྱི་རིགས་མགོན་ཁང་ནང་འཛུལ་མི་རུང་བར་བཀག་བཞག་མཛད་པ་དང་།

གསུམ་པ་སྤྱིར་སྐྱེ་གྲིབ་དང་། ཤི་གྲིབ། བག་གྲིབ། ཡུག་གྲིབ། བཙོག་གྲིབ། མཛེ་གྲིབ། ཉམས་གྲིབ་རྣམས་དུག་བཞིན་དུ་གནོད་ཚབས་ཧ་ཅང་ཆེ་བས། སྤྱིར་བློ་སེམས་ཆོས་དང་ལྡན། ལས་རྒྱུ་འབྲས་དམ་ཚིག་ཁྲེལ་དང་ངོ་ཚ་སོགས་ཤེས་པ། མདོར་ན་བུད་མེད་ཡང་དག་པ་ཞིག་ཡིན་ན་ཞུ་བ་དབེན། དེ་མ་ཡིན་པའི་བུད་མེད་འདོད་སྤྱོད་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་སྤྱོད་པ། དཔེར་ན། སྨད་འཚོང་ལྟ་བུ་ཞིག་ཡིན་ན་ཉེས་སྐྱོན་ཧ་ཅང་མང་བར་བརྟེན། ཤིན་ཏུ་བཀའ་གཉན་པའི་ཆོས་སྐྱོང་བའི་མགོན་ཁང་དུ་འཛུལ་ན། ཆོས་སྐྱོང་སྲུང་མ་རྣམས་ལ་བཙོག་གྲིབ་དང་བག་གྲིབ་སོགས་ཕོག་སྟེ། སྤྱིར་ཆོས་སྐྱོང་སྲུང་མ་རྣམས་ཐུགས་ཁྲོས་ཤིང་བསྟན་སྲིད་སྲུང་བའི་འཕྲིན་ལས་ཀྱང་མ་མཛད་པར་གཞག་པ་དང་། སྒོས་སུ་བུད་མེད་དེ་ལ་གནོད་ཐེབས་པ་དང་། གཞན་ཡུལ་གྱི་ཕྱོགས་དང་ཕྱོགས་སུའང་ལྟས་ངན་གྱི་ཆོ་འཕྲུལ་འདྲ་མིན་སྣ་ཚོགས་བསྟན་ནས། འཇིག་རྟེན་ཕུང་བའི་རྐྱེན་དུ་མ་བྱུང་བ་ཡིན་པས་བུད་མེད་རྣམས་དེ་ལྟར་བཀག་པ་ཡིན་ནོ།།

སྤྱིར་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་འགྲོ་བ་ལ་ཉེ་རིང་དང་ནུས་མཐུ་ཆེ་ཆུང་སོགས་ཀྱི་ཐུགས་བཞེད་མེད་ཀྱང་། བར་རྐྱེན་བཙོག་གྲིབ་དེ་དག་གིས་གྲིབ་ཅིང་། ཚངས་སྤྱོད་ལྡན་པའི་གྲྭ་བཙུན་དང་། གཞན་ཡང་ཡོན་བདག་སྐྱེ་བོ་ཕོ་མོ་ཀུན་གྱི་བར་ཆད་སེལ་བ་དང་། དངོས་སྒྲུབ་སྟེར་བ་སོགས་ལ་གྲིབ་པ་དང་། གཞན་ཡང་ནུས་མཐུ་ཉམས་ཤིང་བསྟན་པའི་བྱ་བ་རླབས་ཆེན་ལ་བར་ཆད་ཆེན་པོ་མཛད་པ་ཡིན་ཏེ། དཔེར་ན། ཉི་མའི་རང་བཞིན་ལ་འཕེལ་སྒྲིབ་ཀྱི་རྣམ་བཞག་མེད་ཀྱང་། བར་རྐྱེན་སྤྲིན་ཡོད་མེད་ཀྱི་ཁྱད་པར་ལས་ས་སྟེང་ལ་དྲོད་ཐོན་མི་འཐོན་གྱི་ཁྱད་པར་བཞིན་ནོ།།

དེའི་ཕྱིར་བཀའ་གཉེན་ཆོས་སྲུང་རྣམས་ལ་གྲིབ་སྐྱོན་བསྲུང་བའི་ཕྱིར། སྤྱིར་བུད་མེད་ཡོད་དོ་ཅོག་ལ་གྲིབ་མེད་ཀྱང་། གྲིབ་སྐྱོན་ཡོད་པའི་རིགས་རྣམས་གཞོམ་ཕྱིར་སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱིས་བཀག་གནང་མཛད་པ་ལགས་ཀྱི། ཕོ་མོའི་མཐོ་དམན་དང་། ཆགས་སྡང་ཕྱོགས་རིས་ཀྱི་ངང་ནས་བུད་མེད་མགོན་ཁང་དང་གནས་ཁང་དག་ལ་འཛུལ་མི་རུང་ཞེས་བཀག་བཞག་མཛད་པ་ཞིག་རྩ་བ་ནས་མ་ཡིན་པ་ཀུན་གྱི་ཐུགས་ལ་འཇགས་པར་འཚལ་ལོ།། འདི་དག་ལ་རྒྱུ་མཚན་ཡང་དག་ཞིག་མ་མཐོང་ངོ་།།