བུད་མེད་ཁག་གཅིག་ལ་ཕྲུ་གུ་མི་འཁོར་བའི་རྒྱུ་མཚན་

ཡོང་ཁུངས་Wikipedia

ལང་ཚོ་རྒྱས་ཤིང་དར་ལ་བབས་པའི་ཕོ་མོ་གཉེན་སྒྲིག་བྱས་རྗེས་སྦྲུམ་འགོག་གི་ཐབས་ཅི་ཡང་མ་སྤྱད་པར་ལོ་གཉིས་ཙམ་ལ་མངལ་མི་འཁོར་ཚེ། རྒྱུ་རྐྱེན་གསལ་པོ་བཙལ་ཏེ་གང་ལ་གང་འཚམ་གྱི་སྒོ་ནས་སྨན་བཅོས་བྱས་ན་མངལ་འཁོར་སྲིད། མངལ་མི་འཁོར་བ་ནི་ཕོའམ་མོ། ཡང་ན་ཕོ་མོ་གཉིས་ཀའི་ཐུན་མོང་གི་ནད་ཅིག་ཡིན། བརྟག་དཔྱད་བྱས་པ་ལྟར་ན། བུད་མེད་ཀྱི་དབང་གིས་མངལ་མི་འཁོར་བ་60%དང་། སྐྱེས་པའི་དབང་གིས་མངལ་མི་འཁོར་བ་30% ཕོ་མོ་གཉིས་ཀའི་ཐུན་མོང་གི་དབང་གིས་མངལ་མི་འཁོར་བ་10%ཙམ་ཟིན་གྱི་ཡོད།

དེས་ན་མངལ་མི་འཁོར་བའི་རྒྱུ་རྐྱེན་བུད་མེད་ཀྱི་ངོས་ནས་བརྗོད་ན།[རྩོམ་སྒྲིག]

ཁམས་འདྲེན་སྦུ་གུའི་འཚར་སྐྱེ་ཞན་པའི་རྐྱེན་གྱིས་དེའི་བྱེད་ལས་རྒྱུན་ལྡན་མིན་པས། ཁམས་དམར་འདྲེན་མི་ཐུབ་པ་ནི་ཆེས་རྒྱུན་མཐོང་གི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཞིང་། དེ་མིན་ཁམས་འདྲེན་སྦུ་གུར་གཉན་ཚད་ཡོད་ཚེ་ཁམས་དཀར་དམར་རྒྱུག་མི་ཐུབ་པས་མངལ་ཡང་མི་འཁོར། བསམ་སེའུ་ནི་ཁམས་དམར་གྱི་འབྱུང་གནས་ཡིན་སྟབས་དེར་གཉན་ཁ་རྒྱས་ན་ཁམས་དམར་སྨིན་མི་ཐུབ་ཅིང་སྨིན་ཡང་ཕྱིར་ཕུད་མི་ཐུབ་པས་མངལ་མི་འཁོར། མངལ་སྐྲན་དང་བུ་སྣོད་ནང་སྐྱིར་ཚ་བ་རྒྱས་པ་སོགས་ཀྱིས་མངལ་མི་འཁོར་བ་མང་། མངལ་ཁ་དོག་པའམ་མངལ་ཁར་ནད་ཡོད་ཚེ་སྐྱེས་པའི་ཁམས་དཀར་མངལ་ནང་རྒྱུག་མི་ཐུབ་པས་མངལ་མི་འཁོར། གཞན་ཡང་ད་དུང་། མངལ་ལམ་ལ་གཉན་ཚད་རྒྱས་པ་སོགས་མངལ་ལམ་གྱི་དབང་གིས་མངལ་མི་འཁོར་བའང་ཡོད།

སྐྱེས་པའི་ངོས་ནས་བཤད་ན།[རྩོམ་སྒྲིག]

རྐྱེན་སྣ་ཚོགས་ཀྱི་དབང་གིས་སྐྱེས་པར་ཁམས་དཀར་མེད་པའམ་ཉུང་བ། ཡང་ན་འཛག་པའམ་ཁམས་འདྲེན་སྦུ་གུར་སྐྱོན་ཡོད་པ། ཕོ་མཚན་མི་ལྡང་བ་བཅས་ལས་སྐྱེས་པའི་ཁམས་དཀར་བུད་མེད་ཀྱི་མངལ་ལམ་དུ་འགྲོ་མི་ཐུབ་པ་སོགས་ཡིན། ཕོ་མོ་གཉིས་ཀའི་ཐུན་མོང་གི་རྐྱེན་ནི་བཟའ་ཟླ་གཉིས་ཀར་ཕྲུ་གུ་དགོས་འདོད་པའི་རེ་བ་ཆེ་དྲགས་པས་སེམས་འཚབ་པ་བཅས་ལས་བྱུང་། དེའི་ཕྱིར་གཉེན་སྒྲིག་བྱས་ནས་ལོ་གཉིས་ཙམ་སོང་ཡང་ད་དུང་མངལ་མི་འཁོར་ན་ཕོ་མོ་གཉིས་ཀར་ཕྱོགས་ཡོངས་ནས་བརྟག་དཔྱད་ཡག་པོ་བྱས་ཏེ་མངལ་མི་འཁོར་བའི་རྒྱུ་རྐྱེན་གསལ་པོར་འཚོལ་བ་ནི་ནད་འདི་བཅོས་པའི་ཐབས་ཤེས་གཙོ་བོ་ཡིན།