Jump to content

བསྲུང་སེམས་

ཡོང་ཁུངས་Wikipedia

བསྲུང་སེམས་ཞེས་པ་ནི་བདག་གཞན་བརྗེ་བའི་སྒོམ་ཚུལ་དང་འབྲེལ་བའི་གལ་ཆེའི་ཐ་སྙད་ཅིག་ཡིན་ནོ།། འདི་ནི་གཞན་གྱི་སེམས་ཅན་རྣམས་ལ་སྡུག་བསྔལ་ལས་སྲུང་སྐྱོབ་བྱེད་པའི་སེམས་པ་དང་། དེ་དག་གི་བདེ་སྐྱིད་ལ་དམིགས་ནས་སྙིང་རྗེའི་སེམས་སྐྱེ་བའི་ཚུལ་ལ་གོ་དགོས་སོ།།

སྒྲ་བཤད།

[རྩོམ་སྒྲིག]

སེམས་ཞེས་པ་ནི་བློ་དང་བསམ་པའི་དོན་དང་བསྲུང་ནི་གཞན་སྡུག་བསྔལ་དང་གནོད་པ་ལས་ཐར་བར་བྱེད་པ་དང་། དེ་ལས་སྐྱོབ་བྱེད་པས་སེམས་བསྲུང་ཞེས་དེ་ལྟར་བརྗོད་དོ། །

ནང་དོན།

[རྩོམ་སྒྲིག]

གོམས་པའི་ནུས་པ། "གོམས་པར་བྱས་པ་ཡིས་ནི་གཞན་ཕ་དང་མ་དག་གི་ཁུ་བ་དང་ཁྲག་གི་ཐིགས་པ་འདྲེས་ཤིང་སྨིན་པ་དེ་ལ་བདག་གི་བའི་དངོས་པོ་ཉིད་དུ་གྲུབ་པ་མེད་པར་གྱུར་ཀྱང་། ནི་སྔར་བར་དོ་ནས་འོངས་པའི་ཤེས་པའི་རྒྱུན་དེས་བདག་གི་ལུས་སོ་སྙམ་དུ་འཛིན་པའི་བློ་ཉེ་བར་གོམས་པའི་སྟོབས་ལས་ཕྱིས་རང་གི་ངང་གིས་བདག་གོ་ཞེས་སམ་བདག་གི་ལུས་སོ་ཞེས་ནི་ཤེས་ཤིང་འཛིན་པ་ལྟར།"[]ཞེས་རང་གི་ལུས་ལ་བདག་གི་ལུས་སུ་འཛིན་པ་ནི་དངོས་སུ་བདག་གི་ལུས་ཡིན་པའི་ཕྱིར་མ་ཡིན་པར། གོམས་པའི་སྟོབས་ཙམ་གྱིས་དེ་ལྟར་འཛིན་པ་ཡིན་པས། དེ་བཞིན་དུ་གཞན་ལ་ཡང་གོམས་པ་བྱས་ན་བདག་གི་ལུས་བཞིན་དུ་འཛིན་ནུས་པ་ཡིན་ནོ། ། བསྲུང་སེམས་སྒོམ་ཚུལ། "དེས་ན་གཞན་ཕན་གྱི་བསམ་སྦྱོར་ལ་གོམས་དགོས་པ་དཔེ་དང་བཅས་པ་ནི། གཞན་བདག་ཏུ་བླང་རིགས་ཤིང་ནུས་ལ་ཕན་ཡོན་ཡོད་པ་དེ་བས་ན་ཇི་ལྟར་མི་འདོད་པའི་སྡུག་བསྔལ་ཆུང་ངུའམ་ཐ་ན་ཚིག་ཅི་སྙན་པ་ཙམ་འབྱུང་བ་ལས་ཀྱང་བདག་ཉིད་སྲུང་བར་བྱེད་པའམ་བསྲུང་བ་དེ་བཞིན་དུ་"[]ཞེས་རང་ཉིད་ལ་ཚིག་མི་སྙན་པ་ཙམ་འབྱུང་བ་ལས་ཀྱང་བདག་ཉིད་སྲུང་བར་བྱེད་པ་བཞིན་དུ། གཞན་ལ་ཡང་དེ་འདྲའི་བསྲུང་སེམས་སྐྱེ་དགོས་པར་བསྟན་ཏོ། །

འགྲོ་བ་ལ་བསྲུང་སེམས་སྒོམ་པ།

[རྩོམ་སྒྲིག]

"དེ་བཞིན་དུ་འགྲོ་བ་རྣམས་ལའང་སྡུག་བསྔལ་འབྱུང་བ་ལ་བསྲུང་སེམས་དང་བྱུང་བ་ལ་དེ་དང་འབྲལ་འདོད་ཀྱི་སྙིང་རྗེའི་སེམས་ནི་གོམས་པར་བྱ་བའམ་ཡང་ན་ཚེ་འདིའི་གནོད་པ་ལ་བསྲུང་སེམས་དང་ཕྱི་མའི་སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང་རྗེའི་སེམས་ནི་གོམས་པར་བྱ་དགོས་སོ་"[]ཞེས་སེམས་ཅན་རྣམས་ལ་ཚེ་འདིའི་གནོད་པ་དང་ཕྱི་མའི་སྡུག་བསྔལ་ལས་སྲུང་སྐྱོབ་བྱེད་པའི་སེམས་དང་། དེ་དང་འབྲལ་བར་འདོད་པའི་སྙིང་རྗེའི་སེམས་གོམས་པར་བྱ་དགོས་པར་གདམས་པ་ཡིན་ནོ། །

ཕན་ཡོན།

[རྩོམ་སྒྲིག]

རིགས་པ་དང་ནུས་པ། "བདག་གཞན་མཉམ་པ་དེ་བས་ན་ཇི་ལྟར་ཆུང་ངུ་ན་མི་སྙན་ལས་ཀྱང་བདག་བསྲུང་བ་དེ་བཞིན་དུ་གཞན་ལ་བསྲུང་སེམས་དང་སྙིང་རྗེའི་སེམས་ནི་དེ་ལྟར་བྱའོ། །"[]ཞེས་གཞན་ལ་བསྲུང་སེམས་སྐྱེ་བ་ནི་རིགས་པ་དང་ལྡན་ཞིང་ནུས་པ་ཡོད་པ་མ་ཟད། ཕན་ཡོན་ཡང་ཆེན་པོ་ཡོད་པའི་ཕྱིར་དེ་ལྟར་གོམས་པར་བྱ་དགོས་སོ། །
"ཕན་ཡོན་མཐའ་ཡས་པ་ཡོད་པ་དེ་བས་ན་ཇི་ལྟར་ཆུད་དུ་ན་ཚིག་མི་སྙན་པ་ལས་ཀྱང་བདག་བསྲུང་བ་དེ་བཞིན་དུ་འགྲོ་བ་ལ་སྡུག་བསྔལ་ལས་བསྲུང་སེམས་དང་སྙིང་རྗེའི་སེམས་ནི་གོམས་པར་བྱའོ། །"[]ཞེས་གཞན་གཅེས་པར་འཛིན་པའི་ཕན་ཡོན་མཐའ་ཡས་པ་ཡོད་པས། ཚིག་མི་སྙན་པ་ལས་ཀྱང་བདག་བསྲུང་བ་བཞིན་དུ་གཞན་ལ་བསྲུང་སེམས་དང་སྙིང་རྗེའི་སེམས་གོམས་པར་བྱ་དགོས་པར་བསྟན་ཏོ། །

མཚུངས་པར་སྦྱོར་བ།

[རྩོམ་སྒྲིག]

"དེས་ཇི་ལྟར་གནོད་པ་ཆུང་ངུ་ཐ་ན་ཅུང་ཟད་ཉེས་སོ་ཞེས་ཚིག་མི་སྙན་པ་ལས་ཀྱང་བདག་བསྲུང་ཞིང་སྐྱོང་པ་དེ་བཞིན་དུ་གཞན་འགྲོ་བ་སེམས་ཅན་རྣམས་ལ་བསྲུང་བའི་སེམས་དང་དེ་ལྟ་བུའི་སྙིང་རྗེའི་སེམས་ནི་གོམས་པར་བྱའོ། །"[]ཞེས་རང་ཉིད་ལ་གནོད་པ་ཆུང་ངུ་ལས་ཀྱང་སྲུང་སྐྱོབ་བྱེད་པ་བཞིན་དུ། གཞན་སེམས་ཅན་ལ་ཡང་དེ་དང་འདྲ་བའི་བསྲུང་སེམས་དང་སྙིང་རྗེའི་སེམས་སྐྱེ་དགོས་པའི་རྒྱུ་མཚན་མཚུངས་སྦྱོར་བྱས་པ་ཡིན་ནོ། །

སྙིང་རྗེ་དང་བྱམས་པའི་འབྲེལ་བ།

[རྩོམ་སྒྲིག]

"རྣམ་བཤད་ལས། སྙིང་རྗེ་ནི་བསྲུང་སེམས་དང་ཟློས་པས་བྱམས་པའི་སེམས་ནི་ཞེས་པ་ཡིན་ནོ་ཞེས་སོ། །"[]ཞེས་བསྲུང་སེམས་ནི་སྙིང་རྗེ་ཞེས་ཀྱང་ཐ་སྙད་བྱེད་ལ། དེ་དང་ཟླ་མཉམ་དུ་བྱམས་པའི་སེམས་ཀྱང་གོམས་པར་བྱ་དགོས་པའི་གནད་ཀྱང་དེ་ཡིན་ནོ། །

གོམས་པའི་སྤྱོད་ཡུལ།

[རྩོམ་སྒྲིག]

"དེ་ཇི་ལྟར་ན་བླང་བར་བྱ་བ་ཡིན་ཞེ་ན། གོམས་པ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་བཞིན་དུ་བརྗོད་པའི་རིམ་པས་འདིར་དངོས་པོ་གོམས་པའི་སྤྱོད་ཡུལ་དུ་འགྱུར་བ་ནི་དཀའོ་ཞེས་པའི་བློ་བསྐྱེད་པར་མི་བྱ་སྟེ།"[] ཞེས་བསྲུང་སེམས་གོམས་པར་བྱས་ན་ནུས་པ་ཡོད་པས། དཀའ་ལས་ཞེས་བློ་སྐྱེད་མི་དགོས་པའི་གཏན་ཚིགས་བསྟན་ཏོ། །

གནོད་འཚེ་ལས་སྲུང་བ།

[རྩོམ་སྒྲིག]

"འདོད་པ་ནི་མངོན་པར་འདོད་པའི་དངོས་པོ་ཐོབ་པའི་ཆེད་དུ་གདུང་བ་སྟེ། སེམས་ཀྱི་ཆོས་ཡིན་པའམ་ལུས་ཀྱི་སྡུག་བསྔལ་ཡིན་པ་ནི་དཔེར་ན་འགོ་བའི་ནད་ལྟ་བུའོ། མྱ་ངན་ནི་སྡུག་བསྔལ་དང་བྲལ་བ་ལ་སོགས་པས་བྱས་པའི་སྡུག་བསྔལ་ལོ། སོགས་པའི་སྒྲས་ནི་ལུས་དང་སེམས་ཀྱི་སྡུག་བསྔལ་གཞན་བཟུང་ངོ། །"[]ཞེས་ཉམ་ཐག་དང་མྱ་ངན་སོགས་ལུས་སེམས་ཀྱི་སྡུག་བསྔལ་སྣ་ཚོགས་ལས་སེམས་ཅན་རྣམས་སྲུང་སྐྱོབ་བྱེད་པའི་ཚུལ་བཤད་ཡོད་དོ། །

བསྡུས་དོན།

[རྩོམ་སྒྲིག]

བསྲུང་སེམས་ནི་རང་ཉིད་ལ་གནོད་པ་ལས་སྲུང་སྐྱོབ་བྱེད་པ་བཞིན་དུ་གཞན་གྱི་སེམས་ཅན་རྣམས་ལའང་དེ་དང་འདྲ་བའི་སྲུང་སྐྱོབ་ཀྱི་སེམས་པ་སྐྱེ་བར་བྱེད་པའི་ཐབས་དང་། གོམས་པའི་སྟོབས་ཀྱིས་རང་གི་ལུས་ལ་བདག་ཅེས་འཛིན་པ་བཞིན་དུ། གཞན་ལ་ཡང་བདག་ཅེས་འཛིན་ནུས་པས། དེ་ལྟར་གོམས་པར་བྱས་ན་གཞན་ལ་བསྲུང་སེམས་དང་སྙིང་རྗེའི་སེམས་སྐྱེ་ནུས་པ་དང། འདི་ནི་ཚིག་མི་སྙན་པ་ལས་ཀྱང་རང་ཉིད་སྲུང་བ་བཞིན་དུ། གཞན་ལ་ལུས་སེམས་ཀྱི་སྡུག་བསྔལ་སྣ་ཚོགས་ལས་སྲུང་སྐྱོབ་བྱེད་པའི་སེམས་པ་རིམ་གྱིས་འཕེལ་བར་འགྱུར་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ནོ།།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  7. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  8. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  9. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།