བསྟོད་པ་ཆུ་འཛིན་དཀར་པོ་མ།
མཐོང་རིས་
བསྟོད་པ་ཆུ་འཛིན་དཀར་པོ་མ།
[རྩོམ་སྒྲིག]རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
ཨོཾ་བདེ་ལེགས་སུ་གྱུར་ཅིག
ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན། །
མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །
དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན། །
རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །
པད་མའི་བཞིན་ལ་གཡོ་ལྡན་བུང་བའི་མིག །
མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན། །
རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། །
ད་དུང་བདག་ལ་ངག་གི་དངོས་གྲུབ་སྩོལ། །
རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །
མིག་གིས་བལྟ་བས་མི་ངོམ་ཡིད་འཕྲོག་མ། །
མ་ལྟར་བརྩེ་བ་ཁྱེད་ཀྱིས་བདག་གི་ངག །
ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད། །
སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། །
ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན། །
ཟབ་ཡངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ། །
དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད། །