Jump to content

བསྙེན་བཀུར་

ཡོང་ཁུངས་Wikipedia

བསྙེན་བཀུར་ཞེས་པ་ནི་བོད་ཀྱི་ཆོས་ཚིག་ཏུ་ཕྱག་འཚལ་བ་དང་མཆོད་པ་འབུལ་བ། མཐོང་ཆེན་དུ་འཛིན་པ། གུས་པ་ཞུ་བ་སོགས་ཀྱི་དོན་དུ་ཤུགས་ཆེ་བར་སྤྱོད་པ་ཞིག་ལ་གོ་དགོས།

རྒྱས་འགྲེལ།

[རྩོམ་སྒྲིག]

བསྙེན་བཀུར་ཞེས་པ་འདིར་གནད་འགག་གི་དོན་དུ་སྤྱོད་འཇུག་གི་དཀའ་གནད་ཞིག་ལ་བརྟེན་ནས་བཤད་པ་ཡིན། སེམས་བསྐྱེད་པའི་དུས་སུ་སེམས་ཅན་ཐམས་ཅད་ལ་བདེ་བ་ཐོབ་པར་འདོད་པ་ཞེས་དམ་བཅས་ཤིང་ཁས་བླངས་ཀྱང་། འོན་ཅེ་ན་དེ་དག་ལ་ཅུང་ཟད་ཙམ་གྱི་བསྙེན་བཀུར་མཐོང་ན་ཕྲག་དོག་གིས་མི་བཟོད་པར་གདུང་བ་དེ་ནི་ལན་དུ་མི་རུང་བའི་སྤྱོད་པ་ཞིག་ཡིན་པར་འགྲེལ་པ་པོ་རྣམས་ཀྱིས་བཤད་འདུག "སེམས་བསྐྱེད་པའི་དུས་སུ་འདོད་པ་དང་གཟུགས་དང་གཟུགས་མེད་ཀྱི་འཇིག་རྟེན་གསུམ་པོ་མ་ལུས་པས་མཆོད་པར་འོས་པའི་གནས་སུ་གྱུར་པ་མངོན་པར་རྫོགས་པར་འཚང་རྒྱ་བར་སེམས་ཅན་རྣམས་ལ་ནི་འདོད་ཅེ་ན་སྟེ་འདོད་དོ་ཞེས་ཁས་བླངས་ཤིང་དམ་བཅས་ནས། ད་ལྟ་དེ་ལྟ་བུའི་མཆོད་པ་ལྟ་ཞོག་དེ་དག་ལ་བསྙེན་བཀུར་ངན་ངོན་ཅུང་ཟད་ཙམ་གཞན་གྱིས་བྱེད་པ་མཐོང་བར་གྱུར་ནས་ཅི་ཕྱིར་དེ་དག་ལ་ཕྲག་དོག་གིས་མི་བཟོད་པར་གདུང་ཞིང་ཁྲོ་བར་བྱེད་དེ་བྱེད་མི་རིགས་པ་ཁོ་ནའོ། །"[]ཞེས་ཉེ་བར་མཚོན་པ་ཙམ་ཡིན་པར་བཤད། དེ་ཡང་"བསྙེན་བཀུར་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་རྙེད་པ་ཡང་ངོ་། །"[]ཞེས་གསུངས་པ་པ་འདིས་རྙེད་པ་དང་བཀུར་སྟི་བཅས་པ་སྤྱིར་མཚོན་པར་འདུག

ཁྱད་ཆོས།

[རྩོམ་སྒྲིག]

བསྙེན་བཀུར་གྱི་རང་བཞིན་ལ་འགྲེལ་པ་པོ་རྣམས་ཀྱིས་འདི་ལྟར་བཀྲལ། "སེམས་ཅན་ཐམས་ཅད་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱིས་མཆོད་པའི་གནས་སངས་རྒྱས་སུ་འགྱུར་བར་འདོད་དོ་ཞེས་ཁས་ལེན་ན། དེ་དག་ལ་བསྙེན་བཀུར་ངན་ངོན་ཙམ་འདུག་པ་མཐོང་ནས་དེ་ལ་ཅིའི་ཕྱིར་གདུང་བར་བྱེད་དེ།"[] ཞེས་གསུངས་པས་དམན་པའམ་ངན་ངོན་ཙམ་ཡིན་ཡང་། དེས་གཞན་གྱི་ཡིད་ལ་དད་པ་སྐྱེ་སྟེ་བསྟོད་པ་དང་མཆོད་པ་སྒྲུབ་པར་བྱེད་པ་ཞིག་ལ་གོ། གཞན་པའམ་འདེགས་འོས་པས་བསྙེན་བཀུར་ཞུས་པ་མཐོང་ནས་དེ་ལ་ངར་འཛིན་དང་ཕྲག་དོག་གིས་མི་བཟོད་པར་གདུང་བའི་སྐབས་སུ་སྤྱོད་པའི་ཐ་སྙད་ཅིག་ཡིན། "འཇིག་རྟེན་གསུམ་གྱིས་མཆོད་པའི་གནས་འཚང་རྒྱ་བར་སེམས་ཅན་རྣམས་ནི་འདོད་ཅེས་ཁས་བླངས་ཤིང་དམ་བཅས་ན། སེམས་ཅན་དེ་དག་ལ་བསྙེན་བཀུར་ངན་ངོན་ཙམ་བྱུང་བ་མཐོང་ནས་ཅིའི་ཕྱིར་དེ་ལ་ཡིད་གདུང་བར་བྱེད། རང་གི་འདོད་པའི་ཕྱོགས་ཙམ་གྲུབ་པའོ། །"[]ཞེས་གསུངས་སོ། །

མཚོན་བྱ།

[རྩོམ་སྒྲིག]

བསྙེན་བཀུར་ཞེས་པ་ནི་སྤྱིར་མཚོན་བྱེད་ཀྱི་ཚིག་ཅིག་ཡིན་པར་བཤད། དེ་ཡང་ "བསྙེན་བཀུར་ངན་ངོན་ཙམ་གཞན་གྱིས་བྱེད་པ་མཐོང་བར་གྱུར་ནས་ཅི་ཕྱིར་དེ་དག་ལ་ཕྲག་དོག་གིས་མི་བཟོད་པར་གདུང་ཞིང་ཁྲོ་བར་བྱེད་དེ་བྱེད་མི་རིགས་པ་ཁོ་ནའོ། །"[]ཞེས་གསལ། "དགྲ་ལ་བསྟོད་པའི་བདེ་བ་ཙམ་མི་བཟོད་པ་མིན་ཡང་བསྟོད་བསྔགས་བྱེད་པ་དེ་ཐོས་པའི་རྐྱེན་ལས་གཞན་ཐམས་ཅད་དད་ནས་དེ་ལ་རྙེད་བཀུར་སྟོབས་པ་ལ་མི་བཟོད་དོ། །འཇིག་རྟེན་གསུམ་སྟེ་ཁམས་གསུམ་མམ་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱིས་མཆོད་ཅིང་རྗེད་པར་བྱ་འོས་པའི་གནས་བླ་ན་མེད་པར་མངོན་པར་འཚང་རྒྱ་བར་འགྱུར་བ་ཉིད་དུ་སེམས་ཅན་རྣམས་ནི་མ་ལུས་པར་འདོད་ཅེ་ན་སྟེ་འདོད་དོ་ལོ་ཞེས་ཟེར་ནས་དམ་བཅས་ཤིང་ཁས་བླངས་པ་ཡིན་ན་འཚང་རྒྱ་བ་ལྟ་ཞོག་ད་ལྟ་འཕྲལ་དུ་སེམས་ཅན་གཞན་དེ་རྣམས་ལ་བསྙེན་བཀུར་རམ་བཀུར་སྟི་ཅུང་ཟད་རེ་བྱེད་པ་དང་དེ་བཞིན་དུ་ཟས་གོས་ནོར་སོགས་ཀྱི་རྙེད་པ་ངན་ངོན་ཏེ་དམན་པ་ཅུང་ཟད་ཙམ་རེ་བྱེད་པའམ་བྱུང་བ་མཐོང་བར་གྱུར་ནས་ཅིའི་ཕྱིར་སེམས་ཁྱོད་ཀྱིས་དེ་ལ་མི་བཟོད་པར་ཕྲག་དོག་གིས་ཡིད་གདུང་བར་བྱེད་དེ་བྱེད་མི་རིགས་སོ། །"[]ཞེས་ཟས་གོས་ནོར་སོགས་ཀྱི་རྙེད་པ་དང་། བཀུར་སྟི་སོགས། བསྟོད་བསྔགས་ཞུ་བ་སོགས་མཚོན་པར་སྣང་།

བསྡུས་དོན།

[རྩོམ་སྒྲིག]

བསྙེན་བཀུར་ཞེས་པ་ནི་སྤྱོད་འཇུག་གི་སྐབས་འདིར་སེམས་ཅན་གཞན་དག་ལ་ཕྱག་འཚལ་བ་དང་མཆོད་པ་འབུལ་བ། རྙེད་པ་སྦྱིན་པ། གུས་པ་ཞུ་བ། བསྟོད་བསྔགས་བྱེད་པ་སོགས་ཀྱི་མཚོན་བྱེད་ཀྱི་ཚིག་ཅིག་ཡིན། འགྲེལ་པ་པོ་རྣམས་ཀྱིས་འདི་སེམས་བསྐྱེད་པ་པོས་རང་གི་སེམས་བསྐྱེད་ཀྱི་ཁས་ལེན་དང་མི་མཐུན་པར་ཕྲག་དོག་སྐྱེ་བའི་གཞི་ཞིག་ཏུ་བཤད་འདུག མི་དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་བདེ་བ་འདོད་ཅེས་ཁས་བླངས་ཀྱང་། གཞན་གྱིས་སེམས་ཅན་དེ་དག་ལ་བསྙེན་བཀུར་ཞུ་བ་མཐོང་ནས་ཕྲག་དོག་གིས་གདུང་བ་དེ་ནི་རང་གི་དམ་བཅའ་དང་འགལ་བ་ཞིག་ཡིན་པར་གསུངས། དེས་ན་བསྙེན་བཀུར་ཞེས་པ་ནི་གུས་འདུད་དང་མཆོད་པ། བཀུར་སྟི། རྙེད་པ། བསྟོད་བསྔགས་བཅས་ཀྱི་སྤྱི་ཚིག་ཅིག་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  4. རྒྱལ་ཚབ་དར་མ་རིན་ཆེན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།