བསྐལ་པ་ཡ་ཐོག

ཡོང་ཁུངས་Wikipedia

གནའ་བོའི་ཡིག་ཚང་རྙིང་པ་རྣམས་སུ་དེ་ལྟར་འཁོད་ཡོད་དེ།《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ།། ཀོང་གི་ཆུ་བརླག་ཅེས་བྱའི་ཟོམས་ཕྱེ་བས།། རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ།། བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད།། ཅེས་སོགས་བོད་ཡུལ་འདི་ཐོག་མར་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་ལ་རྗེས་སུ་རིམ་བཞིན་མཚོ་བྲི་ནས་སྐམ་ས་བྱུང་ཚུལ་གསུངས་ཡོད།

བོད་ཀྱི་ས་ཁམས་ཆགས་ཚུལ།[རྩོམ་སྒྲིག]

སྒྲིབ་གཉིས་སྤྲིན་དང་བྲལ་བའི་མཁའ་དབྱིངས་སུ། ། མཁྱེན་གཉིས་དཀྱིལ་འཁོར་རྒྱས་པའི་འོད་དཀར་ཅན། ། མཐའ་གཉིས་མུན་པ་བསལ་དང་ལྷན་ཅིག་ཏུ། ། རྐང་གཉིས་འགྲོ་བའི་དཔལ་འདིར་རྟག་ཏུ་རྒྱལ། ། སྲིད་པའི་གངས་དང་ལྷན་ཅིག་སྐྱེས་པའི་བོད། ། བསྐལ་པའི་ཐོག་མར་ཇི་ལྟར་བྱུང་བའི་གཏམ། ། དྲང་པོའི་ངག་ལ་ཚད་མའི་ལུང་སྦྱར་ནས། ། ཅུང་ཟད་བརྗོད་པའི་སྤོབས་པ་བདག་ལ་སྐྱེས། ། རིང་པོའི་ལོ་རྒྱུས་ཟབ་མོའི་ཆོས་དང་འདྲེས། ། བདེན་པའི་དངོས་པོ་རྫུན་པའི་རླབས་ཀྱིས་རྙོག ། མཁས་པའི་དཔྱད་པ་བཙན་པོའི་བཀའ་ཡིས་མནན། ། གདོད་མའི་རང་གཤིས་བརྗོད་ལ་སུ་མི་ངལ། ། རྣམ་རྟོག་འཁྲུག་པས་ལམ་གྱི་ཡོན་ཏན་ཉམས། ། འདུ་བ་འཁྲུག་པས་ལུས་ཀྱི་ཟུངས་བཅུད་ཉམས། ། བན་བོན་འཁྲུག་པས་བོད་ཀྱི་ལོ་རྒྱུས་ཉམས། ། ཉམས་པའི་རྒྱུ་ཀུན་འཁྲུག་པའི་ལས་ཀྱིས་བྱས། ། གནའ་རབས་མཁས་པའི་ལུང་ལ་རྒྱབ་བཅོལ་ཅིང༌། ། དེང་དུས་ཐོབ་པའི་གནའ་རྫས་དཔང་བཙུགས་ནས། ལོ་རྒྱུས་དངོས་ལ་ལོག་བཤད་བསལ་བའི་ཆེད། ། ཚུལ་གསུམ་དཔྱད་ལས་དྲངས་པའི་སྐྱེས་འདི་སྤྲོས། ། སྤྱིར་བོད་ཀྱི་ས་ཆ་ནི་འཇིག་རྟེན་འདིར་ཆགས་སྔ་ཞིང་དེང་དུས་ཀྱི་གོ་ལ་ཧྲིལ་པོ་འདི་ཉིད་འགྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་ཞིག་ཡིན་པ་དང༌། ཡུལ་འདི་སྐམ་སར་གྱུར་པ་ནས་དབུ་བརྩམས་ཏེ་སྟོད་མངའ་རིས་ནས། སྨད་མདོ་ཁམས་བར་གྱི་སྤྱི་མིང་ལ་བོད་ཡུལ་ཞེས་པའི་ས་ཆ་འདི་བྱུང༌། ཡུལ་འདི་ཐོག་མར་རྒྱ་མཚོ་ཆེན་པོ་ཞིག་ཡིན་ལ་ལོ་གྲངས་དུང་ཕྱུར་མང་པོའི་རིང་ས་ཐམས་ཅད་འཕུར་ཞིང་བརྡབ་པ་ལ་བརྟེན་ནས་རིམ་བཞིན་གྱེན་དུ་འཕར་ཏེ། དེང་དུས་འཛམ་གླིང་ཡང་རྩེའི་སྐམ་ས་ཆེན་པོ་འདི་ཉིད་བྱུང་བ་ནི་ཚན་རིག་མཁན་པོ་རྣམས་ཀྱིས་དགོངས་པ་གཅིག་མཐུན་དུ་ངོས་འཛིན་གནང་གི་ཡོད་པ་མ་ཟད། གནའ་བོའི་ཡིག་ཚང་རྙིང་པ་རྣམས་སུ་དེ་ལྟར་འཁོད་ཡོད་དེ། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ། ། ཀོང་གི་ཆུ་བརླག་ཅེས་བྱའི་ཟོམས་ཕྱེ་བས། ། རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ། ། བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད། ། ཅེས་སོགས་བོད་ཡུལ་འདི་ཐོག་མར་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་ལ་རྗེས་སུ་རིམ་བཞིན་མཚོ་བྲི་ནས་སྐམ་ས་བྱུང་ཚུལ་གསུངས་ཡོད། གནའ་སྔ་མོའི་དུས་སུ་བོད་ཡུལ་བྱང་ཕྱོགས་ཀྱི་འབྲོག་པའི་ས་ཆ་འདི་དག་ཚ་བ་ཆེ་བའི་རོང་ཁོག་ཅིག་ཡིན་པའི་རྟགས་ཡ་མཚན་ཅན་ཞིག་ནི། དེང་སང་ས་ཁད་མཐོ་ལ་གནམ་གཤིས་གྲང་ཤོས་ཀྱི་བྱང་ཕྱོགས་ནག་ཆུའི་ས་ཁུལ་འགའ་ཞིག་ཏུ་གནའ་སྔ་མོར་སྤོས་དཀར་གྱི་ཤིང་སྡོང་རྣམས་འགྱེལ་ནས་ས་འོག་ཏུ་སོང་བར་འགྱུར་རྡོར་ཆགས་པ། དེང་སང་ཡང་ས་སློག་པའི་ཚེ་སྐབས་འགར་སའི་འོག་ནས་ཐོན་ཡོང་བ་མཐོང་རྒྱུ་ཡོད་པ་འདི་རེད། དེ་ལྟར་ན་བོད་ཡུལ་འདི་སྐམ་སར་གྱུར་ཏེ། ཧི་མ་ལ་ཡའི་རི་བརྒྱུད་འདི་ཉིད་མ་སྐྱེས་པའི་སྐབས་སུ་ཡུལ་འདི་ཚ་བ་ཆེ་བའི་རོང་ཁུལ་ཞིག་ཡིན་པ་ནི་སྨོས་མ་དགོས་པ་ཞིག་རེད། ལོ་ཟླ་ཞག་དུས་ཀྱིས་དེད་པའི་དབང་གིས། རླན་བཤེར་ནས་སྐམ་སར་འགྱུར་བ་དང༌། རོང་ཁུལ་ནས་བྱང་ཐང་དུ་འགྱུར་བ་སོགས་སྣོད་ཀྱི་འཇིག་རྟེན་གྱི་འཕོ་འགྱུར་དང༌། བྱིས་པ་ནས་དར་མ། དར་མ་ནས་རྒན་པོ་སོགས་བཅུད་ཀྱི་སེམས་ཅན་གྱི་འཕོ་འགྱུར་བཅས་ལ་བསམས་ན། སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་འགྱུར་ལྡོག་མྱུར་བུལ་གྱིས་ཁྱད་ཙམ་ལས་ཐམས་ཅད་རྟག་པ་དང་བརྟན་པའི་རང་བཞིན་དང་བྲལ་བ་ཞིག་ཡིན་པ་མངོན་སུམ་གྱིས་མཐོང་ཐུབ། དེས་ན་སྔ་རབས་བོད་ཀྱི་མཁས་པ་རྣམས་ཀྱིས་དངོས་པོ་ཐམས་ཅད་སྐད་ཅིག་མ་དང་མི་རྟག་པའི་རང་བཞིན་ཡིན་པའི་གསུང་དེ་དག་ཚན་རིག་དང་མཐུན་པའི་ཐུགས་བཞེད་ཡིན་པ་བློ་གྲོས་དང་ལྡན་པ་སུ་ཞིག་གིས་བསྙོན། ལོ་རྒྱུས་ཡུན་རིང་དང་ལྡན་པའི་འཇིག་རྟེན་ཡང་རྩེའི་ཐོག་གི་གངས་རིའི་ལྗོངས་ཀྱི་ཡུལ་གྲུ་ཆེན་པོ་འདིར་ལོ་རྒྱུས་ཐོག་ཤར་ཕྱོགས་སུ་རྒྱ་ནག་དང༌། ལྷོར་རྒྱ་གར། ནུབ་ཏུ་པ་ཀི་སི་ཐན། བྱང་ཕྱོགས་ལི་ཡུལ་རྣམས་ཀྱི་ས་མཚམས་དང་འབྲེལ་ཞིང༌། ས་ཁད་ཀྱང་ཤར་ལྷོ་གཉིས་ཀྱི་ཕྱོགས་སུ་དམའ་བ། ནུབ་བྱང་གཉིས་སུ་མཐོ་བ། དཔེར་ན་མངའ་རིས་དང༌། ནག་ཆུ། རྨ་སྟོད། ཆུ་དམར་ལེབ་བཅས་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་བཞི་སྟོང་ལྔ་བརྒྱ་ལ་སླེབས་ཀྱི་ཡོད་པ་དང༌། རྫ་ཡུལ་སོགས་རོང་ཁུལ་དམའ་ཤོས་རྣམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་ཆིག་སྟོང་བཞི་བརྒྱ་ཙམ་ལས་མེད། ཆ་སྙོམས་ཀྱི་མཐོ་ཚད་དེ་ཉིས་སྟོང་བརྒྱད་བརྒྱའི་གོང་དུ་སླེབས་ཀྱིན་ཡོད་ལ། ས་ཁད་མཐོ་ལ་གྲང་ངར་ཆེ་བ། མཁའ་དབུགས་སྲབ་པའི་ས་ཁུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང༌། དོན་དུ་ས་ཁམས་དྭངས་ལ་མཁའ་དབུགས་གཙང་བའི་ས་ཁུལ་ཞིག་ཡིན་སྟབས། ཡམས་ནད་དང༌། རིམས་ནད་སོགས་མི་ཡི་ཚེ་སྲོག་ལ་གནོད་པའི་ནད་རིགས་དེ་དག་ས་ཆ་གཞན་ལས་ཉུང་བར་མ་ཟད། གཏེར་ཁ་དང༌། ནགས་ཚལ། སྨན་རིགས། རི་དྭགས། གཅན་གཟན། བྱ་རིགས་སོགས་དངོས་མང་སྣ་འཛོམས་ཀྱི་ས་ཁུལ་ཞིག་ཡིན་པ་མངོན་སུམ་ཚད་མའི་སྣང་ཡུལ་འདི་རེད། རི་ཐམས་ཅད་མཐོ་ལ་གཟར་བ་སྟེ་དཔེར་ན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་བརྒྱད་སྟོང་བརྒྱད་བརྒྱ་བཞི་བཅུ་ཞེ་དགུ་ལ་སླེབས་པའི་འཇིག་རྟེན་འདིར་ཚད་མཐོ་ཤོས་ཀྱི་རི་བོ་སྟེ་ཇོ་མོ་གླང་མའི་རི་བོ་དེ་ཡུལ་འདིའི་གཙུག་རྒྱན་ལྟར་གནསཤིང༌། གཞན་ཡང་དེ་དང་ཆ་འདྲ་བའི་གངས་དཀར་ཏི་སེ། གཉན་ཆེན་ཐང་ལྷ། ཁྲོ་ཟིལ་ཁྲོམ། རྨ་ཆེན་སྤོམ་ར། རི་བོ་གངས་དཀར། རོང་བཙན་ཁ་བ་དཀར་པོ་ལ་སོགས་པའི་རི་ཆེན་པོ་དུ་མ་དང་ལྡན་ལ། ཆུ་ཐམས་ཅད་དྭངས་ཤིང་བསིལ་བ་སྟེ། མ་ཕམ་གཡུ་མཚོ་དང༌། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ། ཁྲི་ཤོར་རྒྱལ་མོ་ལ་སོགས་པ་ལྡེའུམ་ལྡེའུམ་དུ་འཁྱིལ་བའི་མཚོ་དང༌། ཡར་ཀླུང་གཙང་པོ། རྒྱལ་མོ་དངུལ་ཆུ། རྨ་རྫ་འབྲི་གསུམ་ལ་སོགས་པ་ལྷུང་ལྷུང་དྲག་ཏུ་བཞུར་བའི་ཆུ་བོ་ཐམས་ཅད་ཉ་སྲམ་ལ་སོགས་པའི་ཆུ་གནས་ཀྱི་སྲོག་ཆགས་རིགས་མི་འདྲ་བ་དུ་མ་གནས་པའི་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཤ་སྟག་ཏུ་སྣང༌། ས་ཐམས་ཅད་གཏེར་གྱིས་གང་བ་སྟེ། གཟི་དང༌། ཁྲ་མན། ཁྱུང་སྐྱུག ནལ་ལ་སོགས་པ་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་དང༌། གསེར་དང༌། དངུལ། ཟངས། ལྕགས་ལ་སོགས་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རིགས་དང༌། ཁབ་ལེན་དང༌། གསེར་རྡོ། དངུལ་རྡོ། ལྕགས་རྡོ་ལ་སོགས་པ་བཞུ་བའི་ཁམས་ཀྱི་རྡོ་རིགས་དང༌། སྦལ་རྒྱབ་དང༌། གངས་ཐིག རྡོ་སོལ། ཡུགས། ལྷང་ཚེར། མཐིང་རྒྱུས་ལ་སོགས་མི་བཞུ་བའི་ཁམས་ཀྱི་རྡོ་རིགས་སོགས་གཏེར་ཁ་ཆེ་ཕྲ་དཔག་ཏུ་མེད་པ་ཞིག་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཕྱོགས་ཐམས་ཅད་ན་ཐོན་གྱིན་ཡོད། གཞན་ཡང་གཙང་པོའི་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་མང་ཆེ་བ་ཚ་རོང་ཞིང་པའི་ས་ཁུལ་ཏེ། ཙན་དན་དང་སྤོས་དཀར། ཨ་གར། ཐང་ཤིང༌། ཤུག་པ། སྨྱུག་མ་ལ་སོགས་པའི་ནགས་ཀླུང་རབ་ཏུ་རྒྱས་པ་དེ་དག་གི་ཁྲོད་དུ་སྟག་དང༌། གཟིག དོམ། དྲེད་ལ་སོགས་པ་གཅན་གཟན་གྱི་རིགས་མི་འདྲ་བ་དུ་མ་དང༌། རྒྱ་དང༌། གཙོད་དང༌། གླ་བ་ལ་སོགས་པའི་རི་དྭགས་ཀྱི་རིགས་མི་འདྲ་བ་དུ་མས་གང་ཡོད། ལྗོན་ཤིང་རྣམས་ཀྱི་རྩེ་ན་ནེ་ཙོ་དང༌། རྨ་བྱ། འཇོལ་མོ། ཇུ་ལུ་ལ་སོགས་སྐད་སྙན་སྣ་ཚོགས་སྒྲོག་པའི་བྱ་རིགས་མི་འདྲ་བ་དུ་མ་གནས་པ། ཛ་སུག་ཀོ་གསུམ། ཅུ་གུམ་ལི་གསུམ། ཨ་བ་སྐྱུ་གསུམ་ལ་སོགས་པ་རོང་ཁུལ་དུ་སྐྱེས་པའི་རྩི་སྨན། ཐང་སྨན། ཤིང་སྨན། སྔོ་སྨན་ལ་སོགས་པ་སྨན་གྱི་རིགས་སུ་གྱུར་པ་མ་ཚང་བ་མེད། ཀུ་ཤུ་དང༌། སེ་འབྲུ། རྒུན་འབྲུམ། ངང་ལག ཚ་ལུ་མ་ལ་སོགས་པ་ཤིང་ཐོག་དང་སྔོ་ཚལ་གྱི་རིགས་ཁྱད་པར་ཅན་ཐོན་པའི་ཁུངས་ཀྱང་ཡོད། ཐོན་སྐྱེད་ཀྱི་གཙོ་བོ་ཞིང་ལས་ལ་བྱེད་ཅིང་འབྲས་དང༌། གྲོ། ནས། བྲ་བོ། སོ་བ། སྲན་མ། མ་རྨོས་ལོ་ཏོག་ལ་སོགས་པའི་འབྲུ་རིགས་སྣ་ཚོགས་འབྱུང༌། དུས་བཞིའི་གནམ་གཤིས་ཀྱང་ཚ་གྲང་ཅུང་ཟད་སྙོམས་པོ་ཡིན་པ་སྟེ། ལྷོ་བྲག་དང༌། མཚོ་སྣ། སྨིན་གླིང༌། མེ་ཏོག རྫ་ཡུལ། རྒྱ་ཐང༌། རྨུ་གླིང་སོགས་ཀྱི་ས་ཆ་རྣམས་རེད། ཡུལ་འདི་དག་གསོ་རིག་གཞུང་དུ་རླན་ཅན་སྣུམ་པ་བད་ཀན་གྱི་ཡུལ་ཞེས་པ་དེ་ཤས་ཆེ་བ་ཙམ་ཡིན། གཙང་པོའི་ནུབ་ཕྱོགས་དང་བྱང་ཕྱོགས་ཕལ་ཆེར་བ་ནི་རྒྱ་ཆེ་མཐའ་ཡས་པའི་རྩྭ་ཐང་ཡིན་ལ། རྫ་རི་དང་གངས་རི་མང་པོ་ཡོད་པ་དེ་དག་ཏུ་རྩྭ་ཆུ་མོད་ལ་སྨན་རིགས་མང་བ་སྟེ། གཟའ་དུག་ནག་པོ་དང༌། ཧོང་ལེན། བོང་དཀར། སྲོ་ལོ། གཡའ་ཀྱི་མ། གང་ག་ཆུང༌། བྱ་རྒོད་སུག་པ། དཔའ་བོ་དཀར་སེར། སྤང་རྒྱན་མེ་ཏོག ཨུཏྤལ། ལུག་མིག ཚེར་སྔོན། སྟག་ཤ། ཨུག་ཆོས། ལུག་རུ། ཀྱི་ལྕེ། ཤང་དྲིལ། མེ་ཏོག་སེར་ཅན་ལ་སོགས་པ་རྩི་སྨན་དང༌། སྔོ་སྨན་མཐའ་ཡས་པ་ཞིག་སྐྱེ་བ་དང༌། སུ་རུ་དང༌། སྤེན་ནེ་ལ་སོགས་པའི་ཤིང་ཕྲན་ཡང་སྐྱེ། སྤྱང་ཀི་དང༌། འཕར་བ། བྱང་དྲེད་སོགས་གཅན་གཟན་གྱི་རིགས་དང༌། རྐྱང༌། འབྲོང༌། ཤ་བ། གཙོད། དགོ་བ་ལ་སོགས་པའི་རི་དྭགས་ཀྱི་རིགས་མི་འདྲ་བ་མང་པོ་གང་དགར་རྒྱུ་བ། ཐོན་སྐྱེད་ཀྱི་གཙོ་བོ་ཕྱུགས་ལས་ཡིན་ཞིང༌། སྒོ་ཕྱུགས་ནི་རྟ་དང༌། ཟོག་དང༌། ལུག་རྣམས་གཙོ་བོ་ཡིན་ལ། ཟོག་ལའང་འབྲི་དང༌། གཡག མཛོ། མཛོ་མོ་ཞེས་པའི་དབྱེ་བ་ཡོད། དགྲ་རྐུན་གཅན་གཟན་སོགས་འགོག་བྱེད་ཀྱི་ཁྱི་གསོ་བའི་སྲོལ་ཡོད་ལ་ཁྱི་ཆེན་པོ་ཡིན་ན་རིན་ཐང་ཆེན་པོར་བརྩི། དབྱར་གྱི་དུས་སུ་མེ་ཏོག་སྣ་ཚོགས་བཀྲ་བའི་སྤང་ལྗོངས་ལྷ་ཡུལ་ལྟར་མཛེས་པས་འགྲོ་བ་ཐམས་ཅད་ཀྱི་ཡིད་དབང་འཕྲོག་པ། སྟོན་གྱི་དུས་སུ་རྩི་ཤིང་རྣམས་བསྐམས་ཏེ་རི་ཀླུང་གསེར་མདོག་ཏུ་ཆགས་པ། དགུན་གྱི་དུས་སུ་གྲང་ལྷགས་ཆེ་བས་ཆུ་བོ་ཐམས་ཅད་དར་གྱི་སྦུབས་སུ་འཐུམས་པ། རི་ཀླུང་ཐམས་ཅད་ཁ་བའི་རྡུལ་གྱིས་ཁེངས་ཏེ་དཀར་སང་སང་དུ་འགྱུར་བ། དཔྱིད་ཀྱི་དུས་སུ་རྩྭ་ལོ་རྙིང་པ་ཟད་ཅིང་གསར་པ་མ་སྐྱེས་པ་རི་ཐང་ཐམས་ཅད་ནག་པོར་ཆགས་པ་བཅས་དུས་བཞིའི་རྣམ་འགྱུར་ཧ་ཅང་གསལ་བ་སྟེ། དགེ་སྐྱིད་དང༌། སྒེར་རྩེ། ནག་ཆུ། ཆུ་དམར་ལེབ། མཚོ་སྔོན་པོའི་ཉིན་སྲིབ། རྨ་སྟོད། མགོ་ལོག གསེར་ཐར་སོགས་ཀྱི་ས་ཆ་རྣམས་རེད། ཡུལ་འདི་དག་གསོ་རིག་གཞུང་དུ་ངད་ཅན་གྲང་བ་རླུང་གི་ཡུལ་ཞེས་པ་དེ་ཤས་ཆེ་བ་ཙམ་ཡིན། ལྷོ་བྱང་གཉིས་ཀྱི་དཀྱིལ་དྲང་པོར་ཤར་མཐའ་ནས་ནུབ་མཐའི་བར་གྱི་ཡུལ་གྲུ་དེ་དག་ཕལ་ཆེར་རོང་མ་འབྲོག་གི་ས་ཁུལ་ཏེ། ཞིང་ལས་ཀྱི་ཐོན་སྐྱེད་ཅུང་ཟད་དར་ལ། ཕྱུགས་ལས་ཀྱང་ཅུང་ཟད་དར་བ། རོང་འབྲོག་གཉིས་ཀའི་ས་ཆ་ཡོད་པ་སྟེ། རུ་ཐོག རྩ་མདའ། ཆབ་མདོ། སྡེ་དགེ། མི་ཉག རྒྱལ་རོང༌། བསང་ཁོག ཆབ་ཆ་སོགས་ཀྱི་ས་ཁུལ་རྣམས་ཡིན་ལ། ཡུལ་འདི་དག་གསོ་རིག་གཞུང་དུ་བསྟན་པའི་སྐམ་ས་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ་ཞེས་པ་དེ་ཤས་ཆེ་བ་ཙམ་ཡིན། དེ་ལྟར་བོད་ཀྱི་ས་ཁམས་ཆགས་ཚུལ་དང་ས་མཚམས། སྲོག་ཆགས་དང་སྐྱེ་དངོས་འབྱུང་ཚུལ་སོགས་གནའ་རབས་མཁས་པ་རྣམས་ཀྱིས་གསལ་པོར་གསུངས་ཡོད་དེ། 《མཁས་པའི་དགའ་སྟོན》ལས། མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ། ། ཀོང་གི་ཆུ་བརླག་ཅེས་བྱའི་ཟོམས་བྱེ་བས། ། རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ། ། ཆུ་གཞན་དག་ཀྱང་དེ་ལྟར་ཐིམ་པ་ཡིས། ། བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད། ། མངའ་རིས་སྐོར་གསུམ་ཤ་རྐྱང་རི་དྭགས་གླིང༌། ། བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང༌། ། སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང༌། ། ཞེས་དང༌། སྟག་ཚང་དཔལ་འབྱོར་བཟང་པོའི《རྒྱ་བོད་ཡིག་ཚང》ལས། ཤར་རྒྱ་ནག་དང༌། ཁྲི་བརྟན། ལྷོ་ན་རྒྱ་གར་དང་ཁ་ཆེ། ནུབ་ན་སྟག་སྡེ་དང་གཟིག་འཕན་གཉིས། བྱང་ན་ཁྲོམ་དང་གེ་སར་གཉིས། དབུས་ན་བོད་ཡུལ་གངས་ཀྱི་ར་བ་དགུ་ཟེར་ཏེ། འཛམ་བུ་གླིང་གི་ས་ཚད་ཀྱི་ལྟེ་བ། བོད་གངས་ཅན་འདི་ཡིན་པར་འདོད་པ་ནི། ས་མཐོ། རི་མང༌། གངས་ཆགས་ཆུ་བོ་ཐམས་ཅད་འདི་ནས་ཕྱིའི་མཐའ་རྣམས་ལ་འབབ་པའི་ཕྱིར་འདི་ཉིད་སའི་དབུས་ལྟེ་བ་ཡིན་པར་འདོད་དོ། ། འཛམ་བུ་གླིང་ན་སྤྱིར་གྱིས་རྒྱལ་ཁམས་ཆེ་ཆུང་བཅུ་གསུམ་ཡོད་པའི་མིང་ངེས་ཅན་གྱི་འཛིན་པ་ལྔ་ནི། རྒྱ་གར་ཆོས་ཀྱི་རྒྱལ་ཁམས། རྒྱ་ནག་རྩིས་ཀྱི་རྒྱལ་ཁམས། སྟག་གཟིག་ནོར་གྱི་རྒྱལ་ཁམས། ཁྲོམ་གེ་སར་དམག་གི་རྒྱལ་ཁམས། བོད་ཡུལ་ཁ་བ་ཅན་གྱི་རྒྱལ་ཁམས་དང་ལྔའོ། ཞེས་དང༌། ཡང་དེ་ཉིད་ལས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་དང༌། ཕྱོགས་བཞིའི་རྒྱལ་ཁམས་ཀྱི་ས་མཚམས་ན། སྲིད་པས་བཀོད་པའི་རྡོ་རིང་ཆེན་པོ་བཞི་ཡོད་དེ། ཤར་ཕྱོགས་རྒྱ་ནག་པོ་དང༌། བོད་ཀྱི་སོ་མཚམས་ན། ཤ་ཕུད་གངས་དཀར་ལྷའི་ཡུལ་དུ། འདྲོན་བུ་དུང་གི་རྡོ་རིང་བཙུགས་པ་ཡན་ཆད། ལྷོ་ཕྱོགས་རྒྱ་དཀར་པོ་དང༌། བོད་ཀྱི་སོ་མཚམས། སྨུག་མ་བུ་ཁུར་སྲིན་གྱི་ཡུལ་དུ། མཐིང་ཞུན་གཡུའི་རྡོ་རིང་བཙུགས་པ་ཚུན་ཆད། ནུབ་ཕྱོགས་སྟག་གཟིག་དང༌། བོད་ཀྱི་སོ་མཚམས། རྐང་མ་རྐང་གཅིག་ཀླུའི་ཡུལ་དུ། ཤ་རྩེ་དངུལ་གྱི་རྡོ་རིང་བཙུགས་པ་མན་ཆད། བྱང་ཕྱོགས་ཁྲོམ་གེ་སར་དང༌། བོད་ཀྱི་སོ་མཚམས་ལ་རྨའི་ལུ་གུ་སྨན་གྱི་ཡུལ་དུ། ར་རྒན་གསེར་གྱི་རྡོ་རིང་བཙུགས་པ་ཚུན་ཆད། དེ་རྣམས་བོད་གངས་ཅན་གྱི་རྒྱལ་ཁམས་སུ་གཏོགས་པའི་ས་ཚད་ཡིན་ཅིང༌། རྡོ་རིང་ཀྱི་དཔངས་ལ། གཞུ་འདོམ་བརྒྱད་ཅུ་རེ་དང་ཞེང་ཕྱོགས་རེ་ལ་གཞུ་འདོམ་ཉི་ཤུ་རེ། སྟེང་ན་རྒྱ་ཕིབས་དང་བཅས་པ་ཡོད་དོ་ཟེར་རོ།། དེང་དུས་ས་གཤིས་རིག་པའི་སྒོ་ནས་བཤད་ན། བོད་ཀྱི་ཡུལ་དབུས་ལྷ་ས་ནི་ཤར་ཐིག91དང་བྱང་ཐིག30ཡི་འཕྲད་མཚམས་སུ་གནས་ཡོད་ཅིང༌། ཤར་ནུབ་གཉིས་ཀྱི་མཐའ་དེ་ཤར་ཐིག78དང105ཡི་བར་དུ་གནས་པ་དང༌། ལྷོ་བྱང་གཉིས་ཀྱི་མཐའ་དེ་བྱང་ཐིག26ནས39བར་གནས་ཡོད། བོད་ལ་ཡུལ་གྲུ་ཆེན་པོ་གསུམ་ཡོད་པ་ནི། སྟོད་མངའ་རིས་བསྐོར་གསུམ། གངས་དང་གཡའི་ར་བ་རྫིང་དང་འདྲ་བ་ལ། ཡུལ་གྲུ་ཆེན་པོ་གཅིག སྨད་ལྷ་རེ་ཕྱུགས་དྲུག ནགས་དང་ནའི་ལྗོངས། ཞིང་དང་འདྲ་བ་ལ་ཡུལ་གྲུ་ཆེན་པོ་གཅིག བར་དུ་དབུས་གཙང་རུ་བཞི། བྲག་དང་ཆུ་འཐབ་ས། ཡུར་བ་འདྲ་ལ་ཡུལ་གྲུ་ཆེན་པོ་གཅིག་སྟེ། དེ་གསུམ་མོ། ། ཞེས་པ་སོགས་པ་རྣམས་དང༌། གཞན་ཡང《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩི་བཅུད》ལས། བོད་ཁམས་གསུམ་གླིང་དགུ་བྱ་བ་ན། རིན་པོ་ཆེ་འོད་ཀྱི་གླིང་དཀར་པོ། སྟོད་ཁམས་གསུམ་གངས་དང་གཡའི་ར་བ་རྫིང་འདྲ་བ་ན། ཤ་བ་དང་དགོ་བ་ལ་སོགས་པ་རི་དྭགས་ཀྱི་ཡུལ་འཛིན། རུ་བཞི་སོག་ཁའི་གླིང་སྐད་པ། བར་ཁམས་གསུམ་བྲག་དང་སྤང་གི་གཤོང་ཡུ་བ་འདྲ་བ་ན། སྤྲེ་དང་བྲག་སྲིན་ལ་སོགས་པ་གནས། རྨ་བྱ་འོད་ཀྱི་གླིང་སྐད་པ། སྨད་ཁམས་གསུམ་ནགས་ཀྱི་ལྗོངས་ཞིང་དང་འདྲ་བ་ན། གླང་པོ་ཆེ་དང་འདབ་ཆགས་ལ་སོགས་པ་ལས། འགྲོ་བ་མི་བྱ་བ་གཅིག་ཀྱང་མེད། ཅེས་སོགས་དང༌། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 ལས། ཆུ་བྲི་བའི་རྗེས་སྟོད་གཡའ་རི་དང་གངས་རི། བར་བྲག་དང་སྤང་ལྗོངས། སྨད་རྩི་ཤིང་ནགས་ཚལ་ཞེས་པ་ལ་སོགས་པ་རྒྱལ་རབས་དང་ལོ་རྒྱུས་དེབ་ཐེར་མང་པོ་གཅིག་མཐུན་དུ་གསུངས་ཡོད་པ་མ་ཟད། དུས་རབས་དགུ་པའི་ནང་དུ་ཨ་རབ་རྒྱལ་ཁབ་ཀྱི་མཁས་པ་སྐུ་ཞབས་མཱ་སུ་ཏིས་ལགས་ཀྱིས་བརྩམས་པའི་གསེར་མདོག་གི་རྩྭ་ཐང་ཞེས་པ་ལས། ཡུལ་དེར་རྩི་ཤིང་དང་མེ་ཏོག་གི་རིགས་མི་འདྲ་བ་སྣ་ཚོགས་ཀྱིས་གང་བ། མི་ཐམས་ཅད་སྤྲོ་ཉམས་དང་ལྡན་ཞིང་གླུ་གར་ལ་དགའ་བ་ཤ་སྟག་ཏུ་སྣང༌། ཞེས་འཁོད་པ་ལ་བརྟགས་ན་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ལྟ་ཚུལ་དང་བཞེད་ཚུལ་ཕལ་ཆེར་གཅིག་མཐུན་དུ་བྱུང་འདུག

འགྲོ་བ་མིའི་རིགས་བྱུང་ཚུལ།[རྩོམ་སྒྲིག]

དེང་སྐབས་འཇིག་རྟེན་འདིར་རྒྱལ་ཁབ་ཐམས་ཅད་ཀྱི་མཁས་པ་རྣམས་ཀྱིས་མི་ཡི་འགྲོ་བ་བྱུང་ནས་ལོ་ངོ་ས་ཡ་གསུམ་ལ་ཉེ་བའི་ལོ་རྒྱུས་ཡོད་པའི་ངོས་འཛིན་གནང་གི་ཡོད། ཀྲུང་གོའི་ལོ་རྒྱུས་ལ་ཆ་མཚོན་ནས་བཤད་ན་ཡུན་ནན་ཞིང་ཆེན་གྱི་ཡོན་མོའི་ས་ཁུལ་དུ་སྤྲ་མི་བྱུང་ནས་ལོ་ངོ་ས་ཡ་གཅིག་དང་བདུན་འབུམ་ལྔ་ཁྲི་ལྷག་ཙམ་སོང་བརབཤད། འོན་ཀྱང་སྤྱི་ལོ1999ལོའི་ཟླ6ཚེས2ཉིན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་གསལ་བསྒྲགས་བྱས་པ་ལྟར་ན། ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་ཞིག་ན་མི་རུས་ཀྱི་འགྱུར་རྡོ་ཞིག་ཐོན་པ་དེ་ལ་ལོ་ངོ་ས་ཡ་གཉིས་ཀྱི་ལོ་རྒྱུས་ཡོད་པ་གཏན་འབེབས་བྱས་པས་སྔར་གྱི་བཤད་སྲོལ་ལས་ལོ་ངོ་འབུམ་གསུམ་ཙམ་རིང་དུ་ཕྱིན་ཡོད་པ་དང༌། པེ་ཅིང་གྱི་སྤྲ་མི་བྱུང་ནས་ལོ་ངོ་ལྔ་འབུམ་ལྔ་ཁྲི་ལྷག་ཙམ་གྱི་ལོ་རྒྱུས་ངོས་འཛིན་གནང་གི་ཡོད་པ་ལྟར། ང་ཚོ་བོད་ཀྱི་མི་རིགས་འདི་ཡང་དེ་དག་དང་དུས་མཚུངས་ཙམ་ཡིན་ཞེས་བཤད་ཆོག་སྟེ། སྤྱི་ལོ1978ལོར་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཤན་ཚ་རྫོང་དང་ནག་ཆུ་རྫོང་སོགས་སུ་སྲོག་ཆགས་རིགས་ཀྱི་འགྱུར་རྡོ་མང་པོ་ཐོན་པ་དེ་དག་ལ་བལྟས་ན་བོད་ཀྱི་ཡུལ་འདིར་སྲོག་ཆགས་གནས་པ་ནས་ལོ་ངོ་ས་ཡ་ལྷག་ཙམ་ཟིན་པའི་བདེན་དཔང་བྱུང་ཡོད་པ་ལྟར་ན། འགྲོ་བ་མི་ཡི་རིགས་ཀྱང་དེ་དག་དང་ཧ་ལམ་དུས་མཚུངས་ཙམ་དུ་བྱུང་ཡོད་པར་རྗེས་སུ་དཔག་ཐུབ། སྤྱི་ལོ1998ལོར་ཆབ་མདོའི་བྲག་གི་ངོས་ལ་མིའི་རྐང་རྗེས་རྨི་ཁྲེ་གང་ལྷག་ཡོད་པ་ཞིག་རྙེད་པ་དེ་ཆེད་རམས་པ་ཚོས་ལོ་ངོ་དུང་ཕྱུར་ལྷག་ཕྱིན་པར་གསུངས་པ་ལྟར་ན། ཡུལ་འདིར་འགྲོ་བ་མིའི་རིགས་བྱུང་ནས་ལོ་དུང་ཕྱུར་ཕྱིན་པར་རྟོགས་ཐུབ། བོད་མི་བྱུང་ཚུལ་གྱི་སྐོར་ལ་དུས་ཕྱིས་བཤད་སྟངས་མི་འདྲ་བ་ཁ་ཤས་བྱུང་ཡོད་པ་ནི། བོད་རིགས་ནི་ཆང་རིགས་ཀྱི་ཁོངས་སུ་གཏོགས་པར་བཤད་པ་དང༌། ཤཱཀྱའི་རུས་སུ་གཏོགས་ཟེར་བ་དེ་རེད། དེ་ནི་དེང་སྐབས་ཀྱི་བོད་རིགས་འདིའི་ནང་དུ་མི་རིགས་གཞན་གྱི་རིགས་རུས་འདྲེས་ཡོད་པར་བཤད་པའི་བོད་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་ཙམ་ཡིན་པ་ལས། བོད་དུ་འགྲོ་བ་མི་ཡི་རིགས་ཐོག་མར་བྱུང་ཚུལ་བཤད་པའི་སྐབས་མ་ཡིན་པ་ནི་བློ་ལྡན་སུས་ཀྱང་རྟོགས་སླ། རིག་འཛིན་བློ་གསལ་ལགས་ཀྱིས་བརྩམས་པའི་བོད་མིའི་རུས་རྒྱུད་སྐོར་དཔྱད་པ། ཞེས་པའི་མཐའ་དཔྱོད 《བོད་ལྗོངས་ཞིབ་འཇུག》གི་དུས་དེབ་ཏུ་འཁོད་པ་ལས། གནའ་རྫས་ལ་དཔྱད་པ་ལྟར་ན། ཉིང་ཁྲི་ནས་ཐོན་པའི་མི་རུས་ཀྱི་དུས་ཚོད་ནི་ཧ་ལམ་ལོ་ངོ་ལྔ་སྟོང་ནས་བརྒྱད་སྟོང་བར་དང༌། ཁ་རུབ་ཀྱི་གནའ་ཤུལ་ནི་ལོ་ངོ་བཞི་སྟོང་བདུན་བརྒྱ་ཡས་མས་ཤིག་གི་ཡིན་པར་གསལ་བས་འདི་དག་ཚང་མས་བོད་ལྗོངས་ས་མཐོ་འདིར་སྔར་ནས་བཟུང་འགྲོ་བ་མི་ཡི་རིགས་བྱུང་ཞིང་རིགས་རྒྱུད་ཆད་མེད་ཐོག་ཁོ་ཚོ་ནི་དེང་སང་གི་བོད་རིགས་འདིའི་མེས་པོ་ཡིན་པའི་ར་སྤྲོད་ནུས་ལྡན་བྱས་ཡོད། ད་ལྟར་ཤེས་རྟོགས་བྱུང་བའི་རིག་གནས་ཀྱི་གནའ་ཤུལ་གཙོ་ཆེ་བའི་གྲས་འགའ་ཞིག་དཔེར་ན་སྣེ་གདོང་དང༌། ལྷ་ས། ཉིང་ཁྲི། མེ་ཏོག་བཅས་ཀྱི་ས་ཁམས་ཆགས་ཚུལ་ཐད་ནས་བལྟས་ན། དེ་དག་ཚང་མ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་འབབ་ཡུལ་དུ་གནས་ཡོད་པས། ཡིག་ཧྥ་ལ་རྡི་དང་། རྡི་སྒེ་ལི་སེ་གཙང་པོས་གནའ་བོའི་པ་པིས་ལུན་མི་རིགས་སྐྱེད་སྲིང་བྱེད་ཐུབ་པ་དང་། ཆུ་བོ་གང་གཱས་གནའ་བོའི་རྒྱ་གར་གྱི་མི་རིགས་སྐྱེད་སྲིད་བྱེད་ཐུབ་པ། རྨ་ཆུས་ཧཱ་ཤ(རྒྱ་རིགས)མི་རིགས་སྐྱེད་སྲིང་བྱེད་ཐུབ་པ་བཅས་ཡིན་ན། ཡར་ཀླུང་གཙང་པོས་གནའ་བོའི་བོད་ཀྱི་མི་རིགས་སྐྱེད་སྲིང་བྱེད་མི་ཐུབ་པ་གང་རེད་དམ། ང་ཚོས་དེང་སང་གི་བོད་རིགས་དང་གནའ་བོའི་བོད་རིགས་བར་གྱི་འབྲེལ་བའི་ཐོག་ནས་བོད་རིགས་ཀྱི་མེས་པོ་ནི་བོད་རང་གི་ས་ཆ་ནས་བྱུང་བ་ཞིག་ལས་ཕྱི་ཕྱོགས་ནས་ཡོང་བ་མ་ཡིན་པའི་ར་སྤྲོད་གོམ་གང་མདུན་སྤོས་ཀྱིས་བྱ་བར་འདོད་ཅེས་གསུངས་པ་ནི་དོན་ལ་གནས་པ་ཞིག་རེད། གནའ་རབས་བོད་ཀྱི་ངག་རྒྱུན་དང་ཚད་ལྡན་གྱི་ཡིག་ཚང་དག་ཏུ་གསལ་བ་ལྟར་ན། ཡར་ཀླུང་གཙང་པོའི་ཉེ་འགྲམ་ལྷོ་ཁ་རྩེད་ཐང་ཁུལ་གྱི་མགོན་པོ་རིའི་བྲག་ཕུག་ཏུ་གནས་བཅས་ཏེ་འཚོ་བ་སྤྱོད་པ་ལས་རིམ་བཞིན་མི་རུ་འགྱུར་ཏེ་དེང་དུས་ཀྱི་བོད་མི་འདི་བྱུང༌། སྐབས་དེའི་མི་རྣམས་ལ་དཔོན་གཡོག་གི་གྲལ་རིམ་དང༌། ས་ཁོངས་དང་སྡེ་རིས་ཀྱི་ཁྱད་པར། ཕུ་ནུ་དང་གཉེན་ཉེའི་ཐ་སྙད། རང་སྡེ་དང་དགྲ་སྡེའི་ཆགས་སྡང༌། གྲོང་དང་ཁྱིམ་ཚང་གི་རྣམ་པ་གང་ཡང་མེད་པར་མི་ཐམས་ཅད་ཐོབ་ཐང་འདྲ་མཉམ་གི་སྒོ་ནས། བཅུ་ཚོ་ཁ་ཤས་ཁྱུ་ཤོག་རེ་བྱས་ཏེ་རི་བོའི་ཞོལ་དང༌། རྒྱ་མཚོའི་འགྲམ། ནགས་ཀླུང་གི་ཁྲོད་སོགས་སུ་ཉུལ་སྟེ་དབྱུག་པ་དང་རྡོ་གྲི་ཙམ་གྱི་ལག་ཆ་ལ་བརྟེན་ནས་རི་དྭགས་རྔོན་པ་དང༌། ཤིང་འབྲས་ཟ་ཞིང་ཤིང་ལོ་གྱོན་པ་སོགས་ཀྱི་འཚོ་བ་རོལ་བཞིན་ཡོད་ལ། རྗེས་སུ་རྩི་ཤིང་གི་འབྲས་བུ་དང་ཉེ་འཁོར་གྱི་སྔོ་ཚོད་དག་གིས་འཚོ་བའི་དགོས་མཁོ་སྐོང་མི་ཐུབ་པར་བརྟེན་ཡར་ཀླུང་གཙང་པོའི་བརྒྱུད་ཀྱི་ཟོ་དང་ས་ཁུལ་དུ་ས་ཞིང་རྐོ་འདེབས་ཀྱི་ལས་ཀའི་འགོ་ཚུགས་ཏེ་བུ་ཚ་ཕྱི་མ་རྣམས་ལ་སོ་ནམ་གྱི་ལས་ཀ་བསླབས་པ་ཡིན་ཏེ། དམངས་ཁྲོད་ཀྱི་ངག་རྒྱུན་དུའང་ཡུལ་ལ་སྔ་བ་ཡར་ཀླུང༌། ཞིང་ལ་སྔ་བ་ཟོ་དང་ཞེས་ཡོངས་སུ་གྲགས་པ་བཞིན་ནོ།།

ཐོག་མའི་ཡི་གེ་བྱུང་ཚུལ།[རྩོམ་སྒྲིག]

དུས་རིམ་གོང་མའི་ལོ་རྒྱུས་ཀྱི་དབུ་མ་བརྙེས་པའི་གོང་དེར་ཞང་ཞུང་གི་ཡུལ་དུ་མི་རབས་དུ་མ་ཞིག་བྱུང་ཡོད་པ་དང་། བོན་གྱི་ལུགས་འགའ་ཡང་དར་སྲོལ་བྱུང་ཡོད་པ་དེ་ལྟར་ན། དུས་སྐབས་དེ་དག་ཏུ་ཡི་གེའི་སྒོ་ནས་ཕན་ཚུན་བརྡ་སྤྲོད་པའམ་དེ་དང་ཕྱོགས་འདྲ་བའི་ཤེས་རིག་འགའ་རེ་བྱུང་མེད་པའི་ངེས་པ་ཅི་ཞིག་ཡོད། སྨོན་པའི་མི་བོ་ལུམ་ལུམ་ནས་གཤེན་རབ་མི་བོ་ཆེའི་ཡབ་རྒྱལ་བོན་ཐོད་དཀར་གྱི་བར་དམུ་རྒྱལ་གྱི་གདུང་རབས་བཅོ་བརྒྱད་བྱོན་ཡོད་པའི་ཚུལ། ཡ་ཐོག་ཞང་ཞུང་གི་བོན་རབས་བཤད་པའི་སྐབས་གསལ་བར་སྤྲོས་ཡོད་པའི་རྒྱལ་རབས་དེ་རྙེད་ཀྱི་རིང་ལ་ཕན་ཚུན་བརྡ་སྤྲོད་པའི་ཆ་རྐྱེན་དང་། རྒྱལ་ཁམས་ལ་དབང་བྱེད་པའི་ཆ་རྐྱེན་དུ་ཡི་གེའི་སྦྱོར་བ་ཅི་རིགས་ཤིག་བེད་སྤྱོད་བྱས་ཡོད་དམ་མེད་པའི་སྐོར་འདི་རིགས་ནི་ཆེས་སྔ་བའི་ལོ་རྒྱུས་ཤིག་ཡིན་པ་དང་། ལོ་རྒྱུས་དེ་རིགས་ཀྱི་ཁུངས་སྟོན་བྱེད་གནའ་བོའི་ཡིག་རྙིང་འགའ་ཞིག་ཀྱང་འཐོབ་ཏུ་མེད་པར་བརྟེན། ད་ལྟའི་དུས་སུ་རྟོགས་ཤིན་ཏུ་དཀའ་བ་ཡིན། དེ་ལྟར་ནའང་གཤེན་རབ་མི་བོ་ཆེས་བོན་བསྟན་ཅིང་། ཡི་གེའི་སྲོལ་གསར་དུ་མཛད་པའི་ལོ་རྒྱུས་འདི་ནི་བོན་གྱི་ཡིག་ཆ་ཕལ་མོ་ཆེར་ཡོངས་གྲགས་པ་ཡིན་སྟབས། གཤེན་རབ་བྱོན་པ་ནས་བཟུང་རང་རེས་ཞང་ཞུང་གི་ཡི་གེ་བྱུང་ཡོད་པའི་ཚུལ་ངེས་པར་དུ་ལབ་ཆོག་ལ། ལུང་དང་རིག་པ་གང་ལ་བརྟེན་ནའང་ཚུལ་མཐུན་ཞིག་ཏུ་མངོན་ཐུབ། ལེགས་བཤད་རིན་པོ་ཆེའི་མཛོད〔པེ159ཕ12〕ལས་བོད་ཀྱི་ཡི་གེ་ནི་དང་པོ་སངས་རྒྱས་ཀྱིས་མཛད་དེ། མདོ་ལས། ཡི་གེ་སུམ་ཅུས་བོན་གྱི་ཁོག་ཡང(ཀྱང)ཕུབ། མགོ་ཡིས་ལམ་དྲངས་ཤད་ཀྱི་མདོ་ཡང་བཅད། །ཚིག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། །གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་ཡིས། །སྐབས་སྦྱར་དོན་དུ་ཡན་ལག་རྒྱས་པར་བཏགས། །ཞེས་པས། དང་པོ་དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། དེ་ནས་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་ནས་སྨར་སྦྲག་ཏུ་བསྒྱུར། དེ་ནས་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཅན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲུ་མར་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་ཞེས་གྲགས་སོ། །ཞེས་ཤིན་ཏུ་ཞལ་གསལ་བར་བསྟན་ལ། ཡི་གེའི་ཐོག་མའི་བྱུང་ཁུངས་ནི་གཤེན་རབ་མི་བོ་ཆེ་ལ་གཏུགས་འདུག

ཡ་ཐོག་ཡི་གེ་བསྟན་པ།[རྩོམ་སྒྲིག]

གཤེན་རབ་མི་ཆེས་ཡ་ཐོག་གི་ཡི་གེ་ཇི་ལྟར་བསྟན་ཡོད་པའི་སྐོར་ནི་རིན་ཆེན་གཏེར་ཁྱིམ〔ཐོབ12ཤ6ན5〕ལས་ཡི་གེར་མཁས་པ་ཡིག་ལྷ་འཕྲུལ་བུ་ལ། འཕྲུལ་ཡིག་བཞི་བཅུའི་རྣམ་དབྱེ་རྒྱས་པར་གསུངས། ཡི་གེའི་འབྱུང་ཁུངས་ཐོག་མ་དེ་ནས་བྱུང་། ཞེས་གཤེན་རབ་མི་བོ་ཆེས་ཡིག་ལྷ་འཕྲུལ་བུ་ལ། འཕྲུལ་ཡིག་བཞི་བཅུའི་རྣམ་དབྱེ་བསྟན་མཛད་པ་དེ་ནི་ཞང་ཞུང་ཡ་ཐོག་གི་ཡི་གེའི་འབྱུང་ཁུངས་ཡིན་པ་གསལ་བར་བསྟན་པ་ཡིན། འཕྲུལ་ཡིག་བཞི་བཅུའི་རྣམ་དབྱེའི་སྐོར་ནི་བརྡ་སྤྲོད་ཉི་ཤུ་བདུན་པ〔ཐོབ363ཤ2ན 2〕ལས་ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར། །དོན་ལ་སྦྱོར་བའི་མཚན་ཉིད་འཛིན། །ངོ་བོ་འཕྲུལ་ཡིག་བཞི་བཅུའོ། །དཔའ་བོ་འབྲུ་ལྔ་ལས་བྱུང་བའི། །འབྱུང་ཆེན་རིམ་པ་ཀྵ་ཀ་ཁ། །ག་ང་ཧ་ཨ་ཨཾ་བརྒྱད་པོ། །ནམ་མཁའི་ཁམས་ཡིན་ཨཱོྃ་ལས་བྱུང་། །འོག་མ་རྣམས་ཀྱང་དེ་བཞིན་ཏེ། །ཨེ་ཎ་ར་བྷི་ཥྚ་བརྒྱད་པོ། །མེ་ཡི་ཁམས་ཡིན་རཾ་ལས་བྱུང་། །ཨ་ཏ་ལ་ས་མྟང(མྷང)བརྒྱད་པོ། །ས་ཁམས་ཡིན་སྲུ་ལས་བྱུང་། །ཨུ་པ་ཟ་འ་ཨཿབརྒྱད་པོ། །ཆུ་ཡི་ཁམས་ཡིན་ཁཾ་ལས་བྱུང་། །ཨི་ཙ་ཡ་ཤ་ཞ་བརྒྱད་པོ། །རླུང་གི་ཁམས་ཡིན་ཡཾ་ལས་བྱུང་། །དེ་དག་འབྱུང་ཆུང་སྡེ་ལྔ་རུ། །དབྱེ་བའི་རིམ་པ་ཀྵ་ཨེ་ཨོ། །ཨུ་ཨི་ཨཾ་ཨཿདང་བརྒྱད། །རླུང་གི་སྡེ་ཡིན་ཆེན་པོའོ། །ཀ་ཅ་ཏ་པ་ཙ་ཞ་ར། །ཧ་བརྒྱད་ས་སྡེ་དྲག་པོའོ། །ཁ་ཆ་ཐ་པ་ཚ་ཟ་ལ། །ཨ་བརྒྱད་ཆུ་སྡེ་འབྲིང་པོའོ། །ག་ཇ་ད་བ་ཛ་འ་ཤ། །བྷི་བརྒྱད་མེ་སྡེ་ཞན་པའོ། །ང་ཉ་ན་མ་ལྔ་ཡ་ས། །མྷིང་བརྒྱད་མཁའ་སྡེ་རྔུབ་པའོ། །འབྱུང་ཁུངས་སྡེ་ཚན་བརྒྱད་པོ་ལ། །ཡི་གེ་ལྔ་ལྔར་ཕྱེ་བ་ལས། །དང་པོ་ཀྵ་ཀ་ལ་སོགས་ལྔ། །མགྲིན་པའི་གནས་ལས་སྐྱེ་བ་ཡིན། །འོག་མ་བདུན་ཡང་དེ་བཞིན་ཏེ། །ཨེ་ཨོ་ཨུ་ཨི་ཨཾཿཥྚ། །སྡེ་ཚན་ལྷག་མ་བདུན་པོ་སྦྱར། །འབྱུང་ཁུངས་རིམ་པས་རྐན་ལྕེ་མཆུ། །སྣ་སོ་སྤྱི་ཁོག་བདུན་ལས་སྐྱེ། །འབྱུང་བ་རིམ་པས་ཤིང་མེ་ས། །ཆུ་རླུང་ལྕགས་རི་ནམ་མཁའོ། །ཡི་གེ་བཞི་བཞི་ཡོད་པ་ཡི། །ཀློག་པའི་ཐང་བབ་སྡེ་ཚན་བརྒྱད། །དབྱངས་ཡིག་ལྷག་མ་བརྒྱད་དང་བཅས། །ངེས་པའི་ཐོ་ཡིག་བཞི་བཅུར་འདོད། །ཅེས་པ་དེ་རྣམས་ཀྱིས་ཞང་ཞུང་གི་ཡི་གེའི་ཕྱི་མོ་ནི་འཕྲུལ་གྱི་ཡི་གེ་བཞི་བཅུའི་གྲངས་སུ་བཞུགས་པ་དེ་རྣམས་ཡིན་པ་དང་། འཕྲུལ་གྱི་ཡི་གེ་དེ་རྣམས་དཔའ་བོ་འབྲུ་ལྔ་ལས་བྱུང་ཡོད་པའི་ཚུལ་གསལ་དུ་བསྟན་པ་ཡིན། དཔའ་བོ་འབྲུ་ལྔ་རུ་གྲགས་པ་དེ་རྣམས་ནི(ཨཱོྃ་རཾ་སྲུ་ཁཾ་ཡཾ)ལྔ་པོ་ཡིན་ལ་རྒྱུ་མཚན་གང་ཞིག་ལ་བརྟེན་ཏེ་འཕྲུལ་ཡིག་བཞི་བཅུ་བོ་རྣམས་དཔའ་བོ་འབྲུ་ལྔ་ལས་ཤར་བ་ནི་བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ〔ཐོབ392ཤ5ན5〕ལས་བར་སྐབས་སུ་དཔོ་བཟའ་ཐང་མོ་བདུད་ཁྱབ་པས་བསླུས་སྐབས་གཏོ་སྒྲོམ་མེས་བསྲེགས་ཏེ་དཔའ་བོ་འབྲུ་ལྔ་ལས་མ་ལོན་པར་དཔའ་བོ་འབྲུ་ལྔའི་ཁོངས་ནས་འཕྲུལ་ཡིག་བཞི་བཅུ་བྱུང་ཞིང་སྟོན་པས་བྱིན་གྱིས་བརླབས་པར་མཛད་དོ། ཞེས་པས་ངེས་ཤེས་ཐུབ་ཅིང་། གཏོ་སྒྲོམ་མེས་བསྲེགས་པ་དང་། གཤེན་རབ་ཀྱི་ཕྱག་ཏུ་དཔའ་བོ་འབྲུ་ལྔ་བྱུང་བ་ལས་འཕྲུལ་གྱི་ཡི་གེ་རྣམས་བྱུང་བའི་ཚུལ་འདི་ནི་གཤེན་རབ་ཀྱི་མཛད་མདོ་གཟེར་མིག〔ཐོབ་ག690ཤ65ན1〕ལས་སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད། ཡིག་འབྲུ་ཁྲི་དང་འབུམ་ཡོད་པའི་། ཡིད་ཀྱི་ཁྱེའུ་ཆུང་ལ་བསྐུར་ནས། གཏོ་ཡི་བཀའ་སྒྲོམ་ཡང་ཆུང་ན། ཐ་རམ྇་རྒྱ་ཡིས་བཏབ་ནས་ཡོད། བོན་གྱི་ཕུག་ནི་འདི་ལ་ཐུག ཅེས་པས་གཏོའི་བཀའ་སྒྲོམ་ཞེས་པ་དེ་གང་ཞིག་ཡིན་པ་བསྟན་ནས་ཡང〔65ན5〕ལས་བདུད་ཀྱིས་བཙུན་མོའི་སྙིང་དུ་ཞུགས། དུག་ཚེར་མང་པོའི་མེར་བཏང་ནས། གཏོ་སྒྲོམ་ཡང་ཆུང་ཞུགས་ལ་གཞེན(ཞེངས)། ཡིད་ཀྱི་ཁྱེའུ་ཆུང་ཕྲད་ཀྱིས་སད། སྙིང་རྩ་འབྲེང་ཞིང་ལུས་པོ་འགུལ། ཅི་ཉེས་སེམས་ནས་བལྟས་ཙ་ན། བཙུན་མོ་དཔོ་ཟ་རྐོང་ཟ་དང་། བདུད་རྗེ་ཁྱབ་པ་ལག་རིང་གསུམ། དུག་ཚེར་མང་པོ་མེ(མེར)སྤུངས་ནས། གཏོ་སྒྲོམ་ཡང་ཆུང་སྲེག་ཅིང་སྣང་། ཁུས་བཏབ་དམག་བཟློག་བརྒྱུགས་ཙ་ན། བདུད་རྗེ་ཁྱབ་པ་ཡུལ་དུ་བྲོས་ཏེ་སོང་། ཁྱེའུ་ཆུང་གིས་མེ་ལ་རྙབས་པ་ལ། བེ་བུམ་ཚིག་འཕྲོ་སྤར་གང་ཐོབ། ཕྱི་མ་དུག་ཚེ(ཚེར)མེ་ཡིས་ཚིག ཅེས་པས་བཙུན་མོ་གཉིས་བདུད་ཀྱིས་བསླུས་ཏེ་གཏོ་སྒྲོམ་བསྲེགས་པ་དང་། ཡིད་ཀྱི་ཁྱེའུ་ཆུང་ལ་ཚིག་འཕྲོ་སྤར་གང་ཐོབ་ཚུལ་བསྟན་པ་དང་ཡང〔694ཤ67ན3〕ན་དེ་ནས་ཡིད་ཀྱི་ཁྱེའུ་ཆུང་གིས་བདུད་ཀྱི་མེ་ནང་ནས། བེ་བུམ་ཚིག་འཕྲོ་གཅིག་ཐོབ་པ། སྟོན་པ་ལ་ཕུལ་ཞེས་དང་ཡང〔695ཤ67ན3〕ལས་བེ་བུམ་ཚིག་འཕྲོར་གཟིགསས་པས། ཡི་གེ་དཔའ་བོ་འབྲུ་ལྔ་མ་ཚིག་པར་གསལ་བར་སྣང་། ཞེས་དང〔695ཤ67ན3〕ལས་ཡི་གེའི་ས་བོན་དཔའ་བོ་འབྲུ་ལྔ་ལས། འཕྲུལ་གྱི་ཡི་གེ་སུམ་ཅུ་རྩ་བརྒྱད་གྱེས་སོ། ཞེས་གསུངས་པས་གསལ་བར་བསྟན་ཡོད་པ་དེ་རེད། ཚུལ་འདི་ཡི་གེའི་ཐོག་མ་ཇི་ལྟར་བྱུང་བའི་ཁུངས་མཛད་སྲོལ་བྱུང་ཡོད་ནའང་ལེགས་པར་དཔྱད་ན་བདུད་ཀྱིས་གཏོ་སྒྲོམ་དུ་ཡོད་པའི་ཡིག་འབྲུ་ཁྲི་དང་འབུམ་བསྲེགས་པ་དེ་ཀུན་ཡི་གེ་ཡིན་པ་དང་། དེ་དུས་སུ་ཡི་གེ་ཡོད་པ་ཡིན་སྟབས་དཔའ་བོ་འབྲུ་ལྔ་ལས་ཤར་བའི་འཕྲུལ་ཡིག་འདི་རྣམས་ཡི་གེའི་ཐོག་མར་བཞག་མི་རུང་བ་མངོན་སུམ་དུ་བསྟན་པ་ཡིན། དེ་ལྟར་ནའང་ཞང་ཞུང་གི་ལོ་རྒྱུས་ཡོད་པ་ནས་བཟུང་ཡི་གེར་བཀོད་པའི་དཔེ་འདི་ནི་དཔའ་བོ་འབྲུ་ལྔ་ལས་ཤར་བའི་འཕྲུལ་ཡིག་དེ་རྣམས་ཡིན་སྟབས། དུས་རིམ་གོང་མའི་སྔོན་ན་ཡི་གེ་ཡོད་མེད་ལ་མ་ལྟོས་པར་ཚུལ་འདི་ནི་ཞང་ཞུང་གི་ཡི་གེའི་ཁུངས་སུ་བརྩི་འོས་པ་ནི་སྨོས་མ་དགོས་པ་རེད། ཡ་ཐོག་གི་འཕྲུལ་ཡིག་དེ་རྣམས་ཀྱི་རྣམ་གྲངས་བཞི་བཅུའམ་སུམ་ཅུ་སོ་བརྒྱད་ཡོད་ཚུལ་ཞལ་གསལ་དུ་བསྟན་མོད། ཡི་གེའི་རྣམ་པའམ་བཟོ་དབྱིབས་ཇི་ལྟར་ཡིན་པའི་ཚུལ་ཞལ་གསལ་དུ་བསྟན་པ་འགའ་ཡང་མི་སྣང་ལ་གཤེན་རབ་མི་བོ་ཆེས་བསྟན་པ་གང་ལ་བཞག་པའི་རྒྱལ་པོ(རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ)ཞེས་སུ་གྲགས་པ་དེ་སྐུ་བལྟམས་པའི་ལོ་རྒྱུས་ཏེ། གཟེར་མིག〔ཐོབ་ཁ695ཤ67ན3〕ལས་འཕྲུལ་ཡིག་ཀོང་རྩེ་སུམ་ཅུ་འཁོར་བར་བྲིས་པས། རྒྱ་ཀོང་རྩེ་འཕྲུལ་གྱི་རྒྱལ་པོར་མིང་དུ་བཏགས་སོ། ཞེས་པ་འདིར(ཀོང་རྩེ་སུམ་ཅུ)ཞེས་འཁོད་སྟངས་ལ་དཔྱད་ན་ཡིག་འབྲུའི་བཟོ་དབྱིབས་ལས་ཐ་སྙད་དེ་འདྲ་ཞིག་བྱུང་བ་ལྟར་སྣང་མོད། དངོས་དོན་དུ(ཀོང་རྩེའམ་ཀོང་ཙེ)ཞེས་པ་དེ་ནི(འཕྲུལ)གྱི་དོན་ཙམ་དུ་ངེས་པ་ཡིན་ལ། གནའ་དུས་སུ་ཞང་བོད་ཀྱི་སྐད་ཤན་སྦྱར་གྱི་ཚིག(གུ་ལང་གསེར)ཞེས་པ་ལྟ་བུ་མང་པོ་ཞིག་སྤྱད་སྲོལ་ཡོད་པ་ལྟར། ཀོང་རྩེ་ཞེས་པའི་ཚིག་འདིའང་དེ་ལྟར་དུ་བྱུང་ཡོད་པར་མངོན། ཡ་ཐོག་གི་འཕྲུལ་ཡིག་བཞི་བཅུའི་སྐོར་བརྡ་སྤྲོད་ཉི་ཤུ་བདུན་པའི་རྩ་བར་བསྟན་པའི་ལུང་དེའི་དགོངས་དོན་གསལ་བར་རྟོགས་ཐུབ་པའི་ཆེད་དུ་འདིར་བརྡ་སྤྲོད་ཀྱི་གཞུང་རང་གི་ཟུར་བརྒྱན་ཁྱེར་བདེར་བཀོད་པ་ཞིག་ཡོད་པའི〔ཐོབ619ཤ1ན1〕ལས་དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུ་བྱུང་།

འཚོ་བའི་ཐོན་སྐྱེད་སྤྱོད་ཚུལ།[རྩོམ་སྒྲིག]

དེ་ལྟར་བསྐལ་པ་ཡ་ཐོག་གི་སྤྱི་ཚོགས་ཀྱི་འཚོ་བ་དེ་ལོ་གྲངས་འབུམ་ཕྲག་མང་པོ་བརྒྱུད་ནས་དུས་ཡུན་རིང་པོར་དཀའ་སྤྱད་ཀྱི་ངལ་རྩོལ་བྱས་ཏེ་རང་བྱུང་ཁམས་དང་འཐབ་རྩོད་བྱས་པའི་ཉམས་མྱོང་མང་པོ་ཞིག་བསགས་ཡོད་པར་བརྟེན། རིམ་བཞིན་ཐབས་ཤེས་དང་ལག་རྩལ་ལ་ཡར་རྒྱས་ཐོབ་སྟེ་རྡོ་ཆས་དང༌། ཤིང་གི་ཡོ་བྱད་རིགས་མི་འདྲ་བ་མཛེས་ཆ་དང་ལྡན་པ་མང་པོ་གསར་བཟོ་ཤེས་པར་མ་ཟད། རུས་གྲི་དང་རུས་ཁབ་སོགས་བཅོས་ནས་རུས་ཆས་བེད་སྤྱོད་བྱེད་རྒྱུ་ཁྱབ་གདལ་དུ་ཕྱིན་ཡོད། སྐབས་དེར་ཆར་རླུང་དང༌། གངས་ཐན་སོགས་འགོག་པའི་ཐབས་སུ་ཤིང་གི་སྤྱིལ་བུ་བཟོ་བ་དང༌། བྲག་ཕུག་ལ་གནས་བཅའ་བ་སོགས་ཐམས་ཅད་ལྷན་ཅིག་ཏུ་འཚོགས་ནས་འཚོ་བ་སྐྱེལ་གྱིན་ཡོད་ལ། ཕོ་མོ་དང་ལོ་གྲངས་ལ་བརྟེན་ནས་ལས་བགོས་བྱས་ཏེ། ཕོ་རྣམས་ཐུན་མོང་གིས་རི་དྭགས་རྔོན་པ་དང༌། མོ་རྣམས་ཐུན་མོང་གིས་རང་བྱུང་གི་སྔོ་ཚོད་འཐུ་བ། རྒན་པོ་རྣམས་ཀྱིས་ཁྱེའུ་རྣམས་སྙོར་སྐྱོང་བྱེད་པ་བཅས་ཀྱི་ལས་ཀ་བྱེད་ཀྱིན་ཡོད། དེ་ལྟར་རིམ་བཞིན་བསམ་བློ་དང་ལག་རྩལ་འཕེལ་རྒྱས་གསར་པ་ཞིག་གི་དུས་རབས་སུ་སླེབས་ཏེ་རྡོ་ཆས་རྣམས་འཇམ་བརྡར་བྱེད་ཅིང༌། སྟ་རེ་དང༌། འཇོར། སྟེའུ་སོགས་ཀྱི་གཟུགས་སུ་བཅོས་ཏེ། བུག་པ་ཕུག་ནས་ཤིང་གི་ཡུ་བ་སྤྲད་དེ་བེད་སྤྱོད་བྱས་ཡོད་འདུག གཙུབས་ཤིང་ལ་བརྟེན་ནས་མེ་སྦར་ཏེ་བཟའ་ཆས་རྣམས་བཙོ་བསྲེག་བྱེད་ཤེས་པ་སོགས་འཚོ་བའི་ཁ་སྟབས་ལ་ཡར་རྒྱས་ཞེ་དྲག་ཕྱིན་པ་དང་དུས་མཚུངས་མི་རྣམས་ཀྱིས་རི་དྭགས་རྔོན་པའི་སྐབས་སུ་རི་དྭགས་འགའ་ཞིག་སྒོ་ཕྱུགས་སུ་བཀུག་པ་རྟ་དང༌། ར། ལུག ཟོག་རྣམས་ཡིན་ལ་དེ་དག་བདག་སྐྱོང་བྱས་པ་ནས་བཟུང་བསྐལ་པ་ཡ་ཐོག་གི་འབྲོག་ལས་ཀྱི་འགོ་ཚུགས་པ་དང༌། སྐྱེ་དངོས་རྣམས་ཀྱི་ཆོས་ཉིད་རགས་རིམ་ཙམ་རྟོགས་ཤིང་ས་བོན་བཏབ་སྟེ་ལོ་ཏོག་སྡུད་ལེན་བྱེད་ཤེས་པ་ནས་བཟུང་བསྐལ་པ་ཡ་ཐོག་གི་ཞིང་ལས་ཀྱི་འགོ་ཚུགས། ཞིང་འབྲོག་ལས་སྒོ་དར་འཕེལ་བྱུང་བ་དང་མི་རྣམས་ཀྱི་འཚོ་བ་ལ་ལེགས་བཅོས་ཆེན་པོ་བྱུང་བར་མ་ཟད། ཐོན་རྫས་ཀྱི་ལྷག་མ་གསོག་འཇོག་བྱས་པས་རིམ་ཞིན་དབུལ་ཕྱུག་གི་རྣམ་པ་བྱུང་སྟབས། དཔོན་གཡོག་དང་གྲལ་རིམ་གྱི་ཁྱད་པར་ཡང་བྱུང་སྟེ་རྟག་པར་ཕན་ཚུན་རྐུན་ཇག་དང་གཡུལ་འཁྲུག་གི་རྩོད་པ་བྱུང་སྟེ་ཐུན་མོང་ཅན་གྱི་བསྐལ་པ་ཡ་ཐོག་གི་འཚོ་བ་དེ། རྩོད་ལྡན་གྱི་དུས་རབས་ནང་དུ་ལྷུང་བའི་འགོ་ཚུགས།

བོད་མིའི་རུས་ཚན་གྱེས་ཚུལ།[རྩོམ་སྒྲིག]

སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོའི 《རྒྱ་བོད་ཡིག་ཚང》དང༌། དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》 འབྲུ་བཀྲ་ཤིས་རྒྱ་མཚོའི《རུས་མཛོད་པད་དཀར་སྐྱེད་ཚལ》བཅས་དང༌། གཞན་ཡང་འབྱུང་རྩིས་ཀྱི་གཞུང་རྣམས་སུ་འཁོད་པའི་བོད་ཀྱི་རུས་ཚན་གྱེས་ཚུལ་སྐོར་གྱི་སྙིང་དོན་རྣམས་མདོར་བསྡུས་ནས་བཤད་ན། བསྐལ་པ་ཡ་ཐོག་ཐུན་མོང་གི་འཚོ་བ་སྤྱོད་པའི་དུས་མཇུག་ཙམ་ལ། ཐོན་རྫས་ཀྱི་ལྷག་མ་གསོག་འཇོག་བྱེད་སྲོལ་བྱུང་བའི་རྐྱེན་གྱིས་མི་རྣམས་ཕན་ཚུན་མ་མཐུན་པར་ས་ཆ་སོ་སོར་གྱེས་པ་ལས་སྒ་འབྲུ་སྦྲ་ལྡོང་བཞི་ཞེས་པའི་རྩ་བའི་རུས་ཆེན་བཞི་པོའི་དབྱེ་སྲོལ་འདི་བྱུང་ཡོད། ཡིན་ནའང་འདི་ལ་བགྲངས་ཚུལ་མི་འདྲ་བ་དང༌། ཡི་གེ་འབྲི་སྟངས་མི་འདྲ་བ་ཡོད་པ། དང་པོ་བགྲངས་ཚུལ་མི་འདྲ་བ་ནི་སྒ་འབྲུ་སྦྲ་ལྡོང་བཞི་ལ། སེ་རྨུ་ལྡོང་སྟོང་བཞི་བགྲངས་སྲོལ་ཡོད་ཀྱང་སེ་དང་ཁྱུང་དང་ སྦྲ་རྣམས་རུས་ཚན་གཅིག རྨུ་དང༌། སྒ་རྣམས་རུས་ཚན་གཅིག སྟོང་དང༌། འབྲུ་ཞེས་པ་རུས་ཚན་གཅིག་ཡིན་སྟབས་དོན་དུ་རུས་ཚན་བཞི་རུ་མ་འདུས་པ་མེད། གཉིས་པ་ཡི་གེ་འབྲི་ཚུལ་མི་འདྲ་བ་ནི། ལྡོང་དང་གདོང་གཉིས། བསེ་དང་སེ་གཉིས། སྦྲ་དང་དབྲ་གཉིས། འབྲུ་དང་འགྲུ་གཉིས། རྨུ་དང་དམུ་གཉིས། སྒ་དང་ལྒ་གཉིས་བཅས་བྱུང་ཡོད་པ་འདི་དག་དོན་གཅིག་ཏུ་སྣང༌། 《རྒྱ་བོད་ཡིག་ཚང་ཆེན་མོ》ལས། དེའང་སྔོན་དང་པོ། ཡུལ་དམའ་ཁ་ཤུལ་གཡག་ཞུར་གྱི་གོང་ཁ་བྱ་བར། སྲིད་པའི་རྒྱལ་བུ་ཐིང་གི་ཞེས་པ་ལ། བུ་གསུམ་བྱུང་བ། རྒྱ་བོད་ཧོར་གསུམ་དུ་གྱེས་པའི། བོད་མི་ཁྲི་དོ་ཆེན་པོ་བྱ་བ་དེ་ལ། བུ་དྲུག་བྱུང་བ་ནི། དབྲའ་འབྲུ་ལྡོང་གསུམ་ལྒ་དང་བཞི། ། ནུ་བོ་དབས་བརྡའ་གཉིས་དང་དྲུག ། བོད་ཀྱི་མི་རྒྱུད་དྲུག་པོ་དེས།། དམའ་ཁ་ཤུ་རས་འདེབས་སྟག་པ་དེར། ། བོད་མི་གསུམ་བུ་དྲུག་ས་བགོས་བྱས།། ལྡོང་གིས་པ་མ་ལེ་པང་ཐོབ།། དབྲ་ཡིས་དབྲ་མོ་རབ་བཀྲ་ཐོབ།། འབྲུ་ཡིས་འབྲུ་མོ་ཕྲོམ་ཕྲོམ་ཐོབ།། སྒ་ཡི་ལྒར་མ་མེ་པོ་ཐོབ།། དབས་བརྡས་རྒྱ་བོད་ས་མཚམས་སུ།། མཚམས་ཀྱི་མདའ་དར་གོང་མ་བཟུང༌།། ཞེས་གསུངས་སོ།།