Jump to content

བསྐལ་པ་

ཡོང་ཁུངས་Wikipedia

བསྐལ་པ་ཞེས་པ་ནི་སངས་རྒྱས་པའི་ཆོས་ལུགས་ཀྱི་དུས་ཚོད་ཀྱི་ཚད་གཞི་རིང་ཤོས་ཤིག་ཡིན་ཞིང་། འཇིག་རྟེན་གྱི་ཁམས་ཆགས་གནས་འཇིག་སྟོང་གི་རིམ་པ་དང་འབྲེལ་བ་ཆེན་པོ་ཡོད། "བར་གྱི་བསྐལ་པ་གཅིག་ཀྱང་བསྐལ་པ་ཡིན་ལ། བར་གྱི་བསྐལ་པ་ཉི་ཤུ་ཡང་བསྐལ་པ་ཡིན་ཞིང་། བར་གྱི་བསྐལ་པ་བརྒྱད་ཅུ་ཡང་བསྐལ་པ་ཡིན་ཏེ། དེ་ལ་ཡང་བསྐལ་པ་ཆེན་པོ་ཞེས་བརྗོད་"[]ཅེས་གསུངས་པ་ལྟར་རོ། །

མཚན་ཉིད།

[རྩོམ་སྒྲིག]

འཇིག་རྟེན་གྱི་ཁམས་ཀྱི་འགྱུར་བ་དང་འབྲེལ་བའི་དུས་ཀྱི་ཚད་གཞི་ཆེན་པོ་ཞིག་ཡིན། "འཇིག་རྟེན་གྱི་ཁམས་ཆགས་གནས་འཇིག་སྟོང་བཞི་པོ་རེ་རེ་ལ་བར་གྱི་བསྐལ་པ་ཉི་ཤུ་རེའི་ཡུན་ཚད་དུ་བྱས་པའི་བར་བསྐལ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་ཞེས་བྱ་"[]ཞེས་གསུངས།

སྒྲ་བཤད།

[རྩོམ་སྒྲིག]

བསྐལ་པ་ཞེས་པའི་སྒྲ་འདི་ནི་ལེགས་སྦྱར་གྱི་སྐད་དུ་"ཀལྤ" (kalpa) ཞེས་པ་ལས་བྱུང་བ་ཡིན་ཞིང་། དེའི་ངོ་བོ་ནི་དུས་ཀྱི་ཚད་གཞི་རིང་པོ་ཞིག་མཚོན་པར་བྱེད།

དབྱེ་བ།

[རྩོམ་སྒྲིག]

བསྐལ་པ་ལ་དབྱེ་ན་གཙོ་བོ་གསུམ་ཡོད་དེ། བར་གྱི་བསྐལ་པ། མི་རྣམས་ཀྱི་ཚེ་ལོ་བཅུ་ནས་དཔག་ཚད་བར་གྱི་བསྐལ་པ་ཞེས་བྱ། "མནར་མེད་པ་བར་གྱི་བསྐལ་པར་བརྗོད་དོ་ཞེས་བསྟན་པའི་ཕྱིར་རོ། །"[]ཞེས་གསུངས། བསྐལ་པ་ཆེན་པོ། "ཆགས་གནས་འཇིག་སྟོང་བཞི་རེ་རེ་ལ་བར་བསྐལ་ཉི་ཤུ་རེ་སྟེ་བརྒྱད་ཅུ་ལ་བསྐལ་ཆེན་ཞེས་བྱ་"[]ཞེས་གསུངས། བསྐལ་པ་གྲངས་མེད། "བསྐལ་པ་མང་པོར་ཏེ་བསྐལ་པ་གྲངས་མེད་པ་དང་པོའི་ཁོངས་སུ་གཏོགས་པ་རྣམས་སོ། །"[]ཞེས་དང་། "བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས།"[] ཞེས་དང་དེ་བཞིན་དུ། "བསྐལ་པ་དུ་མར་ཏེ་གྲངས་མེད་གསུམ་དུ་སེམས་ཅན་ལ་ཕན་པའི་ཐབས་ལ་རབ་ཏུ་དགོངས་ཤིང་དཔྱད་པར་མཛད་པའི་ཐུབ་དབང་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འདི་ཉིད་སེམས་ཅན་ལ་ཕན་པར་གཟིགས་"[]ཞེས་དང་། "ཚོགས་དམ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐལ་པ་གྲངས་མེད་གཅིག་ཏུ་བསགས་པ་ལས་"[]ཞེས་གསུངས་པ་དེ་བཞིན་ནོ། །

ཁྱད་པར་གྱི་བསྐལ་པ།

[རྩོམ་སྒྲིག]

མཚོན་གྱི་བསྐལ་པ་བར་མ། "མི་རྣམས་ཚེ་ལོ་བཅུ་པའི་དུས་དེར་ཐོག་མར་མཚོན་གྱི་བསྐལ་པ་ཞག་བདུན་གྱིས་དམྱལ་ཐག་པར་བྱེད་དོ། །"[]ཞེས་གསུངས། ནད་ཀྱི་བསྐལ་པ་བར་མ། "དེའི་ལྷག་མ་རྣམས་ནད་ཀྱི་བསྐལ་པ་ཞག་བདུན་དང་ཟླ་བ་བདུན་གྱིས་དམྱལ་ཐག་གཅོད་དོ། །"[༡༠]ཞེས་གསུངས། མུ་གེའི་བསྐལ་པ་བར་མ། "མུ་གེའི་བསྐལ་པ་བར་མའི་ཚེ་བདག་ནི་ཟས་དང་སྐོམ་དུ་གྱུར་ནས་བཀྲེས་སྐོམ་སེལ་ནུས་པར་གྱུར་ཅིག"[༡༡] ཅེས་དང་། "མུ་གེའི་བསྐལ་པ་བར་མའི་ཚེ་བདག་ནི་ཟས་དང་སྐོམ་དུ་གྱུར།"[༡༢] ཞེས་གསུངས། ཁོང་ཁྲོས་དགེ་བ་འཇོམས་པའི་ཚད། "འཇམ་དཔལ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བའི་རྩ་བ་་འཇོམས་པར་བྱེད་པ་སྟེ།"[༡༣] ཞེས་དང་། "བསྐལ་པ་ཆེན་པོ་སྟོང་ཕྲག་གི་བར་དུ་བྱས་ཤིང་བསགས་པ་ཡི་སྦྱིན་པ་གསུམ་བྱས་པ་ལས་བྱུང་བའི་དགེ་རྩ་"[༡༤]སོགས་ཁོང་ཁྲོ་གཅིག་གིས་འཇོམས་པར་གསུངས་སོ། །སྡུག་བསྔལ་ཉམས་མྱོང་གི་དུས་ཡུན། "ཡུངས་ཀར་ལྟར་འཚིར་བ་དང༌། ཀར་ཥ་པ་ཎ་ཙམ་དུ་གཏུབ་པ་སོགས་གྲངས་མེད་པ་བསྐལ་པ་ཐམས་ཅད་གཏུགས་པར་མྱོང་དགོས་"[༡༥]ཞེས་གསུངས་པ་ལྟར་དམྱལ་བའི་སྡུག་བསྔལ་མྱོང་བའི་དུས་ཡུན་བརྗོད་པ་ལའང་བསྐལ་པའི་ཐ་སྙད་འདི་བེད་སྤྱོད་མཛད་དོ། །

བསྐལ་པའི་ཡུན་ཚད།

[རྩོམ་སྒྲིག]

"བསྐལ་པ་འཇིག་པའི་དུས་མཐའི་མེས་བསམ་གཏན་དང་པོ་མན་ཆད་ཀྱི་སྣོད་སྲེག་པར་བཞིན་དུ་"[༡༦]ཞེས་གསུངས་པ་ལྟར་བསྐལ་པ་འཇིག་པའི་དུས་སུ་འཇིག་རྟེན་གྱི་ཁམས་མེས་ཚིག་པའི་ཡུན་ཚད་ཀྱང་ཡོད།

བསྐལ་པ་དང་འབྲེལ་བའི་དགེ་རྩའི་ཚོགས།

[རྩོམ་སྒྲིག]

"བསྐལ་པ་སྟོང་དུ་བསགས་པ་ཡི་སྦྱིན་པ་དང་བདེ་གཤེགས་ལ་སོགས་དཀོན་མཆོག་གསུམ་མཆོད་པ་དང་ལེགས་སྤྱད་དེ་ཚུལ་ཁྲིམས་གང་ཡིན་པ་དེ་དག་ཀུན་ཀྱང་ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད་"[༡༧]ཅེས་དང་། "འཇམ་དཔལ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བའི་རྩ་བ་འཇོམས་པར་བྱེད་པ་སྟེ།"[༡༨] ཞེས་གསུངས། གཞན་ཡང་། "རྒྱལ་བ་མྱ་ངན་ལས་འདའ་བར་བཞེད་པ་ལ་ཐལ་མོ་སྦྱར་ཏེ་གསོལ་བ་ནི་འགྲོ་བ་འདི་རྣམས་མ་རིག་པས་བློ་གྲོས་ཀྱི་མིག་ལྡོངས་པར་མི་དགོད་ཅིང་སྟེ་མ་རིག་པའི་མུན་པ་བསལ་བའི་ཆེད་དུ་བསྐལ་པ་གྲངས་མེད་པར་བཞུགས་པར་གསོལ་ལོ། །"[༡༩]ཞེས་གསུངས། "བསྐལ་པ་གངྒཱའི་བྱེ་སྙེད་དུ་ལུས་དེ་སྙེད་ཀྱིས་ཞིང་ཁམས་དེ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་བཀང་བ་བྱིན་པ་དང་།"[༢༠] ཞེས་གསུངས་པ་ལྟར་བསྐལ་པ་ནི་དཔེ་བརྗོད་ཀྱི་ཚུལ་དུའང་བེད་སྤྱོད་བྱེད་དོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ 11
  2. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ 499
  3. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ 80
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ 298-299
  5. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ 11
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ 110
  7. ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 10-11
  8. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ 54
  9. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 162
  10. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 162-163
  11. ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 44-45
  12. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 162
  13. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 88
  14. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ 499
  15. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 497
  16. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ 17
  17. ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 88
  18. ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 88
  19. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ 52
  20. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 184