བསྐང་བཤགས་ཉམས་ཆག་རང་གྲོལ་གྱི་ཐུགས་དམ་བསྐང་བའི་རིམ་པ་

ཡོང་ཁུངས་Wikipedia

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བསྐང་བཤགས་ཉམས་ཆག་རང་གྲོལ་གྱི་ཐུགས་དམ་བསྐང་བའི་རིམ་པ་བཞུགས་སོ།། ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྐང་བཤགས་ཉམས་ཆག་རང་གྲོལ་ཉམས་སུ་ལེན་པར་འདོད་པས། གནས་ཡིད་དང་མཐུན་པར་ཕྱག་དར་རྐྱང་ནུལ་བྱས་ལ་སྟེགས་བུ་ནག་འཇམ་མཁྲེགས་པའི་སྟེང་དུ་ཞི་ཁྲོའི་དཀྱིལ་འཁོར་བྲི། དབང་བསྐུར་བར་འདོད་ན་བུམ་པ་ལྔ་དང་དབང་རྫས་རྣམས་སྟ་གོན་བྱ། ཆོ་ག་ལའང་རྣམ་རྒྱལ་བུམ་པ་དཀྱིལ་འཁོར་དབུས་སུ་བཞག་གོ །དཀྱིལ་འཁོར་གྱི་མཐའ་བསྐོར་དུ་བྷནྡྷ་བརྒྱ་དང་རྩ་བརྒྱད། རཀྟ་བརྒྱ་དང་རྩ་བརྒྱད། གཏོར་མ་བརྒྱ་དང་རྩ་བརྒྱད། ལྷ་བཤོས་བརྒྱད་དང་རྩ་བརྒྱད། ཐབས་ཤེས་ཚོགས་རྫས་ཤ་ཟན་བརྒྱ་དང་རྩ་བརྒྱད། སྣང་གསལ་མར་མེ་བརྒྱ་དང་རྩ་བརྒྱད་ཀྱིས་བསྐོར། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་ལ་གཏོར་མ་བཟང་དུ་བཤམས། དེའི་ཕྱི་རོལ་དུ་ཕྱི་ནང་གསང་གསུམ་གྱི་མཆོད་པ་རྒྱས་པར་བཤམས། བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་རྟེན་ཡོད་ནའང་བཀྲམ། དེ་ནས་རྡོ་རྗེ་སློབ་དཔོན་འདུས་པ་རྒྱ་མཚོ་དང་བཅས་པ་བདེ་བའི་སྟན་ལ་འཁོད་ནས་སྐྱབས་སུ་འགྲོ་བ་དང་སྔོན་འགྲོ་གསེར་སྐྱེམས་ནས་བཟུང་སྟེ་ལས་བྱང་ཚོར་བ་རང་གྲོལ་ལྟར་བསྟོད་པ་ཡན་ཆད་རྒྱས་པར་བྱ། དེ་ནས་རྡོ་རྗེ་སློབ་དཔོན་འདུས་པ་རྒྱ་མཚོ་རྣམས་ལ་སྔོན་གྱི་བྲམ་ཟེ་དུང་གི་ཕྲེང་བ་ཅན་གྱི་ལོ་རྒྱུས་དང༌། ན་རཀ་དོང་སྤྲུགས་ཀྱི་ལོ་རྒྱུས་བཤད། དངོས་གཞི་ལ་གསུམ་སྟེ། འགྱོད་ཚངས་བཤགས་པའི་རིམ་པ་དང་ཐུགས་དམ་བསྐང་བའི་རིམ། དབང་བསྐུར་གནས་སྤར་གྱི་རིམ་པའོ། །དང་པོ་འགྱོད་ཚངས་བཤགས་པའི་རིམ་པ་ལའང་བཞི་སྟེ། ལུས་ཀྱི་སྒོ་ནས་མོས་གུས་ཕྱག་གི་བཤགས་པ་དང་གཅིག །ངག་གི་སྒོ་ནས་བྱིན་རླབས་སྔགས་ཀྱི་བཤགས་པ་དང་གཉིས། ཡིད་ཀྱི་སྒོ་ནས་རྟོག་ཚོགས་ལྟ་བའི་བཤགས་པ་དང་གསུམ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྨྲེ་བཤགས་འགྱོད་ཚིག་གི་བཤགས་པ་དང་བཞིའོ། །དང་པོ་ལུས་ཀྱི་སྒོ་ནས་མོས་གུས་ཕྱག་གི་བཤགས་པ་ནི། བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ལྟར་འཚལ་ལོ། །ངག་གི་སྒོ་ནས་བྱིན་རླབས་སྔགས་ཀྱི་བཤགས་པ་ནི། རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ་ཞིང་ཡི་གེ་བརྒྱ་པ་ཅི་ནུས་བཟླ་ཞིང་ཡེ་ཤེས་སྐུ་མཆོག་ཀྱང་བྱའོ། །ཡིད་ཀྱི་སྒོ་ནས་རྟོག་ཚོགས་ལྟ་བའི་བཤགས་པ་ནི། ལྟ་བའི་ཀློང་བཤགས་ལྟར་བྱའོ། །ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྨྲེ་སྔགས་འགྱོད་ཚིག་གི་བཤགས་པ་ནི། རཱུ་ཏྲའི་སྨྲེ་སྔགས་དང་ཀློང་བཤགས་བརྗོད་པ་རང་གྲོལ་གྱི་ནང་ནས་གང་ཡོད་བརྗོད་པར་བྱ། ཡང་ན་དྲི་མེད་བཤགས་རྒྱུད་ལས་གསུངས་པའི་སྨྲེ་བཤགས་ཆེན་མོ་ལྟར་བྱའོ། །དེ་དག་ནི་འགྱོད་ཚངས་བཤགས་པའི་རིམ་པའོ། །གཉིས་པ་ཐུགས་དམ་བསྐང་བའི་རིམ་པ་ལ་བཞི་སྟེ། ཕྱི་ཐུན་མོང་མཆོད་པའི་རྫས་ཀྱིས་བསྐང་བ་དང༌། ནང་ཐུན་མོང་མ་ཡིན་པའི་རྫས་ཀྱིས་བསྐང་བ་དང༌། གསང་བ་ཁྱད་པར་བླ་མེད་ཚོགས་ཀྱིས་བསྐང་བ་དང༌། དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱིས་བསྐང་བའོ། །སྐབས་འདིར་ཚོགས་ཀྱི་ཡོ་བྱད་ཐམས་ཅད་བཤམས་ལ་བསང་སྦྱངས་བྱིན་གྱིས་བརླབས་ལ་བཞག །དང་པོ་ཕྱི་ཐུན་མོང་མཆོད་པའི་རྫས་ཀྱིས་བསྐང་བ་ནི། ཡོན་ཆབ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་མཆེད་ལྕམ་རྣམས་ཀྱིས་བཟུང་ནས་དཀྱིལ་འཁོར་བསྐོར་ཞིང༌། ཡིད་ཀྱིས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་དམིགས་ཤིང་དབྱངས་སྙན་པོས་འདི་སྐད་དོ། ཧཱུྃ། སྟོང་གསུམ་འདིའམ་གཞན་དག་ན། །ལྷ་རྫས་མཆོག་གི་ཡོན་ཆབ་དང༌། །ལྷ་རྫས་མཆོག་གི་ཞབས་བསིལ་འདི། །རྒྱུ་རྐྱེན་རྣམ་པར་དག་པའི་རྫས། །བླ་མེད་མཆོག་གི་མཆོད་པ་འདིས། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་དང༌། །དམ་ཅན་རྒྱ་མཚོ་ལ་སོགས་པའི། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༌། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། ཧཱུྃ། སྟོང་གསུམ་འདིའམ་གཞན་དག་ན། །ལྷ་རྫས་མཆོག་གི་མེ་ཏོག་དང༌། །ལྷ་རྫས་མཆོག་གི་བདུག་སྤོས་འདི། །རྒྱུ་རྐྱེན་རྣམ་པར་དག་པའི་རྫས། །བླ་མེད་མཆོག་གི་མཆོད་པ་འདིས། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་དང༌། །དམ་ཅན་རྒྱ་མཚོ་ལ་སོགས་པའི། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༌། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། ཧཱུྃ། སྟོང་གསུམ་འདིའམ་གཞན་དག་ན། །ལྷ་རྫས་མཆོག་གི་སྣང་གསལ་དང༌། །ལྷ་རྫས་མཆོག་གི་དྲི་ཆབ་འདི། །རྒྱུ་རྐྱེན་རྣམ་པར་དག་པའི་རྫས། །བླ་མེད་མཆོག་གི་མཆོད་པ་འདིས། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་དང༌། །དམ་ཅན་རྒྱ་མཚོ་ལ་སོགས་པའི། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༌། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། ཧཱུྃ། སྟོང་གསུམ་འདིའམ་གཞན་དག་ན། །ལྷ་རྫས་མཆོག་གི་ཞལ་ཟས་དང༌། །ལྷ་རྫས་མཆོག་གི་རོལ་མོ་འདི། །རྒྱུ་རྐྱེན་རྣམ་པར་དག་པའི་རྫས། །བླ་མེད་མཆོག་གི་མཆོད་པ་འདིས། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་དང༌། །དམ་ཅན་རྒྱ་མཚོ་ལ་སོགས་པའི། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༌། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཞེས་ཕྱི་མཆོད་ཀྱིས་ཐུགས་དམ་བསྐང་ངོ༌། །གཉིས་པ་ནང་ཐུན་མོང་མ་ཡིན་པའི་རྫས་ཀྱིས་བསྐང་བ་ལའང་བཞི་སྟེ། དང་པོ་བདུད་རྩི་སྨན་གྱིས་བསྐང་བ་ནི། མཆེད་ལྕམ་རྣམས་ཀྱིས་ལག་པ་གཡས་སུ་བདུད་རྩི་བཟུང༌། གཡོན་པའི་སྲིན་ལག་གིས་བདུད་རྩི་འཐོར་ཞིང་དཀྱིལ་འཁོར་བསྐོར་ལ་འདི་སྐད་དོ། ཧཱུྃ། ཀུན་གཞི་ཀློང་ཡངས་བྷནྡྷ་རུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང༌། །བསྐང་བའི་རྫས་མཆོག་བླ་ན་མེད། །ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང༌། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །བློ་མདངས་གསལ་བའི་བྷནྡྷ་རུ། །ཡེ་ཤེས་སྒྲིབ་མེད་བདུད་རྩིས་བཀང༌། །བསྐང་བའི་རྫས་མཆོག་བླ་ན་མེད། །ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང༌། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །མཆོག་གི་འོད་གསལ་བྷནྡྷ་རུ། །ཐིག་ལེ་འབར་བའི་བདུད་རྩིས་བཀང༌། །བསྐང་བའི་རྫས་མཆོག༴ སྤྲུལ་པའི་སྐུ་ཡི༴ བསྐང་གྱུར་དབང་དང༴ ཡེ་ཤེས་རྩ་ཡི་བྷནྡྷ་རུ། །སྐྱེ་མེད་ཨ་དཀར་བདུད་རྩིས་བཀང༌། །བསྐང་བའི་རྫས་མཆོག༴ ཞི་བའི་ལྷ་ཚོགས༴ བསྐང་གྱུར་དབང་དང༴ ཡེ་ཤེས་ལྔ་ཡི་བྷནྡྷ་རུ། །ཤེས་རབ་རང་གསལ་བདུད་རྩིས་བཀང༌། །བསྐང་བའི་རྫས་མཆོག༴ ཁྲོ་བོའི་ལྷ་ཚོགས༴ བསྐང་གྱུར་དབང་དང༴ སྟོང་གསུམ་སྣོད་ཀྱི་བྷནྡྷ་རུ། །རང་རྩལ་བཅུད་ཀྱི་བདུད་རྩིས་བཀང༌། །བསྐང་བའི་རྫས་མཆོག༴ བཀྲམ་པའི་ལྷ་ཚོགས༴ བསྐང་གྱུར་དབང་དང༴ མཚན་ལྡན་ཀ་ལའི་བྷནྡྷ་རུ། །རྩ་བརྒྱད་སྟོང་སྦྱར་བདུད་རྩིས་བཀང༌། །བསྐང་བའི་རྫས་མཆོག༴ ཞི་ཁྲོ་རབ་འབྱམས༴ བསྐང་གྱུར་དབང་དང་༴ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། ཞེས་བདུད་རྩིས་ཐུགས་དམ་བསྐང་ངོ༌། །གཉིས་པ་རཀྟས་ཐུགས་དམ་བསྐང་བ་ནི། མཆེད་ལྕམ་རྣམས་ཀྱིས་ལག་པ་གཡོན་པས་རཀྟ་བཟུང་ཞིང༌། གཡས་པས་རཀྟ་འཕྱར་ཞིང་དཀྱིལ་འཁོར་བསྐོར་ལ་འདི་སྐད་དོ། ཧཱུྃ། སྤྱི་གཙུག་བདེ་ཆེན་འཁོར་ལོའི་བྷནྡྷ་རུ། །སྡུག་བསྔལ་རྣམ་པར་གྲོལ་བའི་རཀྟས་བཀང༌། །གཉིས་མེད་བདེ་བ་ཆེན་པོའི་ཆགས་པས་བསྐྱེད། །འདི་ཡང་རྨད་བྱུང་བསྐང་བའི་རཀྟ་སྟེ། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །བསྐང་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་བྷནྡྷ་རུ། །སྣ་ཚོགས་ཡིད་ལས་གྲོལ་བའི་རཀྟས་བཀང༌། །གཉིས་མེད་བདེ་བ་ཆེན་པོའི་ཆགས་པས་བསྐྱེད། །འདི་ཡང་རྨད་བྱུང་བསྐང་བའི་རཀྟ་སྟེ། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །བསྐང་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ། །སྙིང་ག་ཆོས་ཀྱི་འཁོར་ལོའི་བྷནྡྷ་རུ། །བསམ་གཏན་བློ་ལས་གྲོལ་བའི་རཀྟས་བཀང༌། །གཉིས་མེད་བདེ་བ་ཆེན་པོའི་ཆགས་པས་བསྐྱེད། །འདི་ཡང་རྨད་བྱུང་བསྐང་བའི་རཀྟ་སྟེ། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས༴ བསྐང་གྱུར་དབང་དང༴ ལྟེ་བ་སྤྲུལ་པའི་འཁོར་ལོའི་བྷནྡྷ་རུ། །ཉོན་མོངས་རྩ་མདུད་གྲོལ་བའི་རཀྟས་བཀང༌། །གཉིས་མེད་བདེ་བ་ཆེན་པོས༴ འདི་ཡང་རྨད་བྱུང་བསྐང་བའི༴ བཅོམ་ལྡན་ཞི་ཁྲོ་རབ་འབྱམས༴ བསྐང་གྱུར་དབང་དང༴ གསང་གནས་བདེ་སྐྱོང་འཁོར་ལོའི་བྷནྡྷ་རུ། །ཡེ་ཤེས་བདེ་ཆེན་ཐིག་ལེའི་རཀྟས་བཀང༌། །གཉིས་མེད་བདེ་བ༴ འདི་ཡང་རྨད་བྱུང༴ བཅོམ་ལྡན་ཞི་ཁྲོ༴ བསྐང་གྱུར་དབང་དང༴ མཚན་ལྡན་མི་མགོ་ལྕང་ལོའི་བྷནྡྷ་རུ། །སུ་ར་དམར་ཆེན་རྫས་སྦྱར་རཀྟས་བཀང༌། །གཉིས་མེད་བདེ་བ་ཆེན་པོས༴ འདི་ཡང་རྨད་བྱུང་༴ བཅོམ་ལྡན་ཞི་ཁྲོ་རབ་འབྱམས༴ བསྐང་གྱུར་དབང་དང་༴ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐང་གྱུར་དབང་དངོས་གྲུབ་སྩོལ། །ཞེས་རཀྟས་ཐུགས་དམ་བསྐང་ངོ༌། །གསུམ་པ་གཏོར་མས་ཐུགས་དམ་བསྐང་བ་ནི། རྨད་དུ་བྱུང་བའི་གཏོར་མ་དཀྱིལ་འཁོར་གྱི་ཕྱོགས་བཞིར་བཟུང་ལ་འདི་སྐད་དོ། ཧཱུྃ། བྷནྡྷ་འབར་བའི་གཏོར་གཞོང་དུ། །ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས། །འཁོར་ལོ་འབར་བའི་མཐེབ་ཀྱུས་བསྒྲོན། །སྒྲོན་མ་མིག་གི་ཛ་གད་གསལ། །དབང་པོ་ལྔ་ཡི་རཀྟས་བྲན། །བསྐང་བའི་གཏོར་མ་བླ་ན་མེད། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཉི་ཟླ་གའུའི་གཏོར་གཞོང་དུ། །ཙིཏྟ་འབར་བའི་དཔལ་བཤོས་བཙུགས། །པདྨ་འདབ་བརྒྱད་མཐེབ་ཀྱུས་བསྒྲོན། །རྣམ་ཤེས་ཚོགས་བརྒྱད་ཛ་གད་གསལ། །རྩ་ཆེན་བཞི་ཡི་རཀྟས་བྲན། །བསྐང་བའི་གཏོར་མ༴ ཞི་ཁྲོ་རབ་འབྱམས༴ བསྐང་གྱུར་དབང་དང༴ བརྡལ་ཁྱབ་ལྤགས་པའི་གཏོང་གཞོང་དུ། །རུས་པ་རང་གསལ་དཔལ་བཤོས་བཙུགས། །རང་སྣང་ཤ་ཡི་མཐེབ་ཀྱུས་བསྒྲོན། །བཀྲག་དང་གཟི་མདངས་ཛ་གད་གསལ། །ཁྲག་དང་ཆུ་སེར་རཀྟས་བྲན། །བསྐང་བའི་གཏོར་མ༴ ཞི་ཁྲོ་རབ་འབྱམས༴ བསྐང་གྱུར་དབང་དང༴ ཁོག་པ་སྟོང་པའི་གཏོར་གཞོང་དུ། །མཆིན་པ་རང་གསལ་དཔལ་བཤོས་བཙུགས། །གློ་མཚེར་མཁལ་མའི་མཐེབ་ཀྱུས་བསྒྲོན། །གྷུ་ཧྱ་ནང་རོལ་ཛ་གད་གསལ། །རང་སྣང་མཁྲིས་པའི་རཀྟས་བྲན། །བསྐང་བའི་གཏོར་མ༴ ཞི་ཁྲོ་རབ་འབྱམས༴ བསྐང་གྱུར་དབང་དང༴ རིན་ཆེན་སྣོད་ཀྱི་གཏོར་གཞོང་དུ། །གཙང་སྦྱར་འབྲུ་ཟན་དཔལ་བཤོས་བཙུགས། །སྣ་ཚོགས་ཟན་གྱི་མཐེབ་ཀྱུས་བསྒྲོན། །འབྲུ་བཅུད་བདུད་རྩིས་ཛ་གད་གསལ། །གུ་ཧྱ་མུ་ལའི་རཀྟས་བྲན། །བསྐང་བའི་གཏོར་མ༴ ཞི་ཁྲོ་རབ་འབྱམས༴ བསྐང་གྱུར་དབང་དང་༴ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཞེས་གཏོར་མས་ཐུགས་དམ་བསྐང་ངོ༌། །བཞི་པ་སྣང་གསལ་མར་མེས་ཐུགས་དམ་བསྐང་བ་ནི། མཆེད་ལྕམ་རྣམས་ཀྱིས་མར་མེ་རེ་རེ་ཐོགས་ལ་དཀྱིལ་འཁོར་བསྐོར་ཞིང་འདི་སྐད་དོ། ཧཱུྃ། བརྡལ་ཁྱབ་ལྤགས་པའི་ཀོང་བུ་རུ། །ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་བཙུགས། །རང་གསལ་བཀྲག་མདངས་སྒྲོན་མེ་སྦར། །འདི་ཡང་རང་བྱུང་ཞུན་མར་ཏེ། །བསྐང་བའི་ཞུན་ཆེན་བླ་ན་མེད། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༌། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །བྷནྡྷ་འབར་བའི་ཀོང་བུ་རུ། །གོ་རོ་ཙ་ནའི་མར་ཁུས་གཏམས། །གསལ་བྱེད་རྩ་ཡི་སྡོང་བུ་བཙུགས། །དབང་པོ་ལྔ་ཡི་སྒྲོན་མེ་སྦར། །འདི་ཡང་རང་བྱུང་ཞུན་མར་ཏེ། །བསྐང་བའི་ཞུན་ཆེན་བླ་ན་མེད། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༌། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཙིཏྟ་འབར་བའི་ཀོང་བུ་རུ། །སྙིང་ཚིལ་དཀར་དམར་མར་ཁུས་གཏམས། །པདྨ་འདབ་བརྒྱད་སྡོང་བུ་བཙུགས། །རྣམ་ཤེས་ཚོགས་བརྒྱད་སྒྲོན་མེ་སྦར། །འདི་ཡང་རང་བྱུང་ཞུན་མར་ཏེ། །བསྐང་བའི་ཞུན་ཆེན༴ དཀྱིལ་འཁོར་ལྷ་ཚོགས༴ བསྐང་གྱུར་དབང་དང༴ དྭངས་མ་ལྔ་ཡི་ཀོང་བུ་རུ། །སྒྲིབ་མེད་འོད་ལྔའི་མར་ཁུས་གཏམས། །དོན་སྙིང་ལྔ་ཡི་སྡོང་བུ་བཙུགས། །འགྱུ་བྱེད་དབུགས་ཀྱི་སྒྲོན་མེ་སྦར། །འདི་ཡང་རང་བྱུང༴ བསྐང་བའི་ཞུན་ཆེན༴ དཀྱིལ་འཁོར་ལྷ་ཚོགས༴ བསྐང་གྱུར་དབང་དང༴ ཨ་ཝ་དྷུ་ཏིའི་ཀོང་བུ་རུ། །རང་གསལ་འོད་ཀྱི་མར་ཁུས་གཏམས། །འཁོར་ལོ་བདུན་བརྩེགས་སྡོང་བུ་ལ། །བྱང་ཆུབ་སེམས་ཀྱི་སྒྲོན་མེ་སྦར། །འདི་ཡང་རང་བྱུང༴ བསྐང་བའི་ཞུན་ཆེན༴ དཀྱིལ་འཁོར་ལྷ་ཚོགས༴ བསྐང་གྱུར་དབང་དང༴ མི་ཤིགས་ཐིག་ལེའི་ཀོང་བུ་རུ། །སྐྱེ་མེད་ཡེ་ཤེས་མར་ཁུས་གཏམས། །རྩ་ཕྲན་བཅུ་ཡི་སྡོང་བུ་བཙུགས། །རིག་པ་རང་བྱུང་སྒྲོན་མེ་སྦར། །འདི་ཡང་རང་བྱུང༴ བསྐང་བའི་ཞུན་ཆེན༴ དཀྱིལ་འཁོར་ལྷ་ཚོགས༴ བསྐང་གྱུར་དབང་དང༴ ཡེ་ཤེས་རྩ་ཡི་ཀོང་བུ་རུ། །ཨ་དཀར་རྩ་གཅིག་མར་ཁུས་གཏམས། །ཡེ་ཤེས་འོད་ཟེར་སྡོང་བུ་བཙུགས། །ཤེས་རབ་འབྲས་བུའི་སྒྲོན་མེ་སྦར། །འདི་ཡང་རང་བྱུང༴ བསྐང་བའི་ཞུན་ཆེན༴ དཀྱིལ་འཁོར་ལྷ་ཚོགས༴ བསྐང་གྱུར་དབང་དང༴ མཆོག་གི་འོད་གསལ་ཀོང་བུ་རུ། །གདངས་གསལ་འོད་ཀྱི་མར་ཁུས་གཏམས། །ཐིག་ལེ་འབར་བའི་སྡོང་བུ་བཙུགས། །ཡེ་ཤེས་ལྔ་ཡི་སྒྲོན་མེ་སྦར། །འདི་ཡང་རང་བྱུང༴ བསྐང་བའི་ཞུན་ཆེན༴ དཀྱིལ་འཁོར་ལྷ་ཚོགས༴ བསྐང་གྱུར་དབང་དང༴ ཀུན་གཞི་ཀློང་ཡངས་ཀོང་བུ་རུ། །ཆོས་ཀྱི་དབྱིངས་ཀྱི་མར་ཁུས་གཏམས། །བྱང་ཆུབ་སེམས་ཀྱི་སྡོང་བུ་བཙུགས། །སྐུ་ལྔ་ལྷུན་གྲུབ་སྒྲོན་མེ་སྦར། །འདི་ཡང་རང་བྱུང༴ བསྐང་བའི་ཞུན་ཆེན༴ དཀྱིལ་འཁོར་ལྷ་ཚོགས༴ བསྐང་གྱུར་དབང་དང༴ རིན་ཆེན་སྣ་ལྔའི་ཀོང་བུ་རུ། །རྩི་མར་འབྲུ་མར་མར་ཁུས་གཏམས། །རས་དཀར་དྲི་མེད་སྡོང་བུ་བཙུགས། །འབྱུང་བ་མེ་ཡི་སྒྲོན་མེ་སྦར། །འདི་ཡང་རྫས་ཀྱི༴ བསྐང་བའི་ཞུན་ཆེན༴ དཀྱིལ་འཁོར་ལྷ་ཚོགས༴ བསྐང་གྱུར་དབང་དང་༴ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཞེས་སྣང་གསལ་མར་མེས་ཐུགས་དམ་བསྐང་ངོ༌། །དེ་ནས་མཆེད་ལྕམ་རྣམས་ཀྱི་ལག་ཏུ་མར་མེ་རེ་རེ་ཐོགས་ལ་དཀྱིལ་འཁོར་ཐ་མ་བསྐོར་ཞིང་མགྲིན་གཅིག་ཏུ་དབྱངས་ཀྱིས་འདི་སྐད་སྨོན་ལམ་གདབ་པ་ནི། ཨོཾ་ཨཱཿཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྡོ་རྗེ་སློབ་དཔོན་གཉན་གྱིས་དབུ་བཟུང་ནས། །རྒྱལ་བའི་གདུང་འཚོབ་མཆེད་དང་ལྕམ་དྲལ་རྣམས། །ནམ་ཞིག་བྱང་ཆུབ་ལྷུམས་སུ་ཞུགས་པའི་ཚེ། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང༌། །མ་རིག་མུན་པའི་ནང་དུ་མི་འཐུམ་ལ། །གཅོང་རོང་ཟབ་མོའི་ནང་དུ་མི་སྐྱེ་བར། །དམྱལ་བའི་ཟངས་ཁར་ལམ་དུ་མི་ལྟུང་ཞིང༌། །གཅན་གཟན་གདུག་པའི་སྒྲ་སྐད་མི་གྲགས་ཏེ། །ལས་ཀྱི་མཚོན་རྣོན་དབལ་གྱིས་མི་ཕོག་ཤོག །བཤེས་གཉེན་དམ་པ་བཀའ་དྲིན་ཆེ་བ་དང༌། །དམ་ཚིག་གཅིག་པའི་རྡོ་རྗེའི་མཆེད་གྲོགས་རྣམས། །ཤེས་རབ་གཉེན་གྱིས་འབྲེལ་བའི་གཟུངས་མ་གསུམ། །ཚེ་རབས་འདི་དང་ཚེ་རྒྱུད་ཐམས་ཅད་དུ། །མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས། །ས་བཅུ་རིམ་གྱིས་ཁྱད་པར་བསྒྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ཚེ། །མ་རིག་གཏི་མུག་རྨོངས་པའི་སྡུག་བསྔལ་གྱིས། །འཁོར་བའི་གཡང་ས་ཆེན་པོར་ལྷུང་སྲིད་ན། །གསལ་བའི་སྒྲོན་མེ་ཐུགས་རྗེ་དེར་མ་ཆུང༌། །སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཞིག །ཞེ་སྡང་མནར་བའི་ལས་ཀྱི་སྡུག་བསྔལ་གྱིས། །དམྱལ་བའི་ཟངས་ཁར་ལམ་དུ་ལྷུང་སྲིད་པས། །གསལ་བའི་སྒྲོན་མེ་ཐུགས་རྗེ་དེར་མ་ཆུང༌། །སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཞིག །ང་རྒྱལ་ཁྲོ་གཏུམ་ཁེངས་པའི་སྡུག་བསྔལ་གྱིས། །གཅན་གཟན་གདུག་པའི་སྒྲ་སྐད་ཐོས་སྲིད་པས། །གསལ་བའི་སྒྲོན་མེ་ཐུགས་རྗེ་དེར་མ་ཆུང༌། །སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཞིག །འདོད་ཆགས་འཛིན་པའི་ལས་ཀྱི་སྡུག་བསྔལ་གྱིས། །གཅོང་རོང་ཟབ་མོའི་ནང་དུ་སྐྱེ་སྲིད་པས། །གསལ་བའི་སྒྲོན་མེ་ཐུགས་རྗེ་དེར་མ་ཆུང༌། །སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཞིག །ཕྲག་དོག་ཟུག་རྔུའི་ལས་ཀྱི་སྡུག་བསྔལ་གྱིས། །མཚོན་ཆ་གདུག་པའི་དབལ་གྱིས་ཕོག་སྲིད་པས། །གསལ་བའི་མར་མེ་ཐུགས་རྗེ་དེར་མ་ཆུང༌། །སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཞིག །ས་བཅུའི་ཁྱད་པར་རིམ་གྱིས་བསྒྲོད་པའི་ཚེ། །ཉོན་མོངས་བག་ཆགས་མ་ལུས་དེར་བྱང་ནས། །འགྲོ་དོན་ཐོགས་པ་མེད་པའི་བརྩོན་འགྲུས་ཀྱིས། །ས་བཅུ་གཅིག་ཆར་རྫོགས་པར་གྱུར་ནས་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མདུན་བསུས་ཤིག །བྱང་ཆུབ་སེམས་མ་རྣམས་ཀྱི་མཐའ་སྐྱོར་ཞིག །ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་རྒྱབ་བརྟེན་ཞིག །ས་བཅུའི་ཁྱད་པར་རྩེ་མོར་ཕྱིན་པའི་ཚེ། །ཕྱིར་མི་ལྡོག་པའི་དངོས་གྲུབ་དེར་ཐོབ་བོ། །ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་པའི་ཚེ། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་ཤུལ་མཚོན་ཞིག །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཐའ་སྐྱོར་ཞིག །ཡེ་ཤེས་ཏིང་ངེ་འཛིན་གྱིས་རྒྱབ་བརྟེན་ཞིག །རྡོ་རྗེ་འཛིན་པའི་ས་ལ་ཕྱིན་པའི་ཚེ། །གསལ་བའི་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཞིག །མཆོད་པའི་ལྷ་མོ་རྣམས་ཀྱིས་མཐའ་སྐྱོངས་ཤིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱབ་བརྟེན་ཞིག །པདྨ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །ཤེས་རབ་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཞིག །སྒོ་བ་ཆེན་པོ་རྣམས་ཀྱིས་མཐའ་སྐྱོངས་ཤིག །ཏ་ཀྲིཏ་ཆེན་པོ་རྣམས་ཀྱིས་རྒྱབ་བརྟེན་ཞིག །འཁོར་ལོ་ཚོགས་ཆེན་ས་ལ་ཕྱིན་པའི་ཚེ། །འདས་པའི་སངས་རྒྱས་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ་བརྟེན་ཞིག །མ་ཚོགས་དབང་ཕྱུག་རྣམས་ཀྱིས་མཐའ་སྐྱོངས་ཤིག །བཀོད་པ་རབ་རྫོགས་ས་ལ་ཕྱིན་པའི་ཚེ། །ཡེ་ཤེས་ཁྲོ་བོ་རྣམས་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་ཀྱི་ཞིང་དུ་སྐྱེས་ནས་ཀྱང༌། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཤེས་བྱའི་སྒྲིབ་པ་མ་ལུས་དེར་བྱང་ནས། །ཡི་གེ་གསུམ་གྱི་གོལ་ས་དེར་བཀག་གོ །དེ་ཝ་ཀོ་ཤའི་ས་ལ་ཕྱིན་པའི་ཚེ། །ཆེ་མཆོག་ཧེ་རུ་ཀ་ཡིས་མདུན་བསུས་ཤིག །ཀྲོ་ཏི་ཤྭ་རི་ཡུམ་གྱིས་མཐའ་སྐྱོངས་ཤིག །ཡི་དམ་ལྷ་ཚོགས་རྣམས་ཀྱིས་སྲོག་བརྟེན་ཞིག །ཐར་པ་ཆེན་པོའི་གྲོང་དུ་ཕྱིན་པའི་ཚེ། །གཟི་བརྗིད་འོད་དཔག་མེད་ཀྱིས་མདུན་བསུས་ཤིག །གཉིས་མེད་ཤེས་རབ་ཡུམ་གྱིས་མཐའ་སྐྱོངས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་སྐྱོབས་ཤིག །རྡོ་རྗེ་འཛིན་པའི་མིང་འཛིན་སར་ཕྱིན་ཚེ། །གསལ་བའི་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཞིག །མཉམ་པའི་ཏིང་ངེ་འཛིན་གྱིས་མཐའ་སྐྱོངས་ཤིག །ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ་བརྟེན་ཞིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །དབྱེར་མེད་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཞིག །གྲུབ་པའི་འབྲས་བུ་མཆོག་གི་མཐའ་སྐྱོངས་ཤིག །རྫོགས་པ་བླ་མེད་ས་ལ་ཕྱིན་པའི་ཚེ། །ཁྱབ་བརྡལ་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཞིག །འུབ་ཆུད་ཏིང་ངེ་འཛིན་གྱིས་མཐའ་བསྡུས་ཤིག །སྲིད་གསུམ་ངང་རྫོགས་ས་ལ་ཕྱིན་པའི་ཚེ། །ཐིག་ལེ་ཆེན་པོའི་ངང་དུ་ལྷུན་གྲུབ་ནས། །འོད་ཟེར་འཕྲུལ་བཞད་ཆེན་པོར་མཐའ་བསྡུས་ཤིག །བྱ་རྩོལ་གཉིས་མེད་ས་ལ་ཕྱིན་པའི་ཚེ། །ཆོས་སྐུ་སྐྱེ་བ་མེད་པའི་དོན་རྟོགས་ནས། །སྣ་ཚོགས་ལོངས་སྐུ་ཐབས་མཁས་ཐུགས་རྗེ་ཡིས། །མ་འགགས་སྤྲུལ་པས་འགྲོ་དོན་བྱེད་པར་ཤོག །ཅེས་པ་ལ་སོགས་པའི་སྨོན་ལམ་དང༌། གཞན་ཡང་ཐེག་པ་ཆེན་པོའི་སྨོན་ལམ་གང་ཤེས་གདབ་པར་བྱའོ། །

གསུམ་པ་གསང་བ་ཁྱད་པར་བླ་མེད་ཚོགས་ཀྱིས་བསྐང་བ་ནི། ཚོགས་རྫས་རྣམས་མཆེད་ལྕམ་རྣམས་ཀྱིས་བཏེགས་ལ། ཚོགས་ཀྱི་སྤྱན་འདྲེན་དང་ཚོགས་ཕུད་འབུལ་བ་རྣམས་ལས་བྱང་ལྟར་བྱས་ལ། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། །ཞེས་འཛབ་དབྱངས་སྒྲོགས་ལ་ཚོགས་བཤགས་བྱ་བ་ནི། ཧཱུྃ། དབུས་ནས་བཛྲ་སཏྭ་ཧཱུྃ། །རྡོ་རྗེ་རིགས་ཀྱི་ཐུགས་དམ་ལས། །ཞེ་སྡང་དམ་ཚིག་ཉམས་སོ་འཚལ། །འདི་ཡང་མི་འཆབ་མཐོལ་ལོ་བཤགས། །ཤར་ནས་བཻ་རོ་ཙཱ་ན་ཨོཾ། །དེ་བཞིན་རིགས་ཀྱི་ཐུགས་དམ་ལས། །གཏི་མུག་དམ་ཚིག་ཉམས་སོ་འཚལ། །འདི་ཡང་མི་འཆབ་མཐོལ་ལོ་བཤགས། །ལྷོ་ནས་རཏྣ་སཾ་བྷ་ཏྲཾ། །རིན་ཆེན་རིགས་ཀྱི་ཐུགས་དམ་ལས། །ང་རྒྱལ་དམ་ཚིག་ཉམས་སོ་འཚལ། །འདི་ཡང་མི་འཆབ་མཐོལ་ལོ་བཤགས། །ནུབ་ནས་པདྨ་དྷ་ར་ཧྲཱི། །པདྨ་རིགས་ཀྱི་ཐུགས་དམ་ལས། །འདོད་ཆགས་དམ་ཚིག་ཉམས་སོ་འཚལ། །འདི་ཡང་མི་འཆབ་མཐོལ་ལོ་བཤགས། །བྱང་ནས་ཨ་མོ་སིདྡྷི་ཨཱཿ ལས་ཀྱི་རིགས་ཀྱི་ཐུགས་དམ་ལས། །ཕྲག་དོག་དམ་ཚིག་ཉམས་སོ་འཚལ། །འདི་ཡང་མི་འཆབ་མཐོལ་ལོ་བཤགས། །ཨོཾ་གྷ་ན་ཙཀྲ་སཏྭ་ས་མ་ཡ། །ཞེས་སོགས་ཚོགས་ཀྱི་ཡིག་བརྒྱ་བཟླས་ཤིང་ཚོགས་ཕུད་གཏོར་མར་འབུལ། བསྒྲལ་བ་དང་མཆོད་པ་ལ་སོགས་ལས་བྱང་ལྟར་བྱ། དེ་ནས་ཞི་ཁྲོའི་མདངས་བསྐང་ནི། མཆེད་ལྕམ་རྣམས་ཀྱིས་བདུད་རྩི་སྦྲེང༌། རཀྟ་འཕྱར། རོལ་མོ་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་ཞིང༌། དང་པོ་ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་བ་འདི་སྐད་དོ། ཧཱུྃ། རྣམ་ཤེས་ཕུང་པོ་གནས་དག་པའི། །རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང༌། །གཟུགས་ཀྱི་ཕུང་པོ་གནས་དག་པའི། །རྣམ་པར་སྣང་མཛད་ཐུགས་དམ་བསྐང༌། །ཚོར་བའི་ཕུང་པོ་གནས་དག་པའི། །རིན་ཆེན་འབྱུང་ལྡན༴ འདུ་ཤེས་ཕུང་པོ་གནས་དག་པའི། །སྣང་བ་མཐའ་ཡས༴ འདུ་བྱེད་ཕུང་པོ་གནས་དག་པའི། །དོན་ཡོད་གྲུབ་པའི༴ ནམ་མཁའི་ངོ་བོ་གནས་དག་པའི། །ཀུན་ཏུ་བཟང་མོའི༴ ས་ཡི་ངོ་བོ་གནས་དག་པའི། །སངས་རྒྱས་སྤྱན་མའི༴ ཆུ་ཡི་ངོ་བོ་གནས་དག་པའི། །མཱ་མ་ཀི་ཡི༴ མེ་ཡི་ངོ་བོ་གནས་དག་པའི། །ན་བཟའ་དཀར་མོའི༴ རླུང་གི་ངོ་བོ་གནས་དག་པའི། །དམ་ཚིག་སྒྲོལ་མའི༴ རིགས་ལྔ་ཡབ་ཡུམ་གཙོ་བོ་བཅུ། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང༌། །ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཁམས་དང་སྐྱེ་མཆེད་གནས་དག་པའི། །སེམས་དཔའ་སེམས་མའི་ཐུགས་དམ་བསྐང༌། །མིག་གི་རྣམ་ཤེས་གནས་དག་པའི། །ས་ཡི་སྙིང་པོའི༴ རྣ་བའི་རྣམ་ཤེས་གནས་དག་པའི། །ནམ་མཁའི་སྙིང་པོའི༴ སྣ་ཡི་རྣམ་ཤེས་གནས་དག་པའི། །སྤྱན་རས་གཟིགས་ཀྱི༴ ལྕེ་ཡི་རྣམ་ཤེས་གནས་དག་པའི། །ཕྱག་ན་རྡོ་རྗེའི༴ མིག་གི་དབང་པོ་གནས་དག་པའི། །བྱམས་པ་མགོན་པོའི༴ རྣ་བའི་དབང་པོ་གནས་དག་པའི། །སྒྲིབ་པ་རྣམ་སེལ༴ སྣ་ཡི་དབང་པོ་གནས་དག་པའི། །ཀུན་ཏུ་བཟང་པོའི༴ ལྕེ་ཡི་དབང་པོ་གནས་དག་པའི། །འཇམ་དཔལ་གཞོན་ནུའི༴ ཉེ་བའི་སྲས་མཆོག་སེམས་དཔའ་བརྒྱད། །བསྐང་ངོ་མཆོད་དོ༴ ཉམས་ཆག་ཐམས་ཅད༴ རྟོག་སྒྲིབ་ཐམས་ཅད༴ ལས་ངན་སྡིག་སྒྲིབ༴ ཁམས་གསུམ་འཁོར་བ༴ འབྲས་བུ་སྐུ་གསུམ༴ བསྐང་གྱུར་དབང་དང༴ གཟུགས་སུ་སྣང་བ་གནས་དག་པའི། །རྡོ་རྗེ་སྒེག་མོའི༴ སྒྲ་རུ་གྲགས་པ་གནས་དག་པའི། །ཕྲེང་བ་མ་ཡི༴ དྲི་རུ་མནམ་པ་གནས་དག་པའི། །གླུ་དབྱངས་མ་ཡི༴ རོ་བྲོའི་ངོ་བོ་གནས་དག་པའི། །རྡོ་རྗེ་གར་མའི༴ འདས་དུས་རྟོག་པ་གནས་དག་པའི། །པུཥྤེ་མ་ཡི༴ མ་འོངས་རྟོག་པ་གནས་དག་པའི། །དྷུ་པེ་མ་ཡི༴ ད་ལྟའི་རྟོག་པ་གནས་དག་པའི། །ཨཱ་ལོ་ཀེ་ཡི༴ འབྱུང་བ་མ་ངེས་ལྷ་མོ་ནི། །གྷནྡྷེ་མ་ཡི༴ དགྱེས་པ་སྐོང་མཛད་སེམས་མ་བརྒྱད། །བསྐང་ངོ་མཆོད་དོ༴ ཉམས་ཆག་ཐམས་ཅད༴ རྟོག་སྒྲིབ་ཐམས་ཅད༴ ལས་ངན་སྡིག་སྒྲིབ༴ ཁམས་གསུམ་འཁོར་བ༴ འབྲས་བུ་སྐུ་གསུམ༴ བསྐང་གྱུར་དབང་དང༴ ལུས་ཀྱི་རྣམ་ཤེས་གནས་དག་པའི། །གཤིན་རྗེ་གཤེད་པོའི༴ ལུས་ཀྱི་དབང་པོ་གནས་དག་པའི། །སྟོབས་པོ་ཆེ་ཡི༴ ལུས་ཀྱི་རེག་ཡུལ་གནས་དག་པའི། །རྟ་མགྲིན་རྒྱལ་པོའི༴ ལུས་ཀྱི་རེག་ཤེས་གནས་དག་པའི། །བདུད་རྩི་འཁྱིལ་པའི༴ རྟག་པར་ལྟ་བ་གནས་དག་པའི། །ལྕགས་ཀྱུ་མ་ཡི༴ ཆད་པར་ལྟ་བ་གནས་དག་པའི། །ཞགས་པ་མ་ཡི༴ བདག་ཏུ་ལྟ་བ་གནས་དག་པའི། །ལྕགས་སྒྲོག་མ་ཡི༴ མཚན་མར་ལྟ་བ་གནས་དག་པའི། །དྲིལ་བུ་མ་ཡི༴ སྤྲུལ་པའི་སྒོ་བ་ཡབ་ཡུམ་བརྒྱད། །བསྐང་ངོ་མཆོད་དོ༴ ཉམས་ཆག་ཐམས་ཅད༴ རྟོག་སྒྲིབ་ཐམས་ཅད༴ ལས་ངན་སྡིག་སྒྲིབ༴ ཁམས་གསུམ་འཁོར་བ༴ འབྲས་བུ་སྐུ་གསུམ༴ བསྐང་གྱུར་དབང་དང༴ ཉོན་མོངས་ང་རྒྱལ་གནས་དག་པའི། །ལྷ་ཡི་ཐུབ་པའི༴ ཉོན་མོངས་ཕྲག་དོག་གནས་དག་པའི། །ལྷ་མིན་ཐུབ་པའི༴ ཉོན་མོངས་འདོད་ཆགས་གནས་དག་པའི། །མི་ཡི་ཐུབ་པའི༴ ཉོན་མོངས་གཏི་མུག་གནས་དག་པའི། །བྱོལ་སོང་ཐུབ་པའི༴ ཉོན་མོངས་སེར་སྣ་གནས་དག་པའི། །ཡི་དྭགས་ཐུབ་པའི༴ ཉོན་མོངས་ཞེ་སྡང་གནས་དག་པའི། །དམྱལ་བའི་ཐུབ་པའི༴ རིགས་དྲུག་དོང་སྤྲུགས་ཐུབ་པ་དྲུག །བསྐང་ངོ་མཆོད་དོ༴ ཉམས་ཆག་ཐམས་ཅད༴ རྟོག་སྒྲིབ་ཐམས་ཅད༴ ལས་ངན་སྡིག་སྒྲིབ༴ ཁམས་གསུམ་འཁོར་བ༴ འབྲས་བུ་སྐུ་གསུམ༴ བསྐང་གྱུར་དབང་དང༴ ཡིད་ཀྱི་རྣམ་ཤེས་གནས་དག་པའི། །རྒྱལ་བ་ཀུན་བཟང༴ ཆོས་ཁམས་སྣ་ཚོགས་གནས་དག་པའི། །ཀུན་ཏུ་བཟང་མོའི༴ ཞི་བ་སངས་རྒྱས་བཞི་བཅུ་གཉིས། །བསྐང་ངོ་མཆོད་དོ༴ ཉམས་ཆག་ཐམས་ཅད༴ རྟོག་སྒྲིབ་ཐམས་ཅད༴ ལས་ངན་སྡིག་སྒྲིབ༴ ཁམས་གསུམ་འཁོར་བ༴ འབྲས་བུ་སྐུ་གསུམ༴ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །དེ་ནས་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་བ་ནི། ཧཱུྃ། རང་རིག་ཉོན་མོངས་གནས་གྱུར་པའི། །ཆེ་མཆོག་ཧེ་རུ་ཀ་ཡི༴ མ་རིག་ཉོན་མོངས་གནས་གྱུར་པའི། །ཡུམ་ཆེན་ཀྲོ་ཏིའི༴ ཁྲག་འཐུང་གཙོ་བོ་ཡབ་ཡུམ་གཉིས། །བསྐང་ངོ་མཆོད་དོ༴ ཉམས་ཆག་ཐམས་ཅད༴ རྟོག་སྒྲིབ་ཐམས་ཅད༴ ལས་ངན་སྡིག་སྒྲིབ༴ ཁམས་གསུམ་འཁོར་བ༴ འབྲས་བུ་སྐུ་གསུམ༴ བསྐང་གྱུར་དབང་དང༴ རྣམ་ཤེས་ཞེ་སྡང་གནས་གྱུར་པའི། །བཛྲ་ཧེ་རུ་ཀ་ཡི༴ གཟུགས་ཕུང་གཏི་མུག་གནས་གྱུར་པའི། །བུདྡྷ་ཧེ་རུ་ཀ་ཡི༴ ཚོར་བ་ང་རྒྱལ་གནས་གྱུར་པའི། །རཏྣ་ཧེ་རུ་ཀ་ཡི༴ འདུ་ཤེས་འདོད་ཆགས་གནས་གྱུར་པའི། །པདྨ་ཧེ་རུ་ཀ་ཡི༴ འདུ་བྱེད་ཕྲག་དོག་གནས་གྱུར་པའི། །ཀརྨ་ཧེ་རུ་ཀ་ཡི༴ ཕྱིན་ཅི་ལོག་རྟོག་གནས་གྱུར་པའི། །རཀྴ་ཧེ་རུ་ཀ་ཡི༴ མྱོང་བྱེད་རྟོག་པ་གནས་གྱུར་པའི། །ས་ནུ་ཧེ་རུ་ཀ་ཡི༴ སྐྱེ་གནས་རྟོག་པ་གནས་གྱུར་པའི། །གྷུ་ཧྱ་ཧེ་རུ་ཀ་ཡི༴ རེག་བྱའི་རྟོག་པ་གནས་གྱུར་པའི། །ཡཀྴ་ཧེ་རུ་ཀ་ཡི༴ ཁྲག་འཐུང་གཙོ་བོ་ཧེ་རུ་དགུ། །བསྐང་ངོ་མཆོད་དོ༴ ཉམས་ཆག་ཐམས་ཅད༴ རྟོག་སྒྲིབ་ཐམས་ཅད༴ ལས་ངན་སྡིག་སྒྲིབ༴ ཁམས་གསུམ་འཁོར་བ༴ འབྲས་བུ་སྐུ་གསུམ༴ བསྐང་གྱུར་དབང་དང༴ ཧཱུྃ། ནམ་མཁའ་བཀྲག་མདངས་གནས་གྱུར་པའི། །བཛྲ་ཀྲོ་ཏིའི༴ ས་ཁམས་ཤ་ཆེན་གནས་གྱུར་པའི། །བུདྡྷ་ཀྲོ་ཏིའི༴ ཆུ་ཁམས་ཁྲག་ཆེན་གནས་གྱུར་པའི། །རཏྣ་ཀྲོ་ཏིའི༴ མེ་ཁམས་དྲོད་ཆེན་གནས་གྱུར་པའི། །པདྨ་ཀྲོ་ཏིའི༴ རླུང་ཁམས་དབུགས་ཆེན་གནས་གྱུར་པའི། །ཀརྨ་ཀྲོ་ཏིའི༴ དྲོད་སྐྱེས་རྟོག་པ་གནས་གྱུར་པའི། །རཀྴ་ཀྲོ་ཏིའི༴ མངལ་སྐྱེས་རྟོག་པ་གནས་གྱུར་པའི། །ས་ནུ་ཀྲོ་ཏིའི༴ བརྫུས་སྐྱེས་རྟོག་པ་གནས་གྱུར་པའི། །གྷུ་ཧྱ་ཀྲོ་ཏིའི༴ སྒོང་སྐྱེས་རྟོག་པ་གནས་གྱུར་པའི། །ཡཀྴ་ཀྲོ་ཏིའི༴ ཡུམ་ཆེན་ཀྲོ་ཏི་ཤྭ་རི་དགུ། །བསྐང་ངོ་མཆོད་དོ༴ ཉམས་ཆག་ཐམས་ཅད༴ རྟོག་སྒྲིབ་ཐམས་ཅད༴ ལས་ངན་སྡིག་སྒྲིབ༴ ཁམས་གསུམ་འཁོར་བ༴ འབྲས་བུ་སྐུ་གསུམ༴ བསྐང་གྱུར་དབང་དང༴ ཧ། ཀུན་གཞིའི་རྣམ་ཤེས་གནས་གྱུར་པའི། །ཀཽའུ་རཱི་མ་ཡི༴ ཡིད་ཀྱི་རྣམ་ཤེས་གནས་གྱུར་པའི། །ཙཽའུ་རཱི་མ་ཡི༴ ཉོན་མོངས་རྣམ་ཤེས་གནས་གྱུར་པའི། །པྲ་མོ་ཧ་ཡི༴ ལུས་ཀྱི་རྣམ་ཤེས་གནས་གྱུར་པའི། །བེ་ཏ་ལི་ཡི༴ མིག་གི་རྣམ་ཤེས་གནས་གྱུར་པའི། །པུསྐ་སི་ཡི༴ རྣ་བའི་རྣམ་ཤེས་གནས་གྱུར་པའི། །གྷསྨ་རི་ཡི༴ སྣ་ཡི་རྣམ་ཤེས་གནས་གྱུར་པའི། །སྨེ་ཤ་ནི་ཡི༴ ལྕེ་ཡི་རྣམ་ཤེས་གནས་གྱུར་པའི། །ཙནྜ་ལི་ཡི༴ གནས་ཀྱི་ཀཽའུ་རཱི་མ་མོ་བརྒྱད། །བསྐང་ངོ་མཆོད་དོ༴ ཉམས་ཆག་ཐམས་ཅད༴ རྟོག་སྒྲིབ་ཐམས་ཅད༴ ལས་ངན་སྡིག་སྒྲིབ༴ ཁམས་གསུམ་འཁོར་བ༴ འབྲས་བུ་སྐུ་གསུམ༴ བསྐང་གྱུར་དབང་དང༴ ཧེ། དོན་དམ་སེམས་སུ་གནས་གྱུར་པའི། །སེངྷ་མ་ཡི༴ ཆོས་ཀྱི་ཁམས་ཆེན་གནས་གྱུར་པའི། །བྱཱ་ཀྲི་མ་ཡི༴ བག་ཆགས་འཐུག་པོ་གནས་གྱུར་པའི། །སྲི་ལ་མ་ཡི༴ རེག་བྱའི་ངོ་བོ་གནས་གྱུར་པའི། །ཤྭ་ན་མ་ཡི༴ གཟུགས་ཀྱི་ངོ་བོ་གནས་གྱུར་པའི། །ཀྲི་ཏ་མ་ཡི༴ སྒྲ་གྲགས་ངོ་བོ་གནས་གྱུར་པའི། །ཀངྐ་མ་ཡི༴ དྲི་མནམ་ངོ་བོ་གནས་གྱུར་པའི། །ཁ་ཁྭ་མ་ཡི༴ རོ་བྲོའི་ངོ་བོ་གནས་གྱུར་པའི། །ཧུ་ལུ་མ་ཡི༴ ཡུལ་གྱི་སེངྷ་ཕྲ་མེན་བརྒྱད། །བསྐང་ངོ་མཆོད་དོ༴ ཉམས་ཆག་ཐམས་ཅད༴ རྟོག་སྒྲིབ་ཐམས་ཅད༴ ལས་ངན་སྡིག་སྒྲིབ༴ ཁམས་གསུམ་འཁོར་བ༴ འབྲས་བུ་སྐུ་གསུམ༴ བསྐང་གྱུར་དབང་དང༴ ཛཿ རྟག་པར་འཛིན་པ་གནས་གྱུར་པའི། །ལྕགས་ཀྱུ་མ་ཡི༴ ཆད་པར་འཛིན་པ་གནས་གྱུར་པའི། །ཞགས་པ་མ་ཡི༴ བདག་ཏུ་འཛིན་པ་གནས་གྱུར་པའི། །ལྕགས་སྒྲོག་མ་ཡི༴ མཚན་མར་འཛིན་པ་གནས་གྱུར་པའི། །དྲིལ་བུ་མ་ཡི༴ རྟ་གདོང་ཡེ་ཤེས་སྒོ་མ་བཞི། །བསྐང་ངོ་མཆོད་དོ༴ ཉམས་ཆག་ཐམས་ཅད༴ རྟོག་སྒྲིབ་ཐམས་ཅད༴ ལས་ངན་སྡིག་སྒྲིབ༴ ཁམས་གསུམ་འཁོར་བ༴ འབྲས་བུ་སྐུ་གསུམ༴ བསྐང་གྱུར་དབང་དང༴ ཧཱུྃ། སྟོང་ཁམས་གནས་ནས་སྤོར་བའི་ཕྱིར། །ཉི་ཟེར་ཞགས་འཕེན་མ་ཡི༴ མི་རྣམས་གནས་ནས་སྤོར་བའི་ཕྱིར། །མདུང་ཐུང་འཕེན་མའི༴ སྟོང་ཁམས་གནས་ནས་སྤོར་བའི་ཕྱིར། །དྲིལ་འཁྲོལ་མ་ཡི༴ ལྷ་རྣམས་གནས་ནས་སྤོར་བའི་ཕྱིར། །ཁྱུང་ཐོགས་མ་ཡི༴ ལྷ་མིན་གནས་ནས་སྤོར་བའི་ཕྱིར། །སྐར་མདའ་འཕེན་མའི༴ ཡི་དྭགས་གནས་ནས་སྤོར་བའི་ཕྱིར། །གློག་ཕྲེང་འཛིན་མའི༴ བྱོལ་སོང་གནས་ནས་སྤོར་བའི་ཕྱིར། །གླག་ཤ་རྡེབ་མའི༴ དམྱལ་བའི་གནས་ནས་སྤོར་བའི་ཕྱིར། །རལ་གྲི་འཛིན་མའི༴ རིགས་དྲུག་སྤོར་བྱེད་ཆེན་མོ་བརྒྱད། །བསྐང་ངོ་མཆོད་དོ༴ ཉམས་ཆག་ཐམས་ཅད༴ རྟོག་སྒྲིབ་ཐམས་ཅད༴ ལས་ངན་སྡིག་སྒྲིབ༴ ཁམས་གསུམ་འཁོར་བ༴ འབྲས་བུ་སྐུ་གསུམ༴ བསྐང་གྱུར་དབང་དང༴ བྷྱོ། སྒལ་ཚིགས་ཉེར་བརྒྱད་གནས་གྱུར་པའི། །དབང་ཕྱུག་ཉེར་བརྒྱད༴ ཞི་བའི་ལས་རྣམས་མཛད་པའི་ཕྱིར། །དཀར་མོ་མ་བདུན༴ རྒྱས་པའི་ལས་རྣམས་མཛད་པའི་ཕྱིར། །སེར་མོ་མ་བདུན༴ དབང་གི་ལས་རྣམས་མཛད་པའི་ཕྱིར། །དམར་མོ་མ་བདུན༴ དྲག་པོའི་ལས་རྣམས་མཛད་པའི་ཕྱིར། །ལྗང་མོ་མ་བདུན༴ དཀྱིལ་འཁོར་མུ་རན་སྐྱོང་མཛད་མ། །དབང་མོ་ཉེར་བརྒྱད༴ ཁྲག་འཐུང་ལྷ་ཚོགས་བདུན་ཅུ་དྲུག །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་དམ་རྫས་ནི། །མཆོག་ཆེན་མཆོག་ཕྲན་མཚན་དང་ལྡན། །ཟ་ལེ་འབྲི་དང་ཤེལ་སྒོང་ལུག །ཙ་ར་མཁའ་ལྡིང་མདངས་ཀྱིས་བསྐང༌། །བདུད་རྩི་སྨན་གྱི་མཆོད་པ་དང༌། །རཀྟ་དམར་གྱི་ཨརྒྷཾ་དང༌། །རྨད་དུ་བྱུང་བའི་གཏོར་མ་དང༌། །རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང༌། །ཤ་ཆེན་ལང་ལིང་སྣ་ཚོགས་དང༌། །སྣང་གསལ་ཞུན་གྱི་མར་མེ་དང༌། །ཤ་ཆེན་གསུར་གྱི་དུད་པ་དང༌། །ཐོད་པ་ལྟག་སྤྲོད་རྔ་སྒྲ་དང༌། །རྐང་ཆེན་དུང་གི་གླིང་བུ་དང༌། །ཐུན་མོང་མཆོད་པ་སྣ་ཚོགས་ཀྱིས། །ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང༌། །ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ནས། །བདག་གི་གཡར་དམ་སོར་སྩོལ་ཅིག །གཡར་དམ་སྐོང་ལ་རྐྱེན་ངན་ཟློག །དེ་ནས་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་བ་ནི། ཧཱུྃ། སྣང་སྲིད་ཕུར་བུས་གདབ་པའི་ཕྱིར། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང༌། །ཡབ་ཡུམ་གཉིས་སུ་མེད་པའི་ཕྱིར། །འཁོར་ལོ་རྒྱས་འདེབས༴ གཉིས་མེད་ཐུགས་ལས་སྤྲུལ་པའི་ཕྱིར། །ཕུར་པ་སྲས་ཀྱི༴ ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར། །ཁྲོ་བོ་ཕ་བཅུའི༴ ཡབ་ཀྱི་དགྱེས་པ་སྐོང་བའི་ཕྱིར། །ཁྲོ་མོ་མ་བཅུའི༴ ཐུགས་ཀྱི་སྤྲུལ་པ་འགྱེད་པའི་ཕྱིར། །ཟ་བྱེད་ཕ་བཅུའི༴ ཡུམ་གྱི་ཐུགས་ལས་སྤྲུལ་པའི་ཕྱིར། །གསོད་བྱེད་མ་བཅུའི༴ ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་ཕྱིར། །ཤྭ་ན་མབཞིའི༴ ཤ་ཁྲག་ཀུན་ལ་དབང་བྱེད་པའི། །བསེ་མོ་བཞི་ཡི༴ གླིང་བཞི་ཀུན་ལ་དབང་བྱེད་ཕྱིར། །བདག་ཉིད་མ་བཞིའི༴ དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །སྐྱེས་བུ་གིང་བཞིའི༴ ཁྲག་གི་རྒྱ་མཚོ་སྐེམ་པའི་ཕྱིར། །མ་བདུན་སྲིང་བཞིིའི༴ རཱུ་དྲ་རྣམ་གསུམ་བསྒྲལ་བའི་ཕྱིར། །གིང་ཆེན་བཅོ་བརྒྱད༴ ཐུགས་ཀྱི་སྤྲུལ་པ་བཀྱེ་བའི་ཕྱིར། །འབར་མ་དགུ་ཡི༴ ཕྱོགས་བཅུར་ཕོ་ཉ་འགྱེད་པའི་ཕྱིར། །ཕོ་ཉ་དྲུག་ཅུའི༴ རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང༌། །ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཞེས་པ་དང༌། གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བསྐང་བ་མང་དུ་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་འདུས་པ་རྒྱ་མཚོ་དང་བཅས་པས་ཚོགས་ལ་རོལ། ཉམས་སྐྱོང་རྡོ་རྗེའི་གླུ་གར་ལ་སོགས་པ་འགགས་མེད་ཀྱི་སྤྱོད་པ་བསྐྱངས། ཚོགས་ལྷག་ཀྱང་བསྡུས་ལ་གཙོ་བོའི་ཞལ་ཆབ་བྲན། ལྷག་མ་བསྔོས་ཏེ་བཏང་བའམ། ཡང་ན་ལྷག་མ་མ་བཏང་བའི་གོང་དུ། བཞི་པ་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱི་བསྐང་བ་ནི། རྣལ་འབྱོར་ཕོ་མོ་མཆེད་ལྕམ་རྣམས་རུས་པའི་རྒྱན་གྱིས་བརྒྱན། དཔའ་བརྟུལ་གྱི་ཉམས་བསྐྱེད། དབང་པོ་ཧུར་བཏོན། ཕྱག་རྒྱ་གར་དང་སྟངས་སྟབས་བསྒྱུར་ཞིང༌། ཧཱུྃ། དངོས་པོ་ཆོས་ཉིད་ཡངས་པའི་ཀློང་དུ་བསྐང༌། །སྣང་བ་ཡེ་ཤེས་ཆེན་པོའི་ཀློང་དུ་བསྐང༌། །གསལ་བ་ཤེས་རབ་འབར་བའི་ཀློང་དུ་བསྐང༌། །སྡུག་བསྔལ་ཀ་དག་ཆོས་ཉིད་ཀློང་དུ་བསྐང༌། །ཀུན་རྫོབ་དོན་དམ་གཉིས་མེད་ཀློང་དུ་བསྐང༌། །ཁམས་དང་སྐྱེ་མཆེད་གནས་དག་པའི། །ཞི་བའི་ལྷ་ཚོགས་ཀློང་དུ་བསྐང༌། །ཉོན་མོངས་རྟོག་ཚོགས་གནས་གྱུར་པའི། །ཁྲོ་བོའི་ལྷ་ཚོགས་ཀློང་དུ་བསྐང༌། །མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད། །བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང༌། །སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར། །བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༌། །ཞེས་པས་བསྐང༌། ཨ་ལ་ལ་ཧོ། ཨོཾ་ཨཱཿཧཱུྃ། ཧོ། དགོངས་སུ་གསོལ་ལོ། རང་བཞིན་ལྷུན་གྱིས་གྲུབ་པའི་དབྱིངས་ན་བཞུགས་ཤིང་དུས་གསུམ་འདུ་འབྲལ་མེད་པའི་ངང་ནས་བྱོན་པའི་བླ་མ་ཡི་དམ་མཁའ་འགྲོ། རང་རྩལ་རིག་པའི་ཀློང་ནས་རང་བྱོན་པའི་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས། བསྟན་སྲུང་ཕོ་ཉ་ལས་མཁན་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། འདི་ལྟར་བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་འདུས་པ་རྒྱ་མཚོ་རྣམས་ཀྱིས་བླ་མེད་ཡང་དག་མཆོག་གི་མཆོད་པ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་ལ་བརྟེན་ནས་བདག་སོགས་སེམས་ཅན་ཐམས་ཅད་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་གི་དུཿཁ་ལ་སྤྱོད་པ་རྣམས་ཀྱི་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་ཐམས་ཅད་ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་ཁ་བསྐང་ཞིང་བདེ་ཆེན་ཆོས་ཉིད་ཀྱི་དབྱིངས་སུ་སོར་ཆུད་པར་གྱུར་ཅིག །མ་ཧཱ་སིདྡྷི་ས་མ་ཡ། ཨེ་མ་ཧོ། ཨ་ཨ་ཨཱཿ །ཅེས་པས་བསྐང་བར་བྱ་ཞིང་ལྷག་མ་བསྐྱལ་ལོ། །དེ་དག་ནི་ཐུགས་དམ་བསྐང་བའི་རིམ་པའོ། །གསུམ་པ་དབང་བསྐུར་བ་རྣམས་ནི་འོག་ཏུ་ཤེས་པར་བྱའོ། །རྗེས་ཀྱི་བྱ་བ་རྣམས་ལ་བསྐུལ་བ་དང༌། དཔང་གཟུ། སྒོ་དབྱེ། ཟོར་བརྡེག །བརྟན་སྐྱོང༌། གཏོར་བྲོ། དངོས་གྲུབ་བླངས་བ། བཟོད་གསོལ། བཀྲ་ཤིས། བསྔོ་བ། སྨོན་ལམ། གཤེགས་གསོལ། རྫོགས་རིམ་ལ་སོགས་པ་རྣམས་ནི་ལས་བྱང་ལྟར་རྒྱས་བསྡུས་སྐབས་དང་བསྟུན་ལ་བྱའོ། །བསྐང་བཤགས་ཉམས་ཆག་རང་གྲོལ་གྱི་ཐུགས་དམ་བསྐང་བའི་རིམ་པ་འདི་ཉིད་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ཞི་ཁྲོའི་མདངས་བསྐང་མཛད་པ་ལ་བརྟེན་ནས་རང་འདྲ་བློ་དམན་རྣམས་ཀྱི་དོན་དུ་འགྲིག་ཆགས་སུ་བཀོད་པ་འདི་ནི་ཁྱི་ལོ་ཧོར་ཟླ་བཞི་པའི་ཡར་ཚེས་ལ་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱལ་མཚོས་དཔལ་ཆོས་མཁར་རྩེ་རུ་བྲིས་པས་དགེ་བས་སེམས་ཅན་ཐམས་ཅད་འཁོར་བ་ངན་སོང་གི་སྡུག་བསྔལ་ལས་གྲོལ་བར་གྱུར་ཅིག །།