Jump to content

བསོད་ནམས་

ཡོང་ཁུངས་Wikipedia

བསོད་ནམས་ནི་བོད་ཀྱི་ནང་པའི་གཞུང་ལུགས་ཀྱི་གནད་ཀྱི་བརྡ་ཆད་ཅིག་ཡིན་ལ། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་ཚོགས་གཉིས་ཀྱི་ནང་ནས་བསོད་ནམས་ཀྱི་ཚོགས་ཞེས་པ་དེ་ཡིན། "བསོད་ནམས་ཚད་མེད་པ་ཡོད་མོད་ཀྱི། དེ་ལས་གཞན་གང་ཞིག་གིས་རྒྱུ་གང་ལས་རྣམ་འདྲེན་རྒྱལ་བའི་སྟོབས་བཅུ་སོགས་ཡོན་ཏན་མཉམ་པ་མེད་པ་འབྱུང་བར་འགྱུར་བ་བདེ་བར་གཤེགས་པ་རྣམས་ཀྱི་ཡུམ་གཉིས་སུ་མེད་པའི་ཤེས་རབ་ཐབས་མཁས་དང་བཅས་པ་སྟོན་པའི་གཞུང་འདི་གླེགས་བམ་ལ་བྲིས་ཏེ་ལག་ཏུ་འཆང་ཞིང་མེ་ཏོག་དང་བྱུག་པས་བསྟི་སྟང་ཙམ་དུས་རེ་ཞིག་ཏུ་བྱེད་པར་གྱུར་ན།"[] ཞེས་གསུངས་པ་ལྟར་རོ། །

མཚན་ཉིད།

[རྩོམ་སྒྲིག]

"བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ་སྟེ་ལྔ་པའི་བཤད་པའོ། །"[]ཞེས་གསུངས་སོ། །

སྒྲ་བཤད།

[རྩོམ་སྒྲིག]

བསོད་པ་སྟེ་བསྔགས་འོས་སུ་གྱུར་པའི་ནམས་ཏེ་ནུས་པ་ཅན་གྱི་དགེ་བའི་ལས་ལ་གོ་དགོས། "བསོད་ནམས་དེ་ཡང་བདེན་པའི་སྙིང་པོ་མེད་པས་གསོག་དང་འདྲ་ལ། དེ་བཞིན་དུ་ངོ་བོ་མེད་པས་སྟོང་པ་དང༌། གཟུགས་བརྙན་ཡིན་པས་གསོབ་དང་འདྲ་ལ་བཅོས་མ་ཡིན་པས་ཡ་མ་རླ་དང་འབྲས་བུ་བདེན་པ་མེད་པས་སྙིང་པོ་མེད་པར་ཤེས་པར་བྱ།"[] ཞེས་གསུངས།

དབྱེ་བ།

[རྩོམ་སྒྲིག]

སྦྱིན་པའི་བསོད་ནམས། "གང་ཟག་གང་ལ་ལས་སྟོང་གསུམ་འདི་རིན་པོ་ཆེས་བཀང་སྟེ་འཇིག་རྟེན་མཁྱེན་པའི་སངས་རྒྱས་རྣམས་དང་ཉན་རང་དགྲ་བཅོམ་རྣམས་ལ་ཕུལ་བྱས་པའི་སྦྱིན་པའི་བསོད་ནམས་ཀྱི་ཕུང་པོ་དེས།"[] ཞེས་གསུངས། བཟོད་པའི་བསོད་ནམས། "བཟོད་པའི་ལེགས་ཚོགས་ལྡན་པའི་བསོད་ནམས་ཀྱི་ཕུང་པོའི་ཆར་ཡང་མི་ཕོད་དོ། །བཟོད་པ་ལ་གནས་པའི་བྱང་སེམས་ཀྱིས་ལུས་ནི་ཡོངས་སུ་དག་པ་ཐོབ་པར་འགྱུར་ཏེ། སུམ་ཅུ་རྩ་གཉིས་ཀྱི་མཚན་འགྲུབ་པ་དང་མཐུ་སྟོབས་ཕ་མཐར་ཡས་པ་ཐོབ་ཅིང་།"[] ཞེས་གསུངས། བསྒོམ་པའི་བསོད་ནམས། "ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་དུ་གྲུབ་པ་ཡོད་པ་མིན་པའི་ཟབ་མོའི་ཆོས་འདི་རྟོགས་པ་དེའི་བསོད་ནམས་ཡང་དག་པར་གྲུབ་པ་དེ་ལས་མཆོག་ཏུ་གྱུར་པ་གཞན་ཅི་ཞིག་ཡོད་དེ། དེ་ནི་བསོད་ནམས་མཆོག་ཡང་དག་པར་གྲུབ་པ་ཡིན་ནོ། །"[]ཞེས་གསུངས། རྗེས་སུ་ཡི་རང་བའི་བསོད་ནམས། "གང་གི་ཚེ་བྱང་ཆུབ་སེམས་དཔའ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་སངས་རྒྱས་ལ་སོགས་པའི་དགེ་བའི་རྩ་བ་གཞན་ལ་མཆོག་ཏུ་རྗེས་སུ་ཡི་རང་བས་ཡི་རང་བར་བྱེད་ཅིང་ཆོས་ཐམས་ཅད་མི་དམིགས་པ་སྔོན་དུ་འགྲོ་བས་སེར་སྣ་ཚར་བཅད་པའི་སེམས་ཀྱིས་རབ་ཏུ་དགའ་བས་སེམས་གཅིག་པ་དེའི་ཚེ་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་ཆར་ཡང་སྦྱིན་པ་ལ་སོགས་པའི་ཉན་ཐོས་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་དག་ཐམས་ཅད་ཀྱིས་མི་ཕོད་དོ། །"[]ཞེས་གསུངས།

རྩོད་སྤོང་།

[རྩོམ་སྒྲིག]

"དོན་དམ་པར་བསོད་ནམས་ཀྱི་འབྲས་བུ་འཕེལ་བ་དང་སྤང་ཐོབ་མེད་པས་སངས་རྒྱ་བ་མི་འཐད་པའི་ཀླན་ཀ་དང་། ཀུན་རྫོབ་ཏུ་ཡང་སངས་རྒྱས་ཐོབ་པ་མི་འཐད་པའི་ཀླན་ཀ་སྤང་བ་གཉིས། དང་པོ་ལ་དོན་དམ་པར་ཟད་འཕེལ་མེད་པ་དང་། མེད་ཀྱང་ཀུན་རྫོབ་ཏུ་སངས་རྒྱས་འཐད་པའི་ཚུལ་གཉིས།"[] ཞེས་གསུངས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག ༢༢བ།
  2. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག ༥༨།
  3. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག ༨༤།
  4. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག ༡༠༣།
  5. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༥༢a།
  6. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག ༦༣a།
  7. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག ༥༩།
  8. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག ༦༤བ།