བསམ་ཡས་རྡོ་རིང་
བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་དེ་ཧ་ལམ་སྤྱི་ལོ779ཡས་མས་སུ་བཞེངས་པ་དང་། རྡོ་རིང་གི་མདུན་ངོས་སུ་བོད་ཡིག་ཐིག་ཕྲེང22ལས་གཞན་ངོས་རྣམས་སུ་ཡི་གེ་གཅིག་ཀྱང་མེད། རྡོ་རིང་གི་ཡིག་འབྲུ་རེ་འགའ་དག་ཡོད་པ་ལས་བོར་བརླག་བྱུང་མེད། མཐོ་ཚད་ལ་སྨི3.8དང་སྟེགས་བུའི་མཐུག་ཚད་ལ་སྨི0.8ཡོད། བསམ་ཡས་གཙུག་ལག་ཁང་གཞུང་སྒོའི་ལྷོ་ངོས་རྩིག་འགྲམ་དུ་ཡོད།
མ་ཡིག
[རྩོམ་སྒྲིག]ཀ1.༄། ། ར་ས་དང་། བྲག་མར་གྱྀ་ 2.གཙུག་ལག་ཁང་ལས་སྩོགས་ 3.པར། དཀོན་མཆོག:། གསུམ་ 4.གྱི་རྟེན་བཙུགས་པ:དང། སངས: 5.རྒྱས:ཀྱྀ་ཆོས:།མཛད:པ:འདྀ། 6.ནམ:དུ:ཡང་མྱྀ:གཏང:མའ་ཞིག 7.པར:བགྱྀ:འོ:། ཡོ:བྱད:སྦྱརད། 8.པའ:ཡང་། དེ་ལས:མྱི:དབྲྀ:མྱི: 9.བསྐྱུང་བར:བགྱྀ་འོ:།དཱ:ཕྱིན: 10.ཅད་། གདུང:རབས:རེ:རེ:ཞིང:ཡང: 11.བཙན་པོ:ཡབ་སྲས:གྱིས:འདྀ:། 12.བཞིན་ཡྀ:དམ:བཅའོ:། དེ་ལས: 13.མནའ:ཁ:དབུད:པ:དག:ཀྱང:། 14.མྱྀ་བགྱྀ:མྱྀ:བསྒྱུར:བར:། འཇྀག 15.རྟེན་ལས:། འདའས:པའ:དང་། 16.འཇྀག:རྟེན་གྱི:ལྷ་དང་། མྱྀ་མ:ཡིན: 17.པའ:།ཐམས:ཅད་གྱང:དཕང་དུ། 18.གསོལ:ཏེ། བཙན་པོ:ཡབ:སྲསདྔ:། 19.རྗེ་བློན་ཀུན་གྱིས་དབུ་སྙུང:དང་བྲོ:། 20.བོར་རོ:།གཙིགས་ཀྱྀ་ཡི་གེ་ཞྀབ: 21.མོ་གཅྀགནི་གུད་ན་མཆིས་སོ།:
དཀའ་འགྲེལ།
[རྩོམ་སྒྲིག]1.ར་ས། ར་སའི་འཕྲུལ་སྣང་གཙུག་ལག་ཁང་སྟེ་སྤྱི་ལོའི་དུས་རབས་བདུན་པའི་དཀྱིལ་ཙམ་ལ་སྐྱིད་ཤོད་འོ་ཐང་གི་མཚོ་བསུབས་ཤུལ་བལ་བཟའ་ཁྲི་བཙུན་གྱིས་བཞེངས་ནས་ཇོ་བོ་ཤཱཀྱ་ཐུབ་པ་དང་དགུང་ལོ་བརྒྱད་ཚད་ཀྱི་སྐུ་བཞུགས་སུ་གསོལ་བ་དེ་ཡིན་ཞིང་། ལྷ་ཁང་འདི་བཞེངས་དུས་བལ་བཟས་ར་ལ་ས་བཀལ་ནས་མཚོ་བསུབས་པས་མིང་དེ་ལྟར་ཐོགས་སྐད་ཅིང་། ར་མའི་འཇིམ་གཟུགས་གཅིག་ཀྱང་བཞེངས་ནས་གཙུག་ལག་ཁང་དུ་རྗེས་དྲན་གྱི་རྟེན་དུ་མཆོད་ཅིང་མཆིས་པ་ལ་ཇོ་བོ་ར་མ་རྒྱལ་མོ་ཞེས་དེང་སང་ཡང་མཇལ་རྒྱུ་ཡོད། ར་ས་འཕྲུལ་སྣང་ལ་དེང་སྐབས་ཇོ་ཁང་ཞེས་ཀྱང་བྱ་སྟེ། རྟེན་གྱི་གཙོ་བོ་རྒྱ་བཟང་ཝུན་ཁྲིན་ཀོང་ཇོའི་རྫོངས་སྐལ་ཤཱཀྱ་ཐུབ་པ་དགུང་ལོ་བཅུ་གཉིས་ཚད་ཅན་དེའོ།། 2.བྲག་མར་གྱྀ་གཙུག་ལག་ཁང་། བྲག་དམར་གྱི་གཙུག་ལག་ཁང་སྟེ་བསམ་ཡས་དབུ་རྩེ་རིགས་གསུམ་མམ་དཔལ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། ཞེས་ཀྱང་བྱ་སྟེ། ཁྲི་སྲོང་ལྡེ་བཙན་སྐབས་བཞེངས་པ་ཡིན་ཀྱང་། ནམ་བཞེངས་ཀྱི་ལོ་ཚིགས་ཐད་བཞེད་པ་མི་མཚུངས། 3.གདུང་རབས་རེ་རེ་ཞིང་། གདུང་རབས་རེ་རེའི་རིང་། ཞེས་པ་དང་དོན་གཅིག 4.མནའ་ཁ་དབུད་པ། མནའ་ཁ་འབུད་པ་སྟེ་མནའ་བསྐྱལ་བ་ལས་འགོང་བའམ་མནའ་ཟོས་པ། ཞེས་པའི་དོན། 5.འཇྀག་རྟེན་ལས་འདས་པ། སངས་རྒྱས་ལ་ཟེར། 6.དཕང་དུ་གསོལ། དཔང་དུ་གསོལ་ཞེས་པའོ།། 7.གཙིགས་ཀྱྀ་ཡི་གེ་ཞྀབ་མོ་གཅིག་ནི་གུད་ན་མཆིས་སོ། འདི་ནི་གཤམ་ནས་འབྱུང་བར་འགྱུར་བའི་གཀའ་གཙིགས་དང་པོ་དང་གཉིས་པ་ལས་དང་པོ་ལ་ཟེར་བ་ཡིན་ནོ།།