བསམ་བློ་མཁན་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་
བསམ་བློ་མཁན་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་ནི་ཆབ་འགག་གསེར་ལྗོངས་ཡུལ་གྱི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་དུ་ཆེ་ཞིང་། ཆབ་ཆ་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་(ཡོངས་གྲགས་ལ་དགོན་པ་སོ་མ་ཡང་ཟེར། སོ་མ་ཞེས་པ་ནི་གསར་བའིི་བརྡ་རྙིང་པ་ཞིག་ཡིན་པ་འདྲ་སྟེ་དེང་གི་ལ་དྭགས་ཀྱི་ཡུལ་སྐད་དུ་ཡང་སོ་མ་རྒྱུན་སྤྱོད་བྱེད་བཞིན་མཆིས།)ཕྱག་འདེབས་པ་པོ་ཡིན། དེ་ཡང་སྐུ་ཕྲེང་རིམ་པ་བཞིན་གྱི་རྣམ་ཐར་མདོར་ཞིག་གཤམ་དུ་ངོ་སྤྲོད་རིམ་གྱིས་བྱའོ། །
༡༽སྐུ་ཕྲེང་དང་པོ་མཁན་ཆེན་གྲགས་པ་བརྩོན་འགྲུས་ནི་རིགས་རུས་ཕུན་པའི་རིགས་སུ་སྐུ་འཁྲུངས་ཤིང་སྐུའི་ལང་ཚོའི་དཔལ་རིམ་གྱིས་རྒྱས་པ་ན་རབ་ཏུ་བྱུང་བ་དང་དགེ་ཚུལ་སློང་གི་སྡོམ་པ་འདུལ་བའི་ཕྱག་ལེན་བཞིན་བཞེས། དེ་ནས་དབུས་ལྷ་ལྡན་ཕེབས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོ་ཞུགས་ཏེ་མཚན་ཉིད་ཚང་བའི་དགེ་བའི་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱི་ཚུལ་བཞིན་དུ་བསྟེན་ཅིང་། གཞུང་ཆེན་བཀའ་པོད་ལྔ་ལ་བརྩོན་པ་ལྷོད་མེད་ཆུ་བོའི་རྒྱུན་བཞིན་བསྲིང་ནས་ཐོས་བསམ་སློབ་གཉེར་གནང་བས་ཡུན་རིང་མ་འགོར་བར་མདོ་ཕྱོགས་ནས་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག
དེ་ནས་གསང་ཆེན་རིག་པ་འཛིན་པ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གསང་བདེ་འཇིགས་གསུམ་གྱི་གཙོ་བོས་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལ་ཐུགས་གཉེར་མཛད་ནས་མཁས་པའི་གྲགས་པ་ཆེ་བ་དང་ཕྱིས་སུ་སྨད་རྒྱུད་ཀྱི་མཁན་པོའི་ཁྲིར་ཕེབས།
ཁོང་འཁྲུངས་པའི་ལོ་ཚིགས་མི་གསལ་ཡང་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་དང་ཞལ་མཇལ་བའི་ཚུལ་རྣམ་ཐར་ལས་གསལ་བ་དང་། ཡོངས་འཛིན་ཕུར་ལྕོགས་དབང་དབང་བྱམས་པ་རྒྱ་མཚོའི་ཡོངས་འཛིན་གནང་མྱོང་བ་ལ་གཞིགས་ན་དུས་ཚིགས་ཅིག་ཧ་ཅང་སྟབས་བདེས་ངང་གཏན་འབེབས་བྱ་ཐུབ་སྟེ།