བསམ་གླིང་བ་
མཐོང་རིས་
འདི་ནི་ཡབ་ཕུག་པ་མགོན་དང་ཡུམ་དར་མ་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་གསུང་པའི་ས་བྱ་(༡༡༨༩)ལོར་སྐུ་འཁྲུངས་། དགུང་ལོ་ཉེར་གཅིག་ལ་ཕེབས་སྐབས་དཔྱལ་ཆོས་བཟང་དང་གཙང་བ་སར་སྦོས་གཉིས་ཀྱིས་མཁན་སློབ་མཛད་དེ་རབ་ཏུ་བྱུང་། བླ་མ་མང་དུ་བསྟེན་ནས་ཐོས་པ་རྒྱ་ཆེན་པོ་མཛད་། དཔྱལ་གྱི་ཐུར་ཆོས་པའང་ལོ་མང་དུ་བྱས་། མྱང་སྟོད་ཀྱི་སེང་ཕྲེང་དགོན་པ་ན་དྭགས་པོ་བཀའ་བརྒྱུད་ཀྱི་སྒོམ་ཆེན་ཞིག་ཡོད་པ་དེ་ལ་ལྔ་ལྡན་ལ་སོགས་ཞུས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས་། གངས་པ་རིན་ཆེན་འོད་ཟེར་གྱི་ཞབས་ལ་གཏུགས་ནས་ཆོས་མང་དུ་གསན་། སྐུ་ཚེའི་སྨད་དུ་མྱང་སྨད་བསམ་གླིང་དགོན་བཏབ་། རྟོགས་པ་མཐོ་ཞིང་འགྲོ་དོན་རྒྱ་ཆེ་། མཐར་དགུང་ལོ་དོན་གཉིས་པ་རབ་བྱུང་བཞི་པའི་ལྕགས་སྤྲེལ་(༡༢༦༠)ལོར་སྐུ་གཤེགས་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།