Jump to content

བསང་མཆོད་རིག་གནས་

ཡོང་ཁུངས་Wikipedia

ལྷ་བསང་གཏོང་བ་ནི་བོད་ཀྱི་ཡུལ་ལུང་གང་སར་རྒྱ་ཆེར་དར་བའི་ཆོས་ལུགས་རིག་གནས་ཀྱི་ཆོ་ག་ཞིག་ཡིན། དེ་ནི་སྐྱེས་བོ་སུ་ཞིག་གིས་རང་ཉིད་དད་སའི་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མ་སོགས་ལྷ་གང་ཞིག་ལ་ཐང་ཤུག་དང་རྩམ་པ། དཀར་གསུམ་མངར་གསུམ་ལ་སོགས་པའི་ཟས་རིགས་སྣ་ཚོགས་བསྲེགས་ནས་མཆོད་སྦྱིན་བྱས་ཏེ་རང་ལ་གྲོགས་དན་བྱེད་པར་སྐྱབས་བཅོལ་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན།

བསང་གི་གོ་དོན་

[རྩོམ་སྒྲིག]

《དག་ཡིག་གསར་བསྒྲིགས》ལས། བསང་ཞེས་པར་“ཐང་ཤུག་དང་ཟས་རིགས་བསྲེགས་ནས་ལྷ་དང་གཞི་བདག་ལ་མཆོད་པའི་ཆོ་ག་ཞིག་གི་མིང་” ཞེས་འགྲེལ་བཤད་བྱས་ཡོད། སྤྱིར་བསང་ཞེས་པ་ནི་གཙང་གི་དོན་ཡིན། མཁར་རྨེའུ་བསམ་གཏན་གྱི་《མདའ་དང་འཕང》ལས་“བས་ཝང་མཆོད་ཆོ་གའི་སྙིང་པོ་ནི་རི་རྩེར་དྲི་ཞིམ་བསང་གི་མཆོད་པ་འབུལ་བ་དེ་རེད། བསང་མཆོད་འབུལ་བའི་དུས་ཚོད་དང་དུས་ཡུན་རིང་ཐུང་། དེར་ཞུགས་མཁན་གྱི་མི་སྣ་བཅས་ནི་ཡུལ་སོ་སོར་མི་འདྲ་བ་ཡོད” ཞེས་འཁོད་ཡོད། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་《མནོལ་བསང་ཉམས་གྲིབ་ཀུན་སེལ》ནང་“རང་བཞིན་དག་པའི་བསང་མཆོད་འདིས། ། མི་བསང་བ་ནི་གང་ཡང་མེད། ། གདུག་པའི་དུག་དང་བཙོག་པའི་གྲིབ། ། ཐམས་ཅད་མ་ལུས་སངས་གྱུར་ཅིག །” ཅེས་པའི་སྐབས་སུ་བསང་ནི་མི་གཙང་པ་ཐམས་ཅད་གཙང་བར་བྱེད་པའི་ནུས་པ་ཅན་ཞིག་ཡིན་པ་ཤེས་ཐུབ། བསང་ཕུད་ཞེས་པ་ནི་གཙང་ཕུལ་བ་སྟེ། རང་ཉིད་དད་འདུན་ཆེ་བའི་ཡུལ་བྱེ་བྲག་པ་ཅིག་ལ་བཟའ་བཏུང་གི་དྭངས་མ་དང་། ཤུག་པ། བ་ལི། ཙན་དན་གྱི་དྲི་བཏང་སྟེ་མི་གཙང་བ་གྲིབ། ནད། གནོད་པ། ལྟས་ངན་པ་སོགས་ཉེས་སྐྱོན་སེལ་ཞིང་། བདེ་དགེ་ལེགས་ཚོགས་སྟེར་བའི་ཆོ་ག་ཞིག་ལ་བསང་ཞེས་གོ་བ་ལེན། མཁར་རྨེའུ་བསམ་གཏན་གྱི་《མདའ་དང་འཕང》ལས། “དེ་ཡང་ཕྱི་རྒྱལ་གྱི་ཞིབ་འཇུག་པ་སེ་བན་ནན་ལྟ་བུས‘བསངས་ལྟ་བུ’ཞེས་པ་ནི་ཟས་རིགས་ལ་གོ་བར་གསུངས་ཤིང་། བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་མཁས་དབང་རྣམས་ཀྱིས་ཆོས་ལུགས་ཀྱི་དཔེ་ཆའི་ནང་འཁོད་པ་ལྟར་དེ་སྤོས་ཀྱི་མཆོད་པ་ཞིག་ཏུ་ངོས་འཛིན་གནང་ཡོད་ལ། དེ་ནི་རྒྱ་གར་ནས་བོད་དུ་དར་བར་འདོད་ནས་ཆེ་བསྟོད་བྱ་བའི་ཡུལ་དུ་གྱུར་ཡོད། སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ལས། བསང་གི་ཆོ་ག་ཞེས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་སྤྱི་ཚོགས་དང་རིག་གནས་བཅས་དང་འབྲེལ་བའི་ཆོ་ག་དེ་ལྷ་ལ་དྲི་ཞིམ་གྱི་མཆོད་པ་འབུལ་བའི་སྲོལ་ཞིག་ཏུ་འཕོ་འགྱུར་བྱུང་བ་དང་། དེ་ལྟའི་འགྲེལ་བཤད་བྱེད་པའི་ཚུལ་དེ་མཐའ་མ་སངས་རྒྱས་ཆོས་ལུགས་ནང་དུ་‘བསང་མཆོད’ཅེས་པའི་ཆོས་ལུགས་བྱེད་སྒོ་ཞིག་ཏུ་གཏན་འབེབས་བྱས་ཡོད་པ་རེད་ལ། སྣང་ཚུལ་དེ་ནི་ཕྱིས་སུ་དར་བའི་བོན་གྱི་གྲུབ་མཐའི་ནང་དུའང་ཉར་ཚགས་བྱས་ཡོད་པ་རེད”ཅེས་འཁོད་ཡོད་དོ། གཞན་ཡང་ལྔ་པ་ཆེན་མོས་མཛད་པའི་《བསང་མཆོད་བཀྲ་ཤིས་འཁྱིལ་བ》ཞེས་པའི་དེབ་ནང་“ཕུན་ཚོགས་དྲི་ལྡན་བསང་མཆོད་གང་གཱའི་རྒྱུན། ། མི་གཙང་ཉེས་ཚོགས་འཁྲུད་པའི་ཆོ་ག་མཁན། །” ཞེས་བསང་གི་ཐོག་མའི་གོ་དོན་དང་བྱེད་ལས་ནི་མི་གཙང་བའམ་བཙོག་གྲིབ་སེལ་བར་བྱེད་པ་ཡིན་ཞེས་གསུངས་འདུག གོང་གི་དཔྱད་ཡིག་ལས་ང་ཚོས་ཤེས་ཐུབ་ནི་བསང་གི་གོ་དོན་ནི་གཙང་ཞེས་པ་ཡིན་ལ། བསྩང་ཞེས་པ་སྒྲ་ཟུར་ཆགས་ནས་བྱུང་བར་ཡང་འདོད། དེའི་ཆོ་ག་ནི་ཟས་རིགས་དང་ཐང་ཤུག་སོགས་བསྲེགས་ནས་རང་ཉིད་དད་སའི་ལྷ་དེར་དྲི་ཞིམ་གྱི་མཆོད་པ་ཕུལ་བའི་མུར། མི་གཙང་བའི་གྲིབ་མ་དག་ཅིང་། ནད་གདོན་བར་ཆད་སོགས་སེལ་བ། འདོད་དོན་ཡིད་བཞིན་དུ་འགྲུབ་པར་སྐྱབས་བཅོལ་བ་ཞིག་ཡིན།

བསང་གི་ཁུངས་

[རྩོམ་སྒྲིག]

བསང་གི་ཡོང་ཁུངས་ཐད་ལ་བཤད་ཚུལ་མི་འདྲ་བ་གསུམ་ཡོད་པར་འདོད་དེ། གཅིག དེ་ནི་གདོད་མའི་སྤྱི་ཚོགས་སྐབས་སུ་དམར་མཆོད་བྱེད་པའི་ཆོ་ག་དེ་ལས་བྱུང་བར་འདོད་དེ། ཕྱིས་སུ་ལོ་རྒྱུས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་རིག་གནས་གཞན་གྱི་རྒྱུན་དང་ཉམས་འདྲེས་བྱུང་ཞིང་། སྔོན་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཀྱི་རྣམ་པའམ་བྲོ་བ་ལ་བསྒྱུར་བཅོས་དང་བླང་དོར་སྣ་ཚོགས་བྱས་པས་ད་ལྟའི་བསང་མཆོད་བྱེད་པའི་རྣམ་པ་འདི་དར་བར་འདོད་དོ། །

གཉིས། སྔོན་གྱི་དུས་སུ་མི་རིགས་གང་ཞིག་དང་རྒྱལ་ཁབ་གང་ཞིག་གིས་དམག་འཁྲུག་བྱེད་དུས་རི་འགོ་མཐོན་པོ་དང་ཉག་ག་སོགས་སུ་དུ་བ་བཏང་སྟེ་ཕན་ཚུན་ལ་གསང་བརྡའམ་དམག་བརྡ་གཏོང་བའི་སྲོལ་ཡོད། དེ་ནི་སྔོན་གྱི་དུས་དམག་འཁྲུག་བྱེད་དུས་གསང་བརྡ་སྤྲོད་བྱེད་ཀྱི་བརྡ་ཁྱད་པར་བ་ཞིག་ཡིན་པས། དུ་བ་གཏོང་བ་ནི་ཐོག་མའི་དུས་སུ་དམག་འཁྲུག་ཏུ་སྤྱོད་པ་དང་། བོད་རང་ལ་མཚོན་ན་དེ་ནི་རིམ་བཞིན་ཆོས་ལུགས་ཀྱི་ཆོ་ག་ཞིག་ཏུ་གྱུར་པར་འདོད། གཞན་དེ་ནི་བོད་མིའི་ཁ་དཔེར་ཆུ་མགོ་གངས་ལ་ཐུག ཆོས་མགོ་རྒྱ་གར་ལ་ཐུག་ཞེས་པ་ཇི་བཞིན། བསང་གི་ཁུངས་དེའང་རྒྱ་གར་འཕགས་པའི་ཡུལ་གྱི་སངས་རྒྱས་ཐུགས་རྗེ་ཅན་ལ་ཐུག་ཡོད་པ་རེད་དེ། གསེར་འོད་དམ་པའི་མདོ་ལས། “བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེ་དབང་བོའི་རྒྱལ་བོ་དེ་ལ་མཆོད་པའི་སླད་དུ་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་འབྱུང་བར་འགྱུར་ཏེ། དེ་དག་སྐད་ཅིག་ཐེངས་ཤིག་ཡུད་ཙམ་དེ་ལ་རྒྱལ་པོ་བདག་ཅག་བཞིའི་རང་རང་གི་ཁང་བའི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་གི་གདུགས་རྣམས་སུ་གནས་པར་འགྱུར”ཞེས་གསུངས། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ཀྱང་། “མ་ག་དྷ་བཟང་མོས་མཐའ་འཁོབ་ཀྱི་ཡུལ་བུ་རམ་ཤིང་འཕེལ་དུ་རང་གི་ཁང་ཐོག་ནས་བསང་གི་དུད་སྤྲིན་ཐུལ་བ། སངས་རྒྱས་མཉན་ཡོད་དུ་བཞུགས་པའི་སྤྱན་སྔར་མཆོད་སྤྲིན་གྱི་ཕུང་བོར་འཁྲིགས་པའི་ལོ་རྒྱུས་མདོ་ལས་གསུངས་པ་དེ་ཉིད་བསང་གི་ཁུངས་སུ་འགྲོ་བར་སེམས་མོ། ། ”ཞེས་དང་། “ཁྱད་པར་དུ་དགྲ་བཅོམ་པ་ས་ག་ལྷའི་མེ་ཏོག་ཕྲེང་རྒྱུད་དུ། སངས་རྒྱས་སྐུ་གཟུགས་གྲོང་སོགས་སུ། ། སྤྱན་དྲངས་པར་ནི་གསུངས་པ་ཡིན། ། དེར་ནི་ཆག་ཆག་བྱུགས་པ་དང་། ། སྲང་གི་བཞི་མདོར་ས་གཞི་ལ། ། སྣ་ཚོགས་མེ་ཏོག་བཀོད་པ་ཡིས། ། རབ་ཏུ་མཛེས་པར་བྱས་པ་ཡིན། ། ཙན་དན་ཨ་ཀར་ག་བུར་གྱི། ། བདུག་སྤོས་ཀུན་ནས་འབུལ་བར་བྱ། ། ”ཞེས་གསུངས་པ་འདི་དག་བསང་གི་ཁུངས་དྲག་ཤོས་ཡིན་པར་བསྟན་དར་ལྷ་སའི་བར་སྐོར་དུ་བྱམས་སྐུ་གདན་འདྲེན་སྐབས་ལྟ་བུ་ལ་སྲང་བར་དུ་བསངས་ཤིང་དུ་བ་འཐུལ་བར་བྱས་པའི་སྲོལ་མཆིས་པ་དེ། རྒྱ་གར་པའི་ཆོས་ལུགས་ཀྱི་རྗེས་སུ་འབྲངས་པ་ཡིན་པར་གོར་མ་ཆག་གོ་ཞེས་གསུངས་འདུག་གོ་ཞེས་ཆ་རིས་པས་བཞེད་དོ། ། གོང་གི་ཁུངས་ལུང་འདི་གསུམ་གང་ལ་ལྟས་རུང་བསང་ནི་བོད་ཀྱི་རིག་གནས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པ་རྟོགས་ཐུབ་ལ། བསང་ནི་དུས་རྒྱུན་བོད་མིའི་འཚོ་བའི་ཁྲོད་མིག་མཐོང་ལག་ཟིན་དུ་སྣང་བའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའང་ངང་གིས་ཚོར་ཐུབ།

བསང་གི་དབྱེ་བ་

[རྩོམ་སྒྲིག]

བསང་ལ་དབྱེ་ན་རིགས་མང་དུ་ཡོད་དེ། བསང་ཕུད་ཚུལ་གྱི་རྣམ་པའི་ཆ་ནས་དབྱེ་ན་སྒེར་བསང་དང་སྤྱི་བསང་གཉིས་སུ་དབྱེ་ཆོག་སྟེ། སྒེར་བསང་ནི་ཁྱིམ་ཚང་དང་མི་སྒེར་ངོས་ནས་ཕུད་པའི་བསང་ལ་ཟེར་བ་ཡིན། སྤྱི་བསང་ནི་སྡེ་བ་ཚོ་བ། ཤོག་ཁ། ཡུལ་ཚོ་སོགས་མི་ཚོགས་ཐུན་མོང་གིས་དུས་གཅིག་ཏུ་ཕུད་པའི་བསང་མཆོད་ལ་ཟེར། དཔེར་ན་ལོ་སར་སྐབས་ཀྱི་སྡེ་བ་ཚོ་བས་རང་གི་སྐྱེས་ལྷ་གནས་སའི་ལབ་ཙེ་ཁ་སོགས་ནས་གཏོང་བའི་བསང་མཆོད་དང་བླ་མ་དགེ་བའི་བཤེས་གཉེན་བསུ་མ་བྱེད་དུས་གཏོང་བའི་ལྷ་བསང་། དེ་ལས་གཞན་འཛམ་གླིང་སྤྱི་བསང་ལྟ་བུ་སོགས་ཤིན་ཏུ་མང་། བསང་ལ་བྱེ་བྲག་གི་སྒོ་ནས་དབྱེ་ན། དཀར་བསང་དང་དམར་བསང་། དཀར་བསང་ནི་ཤ་ཁྲག་མ་འདྲེས་པའི་བསང་མཆོད་དང་། དམར་བསང་ནི་ར་ལུག་དང་ཁྱིམ་བྱ་སོགས་གསོན་པོར་སྦྱིན་བསྲེག་བྱེད་པའི་བསང་མཆོད་དམ། ཡང་ན་ཤ་ཁྲག་འདྲེས་པའི་བསང་མཆོད་ལའང་ཟེར། དེ་ལས་གཞན། ནད་པ་སོགས་དྲག་བྱེད་དུ་ལྷ་ལ་བསང་མཆོད་བྱེད་པའི་ནད་བསང་། རྫས་བཙོག་པོ་ལུས་ལ་ཕོག་པའམ་འགོས་ནས་ནད་བྱུང་བ་སྟེ། གོས་མི་གཙང་བ་གོན་ནས་བྱིས་པ་མནོལ་ལྟ་བུ་སོགས་ལ་ཕུད་པའི་མནོལ་བསང་། གྲིབ་བཙོག་སེལ་བྱེད་ཐབས་ལ་ཕུད་པའི་གྲིབ་བསང་། བོད་ཀྱི་རིག་གནས་ཁྲོད་ཀླུ་ནི་ཆུ་ལ་གནས་པ་ཡིན་པས་ཆུ་མགོ་དང་ཆུའི་ཁ་སོགས་སུ་མི་གཙང་བའི་རྫས་སོགས་འཕང་ན་ཀླུས་ཕྱིར་མི་དེར་གནོད་པ་བྱས་མཛེ་ནད་དང་གཟའ་ནད། རྐང་ལག་ན་བ་སོགས་བྱེད་པས། ནད་དེ་ལས་ཐར་བར་ཀླུ་བསང་གཏོང་བའི་སྲོལ་ཡོད་པ་ཡིན། དེ་བས་བསང་གཏོང་བ་དེ་ལའང་དམིགས་པ་སྣ་ཚོགས་ཡིན་པས་དེར་བྱེད་སྒོའང་རིགས་མི་འདྲ་བ་མང་པོ་ཡོད་པ་ཡིན་ནོ། །

བསང་གི་མགྲོན་

[རྩོམ་སྒྲིག]

བསང་གི་མགྲོན་ནི། བསང་གི་མགྲོན་ལ་རིགས་བཞི་དགར་དགོས་ཏེ། བསང་གི་མགྲོན་དང་བོ། དཀོན་མཆོག་སྲིད་ཞུའི་མགོན་པོ་སྟེ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པ་རྣམས་མགྲོན་ཡུལ་རེད། དེ་དག་ལ་མགྲོན་ན་ཕན་ཡོན་ནི། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་གསོག་ཅིང་དེའི་ཐུགས་རྗེས་རང་ཉིད་སྐྱོབ་པ་དེ་བསང་གི་མགྲོན་དང་བོའི་ཕན་ཡོན་རེད། བསང་གི་མགྲོན་གཉིས་པ་ནི། མགོན་པོ་ཡོན་ཏན་གྱི་མགྲོན་པོ་སྟེ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་རེད། མགྲོན་གཉིས་པའི་ཕན་ཡོན་ནི། ཕན་པ་སྒྲུབ་ཅིང་བར་ཆད་སེལ་བ་སོགས་མགྲོན་གཉིས་པའི་ཕན་ཡོན་རེད། བསང་གི་མགྲོན་གསུམ་པ་ནི། རིགས་དྲུག་སྙིང་རྗེའི་མགྲོན་དག་རེད། དེ་དག་ལ་མགྲོན་པའི་ཕན་ཡོན་ནི། གཞན་དོན་འགྲུབ་ཅིང་ཐེག་པ་ཆེན་པོའི་བར་འགྱུར་བ། བསང་གི་མགྲོན་བཞི་བ་ནི། གདོན་བགེགས་ལན་ཆགས་ཀྱི་མགྲོན་རིགས། ཕན་ཡོན་ནི། ཤ་འཁོན་ཞི་ཞིང་ཕྱིན་ཆད་གནོད་པ་མི་བྱེད་པའོ། །

བསང་་མེ་དང་བསང་རྫས་

[རྩོམ་སྒྲིག]

བསང་གི་མེ་རྫས་ནི། རྡོ་སོལ་སོགས་ཀྱི་མེ་མི་རུང་བར་ཐུའུ་བཀྭན་ཆོས་ཀྱི་ཉི་མས་གསུངས་ཤིང་ལྕི་བ་དང་ཤིང་དང་སོལ་བའི་མེ་གང་རུང་ངོ་། ། བསང་རྫས་ནི། ཡོངས་གྲགས་སུ་རིན་ཆེན་སྣ་ཚོགས་དང་། དར་ཟབ། འབྲུ་སྣ། སྨན་སྣ། ཤིང་སྣ། རི་བཟང་བོའི་རྩི་སྔོན་སྣ་ཚོགས། མར་གྱིས་སྤྲུས་པའི་བསང་རྩམ། དཀར་གསུམ། མངར་གསུམ་བཅས་སོ།། ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཤུག་པ་དང་། མཁན་པ། བ་ལུ་གསུམ་བསང་རྫས་མཆོག་ཏུ་གསུངས། བསང་གི་བྱེད་ལས་དང་དགོས་པ་ནི། ཅི་འདོད་པའི་འཕྲིན་ལས་སྒྲུབ་པ་དང་། སངས་རྒྱས་ཀྱི་བསྟན་པ་སྲུང་བ། སྒྲུབ་པ་ལ་བར་ཆད་སེལ་པ། ཡུལ་འཁོར་སྲུང་བ། རྐྱེན་ངན་ཟློག་པ། སྙན་གྲགས་སྤེལ་བ། ལྷ་ཁང་དང་མཆོད་རྟེན་བཞེངས་པ། མི་ནད་ཡམས་ནད་གཅོད་པ། མཁར་ལས་བྱེད་པ། བཀྲ་ཤིས་པ། ཐག་རིང་དུ་འགྲོ་བ། ཆུ་ཆེན་དང་ལམ་འཕྲང་བགྲོད་པ། ཚོང་བྱེད་པ། དམག་ལ་འགྲོ་བ། མདོར་ན། དོན་བྱ་བ་ཐམས་ཅད་ཀྱི་སྔོན་དུ་བསང་བཏང་ན་འདོད་པའི་དོན་དེ་དག་འགྲུབ་པར་གསུངས།

བསང་གཏོང་བའི་དུས་དང་གནས་

[རྩོམ་སྒྲིག]

བསང་གཏོང་བའི་དུས་ནི། རྒྱུན་བསང་ལ་གཟའ་སྐར་བརྩི་ཚུལ་མེད་ཅིང་། དེ་མ་ཡིན་པར་གནས་སྐབས་ཀྱི་དགོས་དོན་ལ་དམིགས་ཏེ་བསང་མཆོད་བྱེད་ན། ཚེས་བརྒྱད་བཅོ་ལྔ་སོགས་དུས་ཆེན་རྣམས་དང་། ཟླ་རེའི་ཚེས་གཉིས། བཅུ་གཉིས། ཉེར་གཉིས་སོགས་ལྷ་ཚེས་ཀྱི་སྐབས་སམ། གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་གྱི་སྔ་དྲོར་བྱའོ། ། བསང་གཏོང་བའི་གནས་ནི། ལྷ་ཀླུ་ཁྱད་པར་ཅན་གནས་པའི་སའམ། ལྷ་རྟེན་ལ་སོགས་པའི་དྲུང་ངམ། རིའི་རྩེ་མོ་འམ། བླ་གབ་མེད་པའི་ས་ཕྱོགས་གཙང་མ་ཡིད་མཐུན་གྱི་གནས་སུ་བྱེད།

བསང་གཏོང་བའི་དགོས་པ་་

[རྩོམ་སྒྲིག]

བོད་མི་རྣམས་ཀྱིས་སྔོན་བྱོན་མེས་པོ་རྣམས་ཀྱི་གོམས་སྲོལ་བཞིན་ལྷ་ཀླུ་གཉན་གསུམ་ལ་མཆོད་པ་རྒྱ་ཆེན་བཤམས་ཏེ་ཆར་ཆུ་སློང་བ་དང་། སེར་བ་འགོག་པ། དགྲར་འཐབ་པ། ཚོང་ལས་བྱེད་པ། ན་ཚ་ཞི་བ། བླ་མ་དང་དགེ་འདུན་པ་སོགས་སྤྱན་འདྲེན་པ། སྟོན་མོ་དང་རྩེད་ར་ཚོགས་པ། མཇལ་སྐོར་དུ་འགྲོ་བ་སོགས་འཕྲལ་ཕུགས་ཀྱི་དོན་བྱ་ཅི་ཞིག་གཉེར་ཀྱང་སྔོན་འགྲོ་ལ་བསང་ཕུད་དེ་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མར་གློ་སྙིང་བྲང་གསུམ་གཏོད་བཞིན་རང་གི་བྱ་བ་ཐམས་ཅད་གེགས་རྐྱེན་བར་ཆད་མེད་ཅིང་ཚེགས་མེད་བདེ་བླག་ཏུ་འགྲུབ་པར་གསོལ་མཆོད་བྱེད་པ་དང་། ཐ་ན་སློབ་མས་རྒྱུགས་སྤྲོད་པ་དང་དཔོན་པོས་ཐོབ་གོ་ས་སྙེག་པའི་སྐབས་གང་ལ་ཡང་བསང་མཆོད་བྱེད་པའི་རྣམ་པ་རྒྱུན་དུ་མཐོང་རྒྱུ་ཡོད། དེར་བརྟེན་བསང་ཕུད་པ་ནི་གཙང་མ་བྱེད་པའམ་ལྷ་མཆོད་ཀླུ་གསོལ་གྱི་ཆོ་ག་རྐྱང་རྐྱང་ཙམ་མ་ཡིན་པར་དུས་རྒྱུན་གྱི་འཚོ་བའི་ནང་དུ་བྱ་བ་ཐམས་ཅད་ཀྱི་སྔོན་དཔག་དང་སྐྱབས་བཅོལ་བྱེད་ས་ཞིག་ཏུ་གྱུར་ཡོད།

བསང་གི་འཕེལ་འགྱུར་

[རྩོམ་སྒྲིག]

མི་མང་པོ་ཞིག་གི་བསམ་བློར་བསང་མཆོད་བྱེད་པ་ནི་གནའ་བོའི་བོན་པོའི་ཆོས་ལུགས་ལས་དར་བར་འདོད། རྒྱུ་མཚན་སྔོན་གྱི་བོན་པའི་ཆོས་ལུགས་ཁྲོད་རྭ་ལུག་ཁྱིམ་བྱ་སོགས་དམར་མཆོད་དམ་དམར་བསང་ཕུལ་བའི་སྲོལ་ཡོད་པ་དེ་ད་ལྟའི་དཀར་བསང་གི་རྣམ་པར་འགྱུར་བར་བཤད། ཡིན་ཡང་། ཁོ་བོས་བསམ་པར་དམར་མཆོད་བྱེད་པ་དེ་བོད་པ་ཁོ་ན་ཙམ་མིན་པར། འཛམ་གླིང་གི་མི་རིགས་མང་པོའི་ཁྲོད་མི་དང་དུད་འགྲོའི་ཤ་ཁྲག་གིས་ལྷ་ལ་མཆོད་སྦྱིན་བྱེད་པའི་སྲོལ་ཡོད་པ་དེང་གི་གློག་བརྙན་དང་དཔེ་ངོས་སོགས་ཀྱི་རྒྱུ་ཆ་སྣ་མང་ལས་མཐོང་གསལ་རེད། དེ་བས་དམར་བསང་གི་མཆོད་པ་དེའང་བོད་རང་ས་ནས་དར་བར་བཤད་པའི་ལྟ་བ་དེ་ལ་དོགས་སློང་མི་སྐྱེས་ག་མེད་བྱུང་ངོ་། དུས་རབས་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་མིའི་རིགས་ཀྱི་བསམ་བློའི་གོ་རྟོགས་དེ་ཡང་ཇེ་མཐོར་སོང་སྟེ་སྔོན་གྱི་ཤ་ཁྲག་གི་མཆོད་སྦྱིན་དེ་ཡང་རིམ་བཞིན་འགྱུར་ནས་དེའི་དོད་དུ་མར་རྩམ་ལས་བཟོས་པའི་རྭ་ལུག་སོགས་བྱེད་པའི་དཀར་བསང་གི་རྣམ་པ་ཅན་འགྱུར་བ་རེད། དེ་ལས་གཞན་དེང་གི་ཆར་བསང་ཕུད་པའི་དུས་བསང་ཐོག་ཏུ་དེང་གི་གོས་དང་ཟས་རིགས་སྣ་ཚོགས། བཏུང་བྱའི་སྐོམ་ཆུ་རིགས་སྣ་ཚོགས་འབུལ་བའི་སྲོལ་ཞིག་དར་མུས་སུ་ཡོད། དེའི་ཁྲོད་རྫས་སྦྱོར་རིགས་སྣ་ཚོགས་ཀྱི་རྒྱུ་ལས་བཟོས་པའི་གོས་དང་བཟའ་བཏུང་རིགས་མང་དུ་སྣང་། དེ་དག་བཟོ་བྱེད་ཀྱི་རྒྱུ་མི་གཙང་ཞིང་བསྲེགས་ན་དྲི་ངན་སྣོམ་དཀའ་བ་དེ་འདྲ་ཡིན་པས། དེ་དག་གིས་མཁའ་དབུགས་འབག་བཙོག་བྱས་རང་བྱུང་ཁོར་ཡུག་ལ་གནོད་པ་ནི་བཤད་མ་དགོས་ཏེ། དེས་མིའི་ལུས་པོའི་བདེ་ཐང་ལའང་གནོད་པ་ཤིན་ཏུ་ཆེ་བར་འདོད། དེའི་རིགས་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མ་གང་ལ་མཆོད་ན་ཡིད་མགུ་བ་ལྟ་ཅི། གནོད་པའི་ལས་ཤིག་གི་རྒྱུ་རུ་འགྲོ་བར་བསམ་པས། རང་ཉིད་དད་སའི་ལྷ་དེས་ཀྱང་ལས་གང་ཞིག་སྒྲུབ་པར་གྲོགས་དན་བྱེད་མི་སྲིད་སྙམ་པའི་སེམས་ཚོར་ཟབ་མོ་ཞིག་ནམ་རྒྱུན་དེ་དག་མཐོང་ཐེངས་རེར་ཀླད་པའི་རྒྱུ་ལ་དབང་མེད་སྐྱེས་འོང་ངོ་། །