བཤད་པ།

ཡོང་ཁུངས་Wikipedia


མི་རིགས་གང་དང་གང་ཞིག་ཡིན་ཡང་ཚང་མར་མི་རིགས་རང་གི་ཁྱད་ཆོས་ལྟར་གཉེན་སྟོན་གྱི་མཛད་སྒོ་རྒྱ་ཆེ་བར་གནང་བའི་སྲོལ་ཆགས་ཡོད། ཁྱད་པར་དུ་མདོ་སྨད་བོད་ཀྱི་གཉེན་སྟོན་བགྱིད་པའི་མཛད་སྒོའི་ཐོག་གླུ་ལེན་གར་རྩེ་བྱེད་པ་སྤྱི་དང་བདག་ཞང་ཚང་དང་སྐུ་མགྲོན་རྣམས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་ཕན་ཚུལ་ལ་འགྲུལ་བཀུར་དང་གཉེན་བཤད་སྟོན་བཤད་ཆང་བཤད་སྐེད་རགས་ཀྱི་བཤད་པ་བཅས་ཀྱི་ཆོ་ག་གཟབ་རྒྱས་སུ་མཛད་སྲོལ་ཡོད་པ་ནི་གཞན་དང་ཐུན་མོང་མ་ཡིན་པའི་སྲོལ་བཟང་ཞིག་ཡིན།

ཨ་མདོ་ཡུལ་དེར་དར་རྒྱ་ཆེ་བའི་གཉེན་བཤད་ཀྱི་ལུགས་སྲོལ་ལ་མཚོན་ན། ཐོག་མར་ཁ་བདེ་ལྕེ་བདེ་མོ་ཅན་གྱི་ཕོ་གསར་ཞིག་གིས་ལག་ཏུ་ཆང་དཀར་དང་ཁ་བཏགས་བཟུང་ནས་ཡུལ་ལྷ་གཞི་བདག་ལ་མཆོད་ཀ་འཕེན་པ་དང་། དེའི་འཕྲོར་གཉེན་གྱི་དར་ལུགས། གཏམ་གྱི་སྒོ་མོ་རྣམ་གསུམ། གཏམ་གྱི་འདུས་པ་རྣམ་གསུམ། ཨ་ཁུ་དཔོན་གྱི་སྐྱེས་རབས། ཨ་ཞང་ཚང་གི་སྐྱེད་རྒྱུད། གཉེན་ཚང་གི་སྐྱེས་རབས་རྣམ་ཐར། བག་མ་དང་མག་པར་བསྟོད་པ། སྐེད་རགས་ལ་བསྟོད་པ་བཅས་བགྱིད་པའི་སྲོལ་ཡོད། གཉེན་བཤད་ཀྱི་ཞུ་ཚིག་རེ་རེའི་ནང་རྗོད་བྱེད་ཚིགས་བཅད་དུ་བསྟར་ཞིང་། བཏོན་ན་ཁར་བདེ་ལ་ཉན་ན་རྣ་བར་སྙན་པ། རྒན་གཞོན་ཀུན་གྱི་སེམས་ཀྱི་སྐྱོ་སྡུག་གི་སྣང་བ་ཅི་ཡོད་རང་ཡལ་དུ་འགྲོ་ཞིང་དགའ་བ་དང་སྤྲོ་བའི་སྣང་བ་རྒྱ་ཆེར་སྐྱེད་ཐུབ་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་འདུག དཔེར་ན། གཉེན་བཤད་གསེར་གྱི་འཁོར་ལོ་ལས། དང་པོ་ལྷ་ཀླུ་གཉིས་ཀ་གཉེན་དར་ཟིག ལྷའི་དབང་པོ་བརྒྱ་བྱིན་གྱི་བུ་མོ། ཀླུ་རྒྱལ་པོ་གཙུག་ན་རིན་ཆེན་ལ་མནའ་མར་བྱིན་ཟིག བར་བ་རྗེ་བཙུན་འཇམ་དབྱངས་བྱས་ཟིག སྔ་དཔོན་པདྨ་འབྱུང་གནས་བྱས་ཟིག ཕྱི་དཔོན་ཕྱག་ན་རྡོ་རྗེ་བྱས་ཟིག ལྷ་རྟ་དཀར་པོ་བག་རྟ་བྱས་ཟིག རི་མོ་ཅན་གྱི་གོས་གོན་ཟིག དར་ཚོན་སྣ་ལྔའི་སྐེད་རགས་བཅིངས་ཟིག རིན་ཆེན་སྣ་ལྔའི་རྒྱན་ཆ་བཏགས་ཟིག ཡིད་བཞིན་ནོར་བུ་རྫོངས་བ་བྱས་ཟིག ལྷ་ཚངས་པ་དཀར་པོ་མགྲོན་འགོ་བྱས་ཟིག ལྷ་རིགས་དྲི་མ་མེད་པ་མགྲོན་ལ་ཆས་ཟིག སྟེང་ལྷ་འོག་ཀླུ་གཉིས་ཀ་སྟོན་མོ་བྱས་ཟིག་ལྟ་བུ་དང་། དེ་ནས་གནམ་ས་གཉིས་ལ་གཉེན་དར་ཟིག ལྷ་འཛིན་གནམ་ལྷ་དཀར་བོའི་བུ་མོ། ས་འཛིན་ལེགས་པ་ཆེན་མོ་ལ་མནའ་མར་བྱིན་ཟིག ལྷ་ཕྲུག་མོན་ཆེན་འོད་ཟེར་མག་པ་བྱས་ཟིག བར་བ་ལྷོ་སྤྲིན་སྨུག་པོ་བྱས་ཟིག སྔ་དཔོན་ཉི་མ་སེར་བོ་བྱས་ཟིག ཕྱི་དཔོན་ཟླ་བ་དཀར་པོ་བྱས་ཟིག སྐྱི་སེར་རླུང་གིས་བག་རྟ་བྱས་ཟིག སྨིན་དྲུག་ཁྲ་མོ་བག་རོགས་བྱས་ཟིག འཇའ་ཚོན་སྣ་ལྔའི་གོས་གོན་ཟིག རིན་ཆེན་སྣ་ལྔའི་ཕྲ་བཀོད་ཟིག དམ་ཅན་རྡོ་རྗེ་ལེགས་པས་མགྲོན་འགོ་བྱས་ཟིག སྤྲུལ་བ་ལྷ་ཆེན་སྡེ་བརྒྱད་མགྲོན་ལ་ཆས་ཟིག གནམ་ས་གཉིས་ཀའི་སྟོན་མོ་བྱས་ཟིག་ལྟ་བུའི་ཚིག་དོན་ཉམས་གསུམ་ལྡན་པའི་གཉེན་བཤད་རིམ་པ་མང་པོ་ཡོད།

སྟོན་བཤད་ཡིན་ནའང་གོང་གི་གཉེན་བཤད་དང་ཕལ་ཆེར་འགྲོ་ལུགས་དང་བཤད་ལུགས་མཚུངས་མོད། འོན་ཏེ་མི་མཚུངས་པའང་ཡོད་སྟེ། དེ་ཡང་སྟོན་བཤད་ལ་མཚོན་ན་སྟོན་མོའི་གཞི་རྒྱ་ཆེ་ཆུང་དང་གྲལ་གྱི་རྒན་དར་གཞོན་གསུམ། མ་སྲུ་ཆེ་རྒན་ཆུང་གསུམ། སྟོན་མོའི་སྡེར་གའི་ཆེ་ཆུང་། སྐུ་མགྲོན་ཚོའི་ཤོམ་གྱི་བཟང་ངན་སོགས་ལ་བསྟོད་པ་བགྱི་བ་འདི་གཙོ་བོར་བརྗོད་པའི་སྲོལ་ཡོད། དཔེར་ན། སྟོན་བཤད་གསེར་གྱི་མེ་ཏོག་ལས་ཚན་པ་ཞིག་བཀོད་ན་འདི་ལྟར་ལགས། གནམ་ལ་བལྟས་ན་སྐར་མ་བཟང་གི ས་ལ་བལྟས་ན་དུས་ཚོད་བཟང་གི འདི་ལྷོ་འཛམ་གླིང་གི་ལྟེ་བ། བོད་ཁ་བ་ཅན་གྱི་ས་ཆ། ས་ཆབ་འགག་ཡུལ་གྱི་གནས་བཟང་། ཐང་གཡུང་དྲུང་འདྲ་བའི་དཀྱིལ་དབུས། ཁྱིམ་ཕྱུག་པོ་ལྷས་ར་ཡངས་ས། སྐྱིད་ཀྱི་ལྷ་ཁྱིམ་གུར་ཁྱིམ་འདི་ན། བཀྲ་ཤིས་རྟགས་བརྒྱད་འདྲ་བའི་མགྲོན་ཚོགས་ཀི འཇའ་ཚོན་སྣ་ལྔ་འདྲ་བའི་དར་འཐེན་གི། ཁུ་བྱུག་གསུང་སྙན་འདྲ་བའི་གཏམ་བཤད་ཀི། རབ་མཛེས་མེ་ཏོག་འདྲ་བའི་གོས་གོན་གི། བདུད་རྩི་ཟིལ་མ་འདྲ་བའི་ཆང་འཐུང་གི། སྙན་མོ་པི་ཝང་འདྲ་བའི་གླུ་ལེན་གི། རྨ་བྱས་གུར་ཁང་ཕུབ་འདྲའི་གར་འཁྲབ་ཀི། སྟོན་མོ་ཕུན་སུམ་ཚོགས་པར་བརྟེན་འབྲེལ་ཞུ་ལྟ་བུའོ།། སྟོན་བཤད་ཀྱི་ཚན་པ་འདིར་མཚོན་ན་ཚིག་སྙན་ཞིང་འཇེབས་པས་སྟོན་མོའི་ཁྱད་ཆོས་ཕལ་ཆེར་ཆ་ཚང་བར་བརྗོད་ཡོད་པ་དང་། ད་དུང་མགྲོན་ཚོགས་པ་དང་དར་འཐེན་པ། གཏམ་བཤད་པ། གོས་གོན་པ། གླུ་ལེན་པ། གར་འཁྲབ་པ་སོགས་བཀྲ་ཤིས་རྟགས་བརྒྱད་དང་འཇའ་ཚོན་སྣ་ལྔ། ཁུ་བྱུག་གསུང་སྙན། རབ་མཛེས་མེ་ཏོག སྙན་མོ་པི་ཝང་། རྨ་བྱའི་གུར་ཁང་སོགས་ལ་རིམ་པར་དཔེ་བླངས་ནས་སྟོན་མོར་བསྔགས་བརྗོད་བགྱིས་པ་འདི་ཡང་ཤིན་ཏུ་རན་ཞིང་འཚམ་ལ། ཡིད་འགུག་གི་ནུས་པ་ཡོད། སྟོན་བཤད་ཀྱང་གཉེན་བཤད་དང་མི་མཚུངས་པར་སྟོན་མོའི་ནང་དོན་ལྟར་དུ་བརྗོད་བྱའི་དོན་གཙོ་བོ་འབུར་ཐོན་བགྱི་དགོས། དཔེར་ན། རྟ་རྒྱུག་དགའ་སྟོན་གྱི་སྐབས་སུ་རྟ་དང་རྟའི་སྒ་དང་སྲབ་ལ་བསྟོད་པ་བགྱིད་པ་དང་། མདའ་རྩེད་ཀྱི་སྐབས་སུ་མདའ་དང་གཞུ་སོགས་ལ་བསྟོད་པའི་གོམས་སྲོལ་ཡོད།

གཞན་ཡང་ཡུལ་ཕྱོགས་འདིར་དར་རྒྱ་ཆེ་བའི་ཆང་བཤད་ལ་མཚོན་ནའང་གཙོ་བོ་ཆང་གི་ཕན་ཡོན་དང་འབྱུང་ཁུངས། དགོས་གལ་གྱི་རང་བཞིན་བཅས་བརྗོད་བཞིན་མཆིས། དཔེར་ན། ཆང་སྐྱེམས་བསྟོད་པ་ལས། འདི་ལོ་ལ་བསྙལ་བའི་ལོ་ཆང་ཡིན། ལོ་ཆང་བདུད་རྩི་ཁམ་པ་ཡིན། ཟླ་བ་བསྙལ་བའི་ཟླ་ཆང་ཡིན། ཟླ་ཆང་བདུད་རྩི་ཟིལ་མ་ཡིན། ཞག་ལ་བསྙལ་བའི་ཞག་ཆང་ཡིན། ཞག་ཆང་བདུད་རྩི་འཁྱིལ་བ་ཡིན། གངས་ཅན་ཡུལ་གྱི་ནས་བཅུད་ཡིན། འཇིག་རྟེན་སྲིད་པའི་སྒྲུབ་ཆང་ཡིན། གེ་སར་རྒྱལ་པོའི་གསོལ་ཆང་ཡིན། སྔགས་པ་རྣམས་ཀྱི་བུམ་ཆང་ཡིན། མཁས་པ་རྣམས་ཀྱི་གཏམ་ཆང་ཡིན། གཉེན་པོ་རྣམས་ཀྱི་སྟོན་ཆང་ཡིན། དཔའ་བོ་རྣམས་ཀྱི་དཔའ་ཆང་ཡིན། གཞོན་པ་རྣམས་ཀྱི་རྩེད་ཆང་ཡིན། ཆེ་རྒན་པ་བཀུར་བའི་འབུལ་བ་ཡིན། མགྲོན་ཚུར་ཡོང་རྣམས་ཀྱི་བསུ་བ་ཡིན། མགྲོན་པར་འགྲོ་རྣམས་ཀྱི་རྫོངས་བ་ཡིན། གྲོགས་བློ་མཐུན་སྒྲིག་པའི་བར་བ་ཡིན། གཏམ་ཀུ་རེ་འབྱེད་པའི་ལྡེ་མིག་ཡིན། གླུ་རྩེད་རིག་གཉིས་ཀའི་སྒོ་འབྱེད་ཡིན། ཐག་ཉེ་རིང་མེད་པའི་གྲོགས་པོ་ཡིན། ཞེས་ལྟ་བུ་ལགས། འདིར་ཡང་ཆང་བཤད་ལས་ཚན་པ་གཅིག་མ་གཏོགས་བཀོད་མེད་མོད། འོན་ཀྱང་བདུད་རྩི་ཆང་གི་འབྱུང་ཁུངས་གསལ་ལེར་བརྗོད་ཡོད་པ་མ་ཟད། སྔགས་པའི་བུམ་ཆང་དང་མཁས་པའི་གཏམ་ཆང་། གཉེན་པོའི་སྟོན་ཆང་། དཔའ་བོའི་དཔའ་ཆང་། གཞོན་པའི་རྩེད་ཆང་། རྒན་པོའི་བཀུར་ཆང་བཅས་ཡིན་པའི་ཕན་ཡོན་རིམ་བཞིན་འཇིག་རྟེན་གྱི་ལུགས་སྲོལ་མཐུན་པ་ཞིག་བརྗོད་འདུག ཆང་བཤད་ཀྱི་རིགས་འདི་མདོ་སྨད་ཡུལ་ཕྱོགས་འདིར་དར་ཁྱབ་ཆེ་ཞིང་ཡུན་རིང་ལ། ད་དུང་ཡུལ་ཁམས་སོ་སོའི་ཡུལ་སྲོལ་གོམས་འགྲོས་ལྟར་ཇེ་བཟང་ཇེ་ལེགས་སུ་འགྲོ་བཞིན་པའི་སྒང་ཡིན།

ད་དུང་སྐྲ་བཤད་ཀྱི་བཤད་པ་དང་། བག་མ་གཏོང་ཁའི་གདམས་ཚིག རྟ་ཁ་བསུ་བ། ལྕག་འབོད་པའི་གཏམ། མག་བཅིངས་དར་གླུ་རིང་མོ་བཅས་མང་པོ་མཆིས་ཀྱང་འདིར་རེ་རེ་གསལ་བོ་བརྗོད་པ་ལ། དགོས་མཁོ་ཆེན་པོ་མེད་པ་དང་ཚིག་ཚོགས་ཀྱི་ལོ་འདབ་ཀྱང་རྒྱས་པར་དོགས་ནས་མཚམས་བཞག་པའོ།།


དཔྱད་གཞིའི་ཡིག་ཆ།

  1. ཆབ་འགག་རྡོ་རྗེ་ཚེ་རིང་གིས་རྩོམ་སྒྲིག་བྱས་པའི 《ཡུལ་སྲོལ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ1པོའི་པར་གཞི་དང་པོ། ཤོག་ངོས1-5ན་གསལ།
"https://bo.wikipedia.org/w/index.php?title=བཤད་པ།&oldid=136916"ལས་སླར་རྙེད་སོང།