Jump to content

བཤགས་པ་

ཡོང་ཁུངས་Wikipedia

བཤགས་པ་ཞེས་པ་ནི་སྔོན་ཆད་བྱས་པའི་སྡིག་པ་དང་ཉེས་པ་རྣམས་ལ་འགྱོད་སེམས་དང་བཅས་པའི་སྒོ་ནས་སྟོབས་བཞིའི་སྒོ་ནས་མཐོལ་ཞིང་བྱང་བར་བྱེད་པའི་ཆོས་ཀྱི་སྤྱོད་པ་ཞིག་ཡིན་ནོ། །

ནང་དོན།

[རྩོམ་སྒྲིག]

བཤགས་པ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་བསླབ་པ་གསུམ་གྱི་ནང་གསེས་ཚུལ་ཁྲིམས་ཀྱི་སྡེ་ཚན་དུ་གཏོགས་པའི་གལ་ཆེའི་ཆོས་སྤྱོད་ཅིག་ཡིན། སྔོན་ཆད་བྱས་པའི་མི་དགེ་བའི་ལས་དང་སྡིག་པ་རྣམས་མི་འཆབ་པར་མཁྱེན་པའི་ཡུལ་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་མཐོལ་བར་བྱེད་པ་ཡིན།

བཤགས་ཚུལ།

[རྩོམ་སྒྲིག]

"ཕྱོགས་རྣམས་ཀུན་ན་བཞུགས་པའི་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་མངའ་བ་རྣམས་ལ་ཐལ་མོ་སྦྱར་ཏེ་སྡིག་པ་བྱས་པ་འགྱོད་པས་བཤགས་པར་གསོལ་བ་འདེབས་པ་ནིའོ། །"[]ཅེས་གསུངས།

བཤགས་པའི་དབྱེ་བ།

[རྩོམ་སྒྲིག]

བཤགས་པ་ལ་སྤྱིར་བཤགས་བྱའི་སྡིག་པའི་དབྱེ་བ་གཉིས་ཡོད་དེ། རང་བཞིན་གྱི་སྡིག་པ་དང་བཅས་པའི་སྡིག་པའོ། །རང་བཞིན་གྱི་སྡིག་པ། སེམས་ཅན་སུས་བྱས་ན་སྡིག་པར་འགྱུར་བ་སྟེ། སེམས་ཅན་གྱི་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་བཅུ་རྣམས་ཡིན་ནོ། །བཅས་པའི་སྡིག་པ། བཅས་ལྡན་གྱི་གང་ཟག་གིས་བཅས་པ་དང་འགལ་བ་རྣམས་ཡིན་ཏེ། དཔེར་ན་དགེ་ཚུལ་གྱིས་དུས་མ་ཡིན་པའི་ཁ་ཟས་ལེན་པ་ལ་སོགས་པའོ། །

བཤགས་པ་གཉིས་ཀྱི་དཔེ།

[རྩོམ་སྒྲིག]

"རང་བཞིན་གྱི་སྡིག་པ་ཞེས་སེམས་ཅན་སུས་བྱས་ན་སྡིག་པར་འགྱུར་བ་དང༌། བཅས་པ་ཞེས་པ་བཅས་ལྡན་གྱི་གང་ཟག་གིས་བཅས་པ་དང་འགལ་བ་རྣམས་ཡིན།"[] ཞེསགསུངས།

སྟོབས་བཞི།

[རྩོམ་སྒྲིག]

བཤགས་པའི་སྒོ་ནས་སྡིག་པ་དག་པར་བྱེད་པ་ལ་སྟོབས་བཞི་ཚང་དགོས་ཏེ། རྣམ་པར་སུན་འབྱིན་པའི་སྟོབས། སྔར་བྱས་པའི་སྡིག་པ་ལ་འགྱོད་པ་མང་བ་སྐྱེད་པ་ཡིན་ནོ། །རྟེན་གྱི་སྟོབས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་སྟེ། བཤགས་ཡུལ་དུ་བྱ་བ་དེ་ཉིད་དོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཞེ་སྡིག་པའི་གཉེན་པོར་དགེ་བ་སྒྲུབ་པ་སྟེ། སྟོང་པ་ཉིད་སྒོམ་པ་དང་མཆོད་རྟེན་བྱེད་པ། མདོ་སྡེ་ཟབ་མོ་ཀློག་པ་སོགས་ཡིན་ནོ། །སོར་ཆུད་པའི་སྟོབས། ཕྱིན་ཆད་མི་དགེ་བ་ཡང་དག་པར་སྔོམ་ཞིང་མི་བྱེད་པའི་དམ་བཅའ་ལེན་པ་ཡིན་ནོ། །

སྟོབས་བཞིའི་དཔེ།

[རྩོམ་སྒྲིག]

"བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཡང་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། ཉེས་པ་ལས་སླར་ལྡོག་པའི་སྟོབས་དང༌། རྟེན་གྱི་སྟོབས་སོ། །"[]ཞེས་གསུངས།

བཤགས་པའི་དགོས་པ།

[རྩོམ་སྒྲིག]

བཤགས་པ་བྱེད་དགོས་པའི་རྒྱུ་མཚན་ནི་"འཆི་བདག་འདི་ནི་རང་གི་སྡིག་བཤགས་ལ་སོགས་པའི་བྱ་བའི་མགོ་བརྩོམ་ཟིན་པ་བྱས་པ་དང་མ་བརྩོམ་པ་མ་བྱས་པ་ད་གདོད་བྱ་བར་འདོད་པ་ལ་སོགས་པ་དེ་དང་དེ་སྒྲུབ་པའི་བར་དུ་མི་སྡོད་པས།"[] འཆི་བདག་ནི་སྡིག་བཤགས་ལ་མི་སྡོད་པས་མྱུར་དུ་བཤགས་དགོས་པ་བསྟན།

བཤགས་པའི་ཕན་ཡོན།

[རྩོམ་སྒྲིག]

སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་བྱས་ན་"གསེར་འོད་ལས། སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །"སེམས་བསྐྱེད་ཀྱིས་བསྐལ་པ་འཇིག་པའི་མེས་བསམ་གཏན་དང་པོ་མན་ཆད་ཀྱི་སྣོད་སྲེག་པར་བཞིན་དུ་དམྱལ་བ་སྐྱེད་པའི་སྡིག་པ་ཆེན་པོ་རྣམས་དུས་སྐད་ཅིག་གཅིག་གིས་ངེས་པར་སྲེག་བྱེད་དོ། །

བཤགས་པའི་སྤྱོད་ཚུལ།

[རྩོམ་སྒྲིག]

བསླབ་བཏུས་ལས། "རྨི་ལམ་འཕགས་པ་མཁའ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་གསུངས་ཤིང་། འདི་ཉིད་དུ། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟན་ནས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །"ཞེས་གསུངས་པ་ལྟར་སྤྱིར་ཉིན་ལན་གསུམ་དང་མཚན་མོ་ལན་གསུམ་དུ་ཕུང་པོ་གསུམ་པའི་མདོ་གདོན་པ་དང༌། ལུང་རྩ་བ་ལྟུང་བ་ལ་ནི་ནམ་མཁའ་སྙིང་པོའི་མདོ་ལྟར་རྨི་ལམ་དུ་ནམ་མཁའ་སྙིང་པོའི་མདུན་དུ་འདུག་སྟེ་བཤགས་པ་ལ་སོགས་པའི་དམིགས་བསལ་གྱི་བཤགས་ཚུལ་ཡོད།

བསྡུས་དོན།

[རྩོམ་སྒྲིག]

བཤགས་པ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ནང་དུ་སྡིག་པ་སྦྱོང་བའི་གལ་ཆེའི་ཐབས་ལམ་ཞིག་ཡིན། སྔོན་ཆད་བྱས་པའི་མི་དགེ་བའི་ལས་རྣམས་ལ་སུན་འབྱིན་པའི་སྟོབས་ཀྱིས་འགྱོད་ཅིང༌། རྟེན་གྱི་སྟོབས་ཀྱིས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང༌། གཉེན་པོའི་སྟོབས་ཀྱིས་དགེ་བ་སྒྲུབ་ལ། སོར་ཆུད་པའི་སྟོབས་ཀྱིས་ཕྱིན་ཆད་མི་བྱེད་པར་དམ་བཅའ་ལེན་པས་སྡིག་པ་འདག་པར་བྱེད་པ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༤༠
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༡༦༢
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༣༨
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༡༣༦