Jump to content

བརྩོན་འགྲུས་

ཡོང་ཁུངས་Wikipedia

བརྩོན་འགྲུས་ཞེས་པ་ནི་རྒྱལ་སྲས་ཤཱནྟི་དེ་བས་མཛད་པའི་སྤྱོད་འཇུག་ནང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ནས་ལྔ་པར་བསྟན་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་བྱེད་པའི་སེམས་བྱུང་གི་ཆོས་མཆོག་ཅིག་ཡིན།

བརྩོན་འགྲུས་ཀྱི་མཚན་ཉིད།

[རྩོམ་སྒྲིག]

ངོ་བོའི་མཚན་ཉིད། བརྩོན་འགྲུས་ཀྱི་མཚན་ཉིད་ནི་དགེ་བ་ལ་སྤྲོ་བ་ཞེས་པ་ཡིན་ཏེ། "བརྩོན་འགྲུས་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། འདིར་གང་གསུངས་པ་དགེ་ལ་སྤྲོ་བ་སྟེ་ཞེས་པ་ལ། གང་འདི་དགེ་བའི་ལས་སྦྱིན་པ་ལ་སོགས་པ་དང་ཐོས་པ་ལ་སོགས་པ་ལ་སྤྲོ་བ་དེ་ལ་བརྩོན་འགྲུས་ཞེས་བརྗོད་དོ། །མི་དགེ་བ་ལ་སྤྲོ་བ་ནི་ལེ་ལོ་ཉིད་དོ། །"[]ཞེས་གསུངས།

འདི་ལ་གསལ་བཤད་ཞུས་ན། བརྩོན་འགྲུས་ཞེས་པ་ནི་"དགེ་བ་ལ་སེམས་སྤྲོ་བའོ་ཞེས་འདི་ཡིན་ནོ། །དེ་ཡང་དགེ་བ་ལ་ཞེས་པས་མི་དགེ་བ་དང་ལུང་མ་བསྟན་ཐམས་ཅད་བཅད་པ་དང༌། སྤྲོ་བའོ་ཞེས་པས་ལུས་ངག་གི་དགེ་བའང་བཅད་དེ་རང་གི་ངོ་བོ་བསྟན་ཏོ། །"[]ཞེས་གསུངས་སོ། །

དབྱེ་བ།

[རྩོམ་སྒྲིག]

བརྩོན་འགྲུས་ཀྱི་དབྱེ་བ། བརྩོན་འགྲུས་ལ་དབྱེ་བ་བཞི་ཡོད་དེ། "དེ་ལ་དབྱེ་ན་གོ་ཆའི་བརྩོན་འགྲུས་དང༌། སྦྱོར་བའི་བརྩོན་འགྲུས་དང༌། མ་ཞུམ་ཞིང་མི་འཁྲུགས་པའི་བརྩོན་འགྲུས་དང༌། ཆོག་མི་ཤེས་པའི་བརྩོན་འགྲུས་ཏེ་བཞིའོ། །"[]ཞེས་པ་འདི་གཞིར་བཞག་ན་གོ་ཆ་ཞེས་པ་ནི་ལས་འགོ་འབྱེད་པ། སྦྱོར་བ་ཞེས་པ་ནི་དངོས་གཞི་ལ་འཇུག་པ། མ་ཞུམ་པ་ཞེས་པ་ནི་བར་ཆད་ལ་ཕམ་མི་ཟ་བ། ཆོག་མི་ཤེས་པ་ཞེས་པ་ནི་དོན་གྲུབ་ཀྱང་དགྲ་བཅོམ་པར་མི་བྱེད་པ་བཅས་ཡིན་ནོ། །

མི་མཐུན་ཕྱོགས།

[རྩོམ་སྒྲིག]

བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ནི་ལེ་ལོ་སྟེ། "བརྩོན་འགྲུས་དེའི་མི་མཐུན་ཕྱོགས་བཤད་པར་བྱའོ། །གང་ཞེ་ན། ལུས་དང་ཡིད་ལས་སུ་མི་རུང་བ་སྙོམ་ལས་ཀྱི་བདེ་བ་ལ་ཞེན་པའི་ལེ་ལོ་དང༌། བྱ་བ་ངན་པ་ལ་ཞེན་པ་དང༌། དགེ་བ་བསྒྲུབ་པ་ལ་སྒྱིད་ལུག་ནས་ངས་མི་ནུས་སྙམ་དུ་བདག་ཉིད་ལ་བརྙས་པའོ། །[]ཞེས་ལེ་ལོ་གསུམ་གྱི་ནང་ནས་སྙོམ་ལས་ཀྱི་ལེ་ལོ་ཞེས་པ་ནི་དགེ་བ་ཆེན་པོ་སྒྲུབ་ནུས་སུ་མཐོང་ཡང་ལུས་ཀྱི་ངལ་གསོ་དང་སེམས་ཀྱི་བདེ་སྐྱིད་ལ་ཞེན་ནས་མི་འཇུག་པ། བྱ་བ་ངན་པའི་ལེ་ལོ་ཞེས་པ་ནི་མི་དགེ་བའི་ལས་ལ་ཞེན་ནས་དགེ་བ་ལ་མི་འཇུག་པ། བདག་ཉིད་བརྙས་པའི་ལེ་ལོ་ཞེས་པ་ནི་བདག་གིས་འདི་འདྲ་བ་ག་ལ་ནུས་སྙམ་དུ་སྒྱིད་ལུག་ནས་འཇུག་མི་ནུས་པ་སྟེ་གསུམ་ཡིན།

སྤེལ་བའི་ཐབས།

[རྩོམ་སྒྲིག]

བརྩོན་འགྲུས་སྤེལ་བའི་ཐབས། མི་མཐུན་ཕྱོགས་ལེ་ལོ་སྤངས་ཏེ་བརྩོན་འགྲུས་སྤེལ་བའི་ཕྱིར་ན། "མི་མཐུན་ཕྱོགས་སྤངས་ཏེ་མཐུན་རྐྱེན་མོས་པ་དང༌། ང་རྒྱལ་ཏེ་བརྟན་པ་དང༌། དགའ་བ་དང༌། དོར་བའི་སྟོབས་བཞི་བསྐྱེད་ལ་དངོས་གཞི་དྲན་ཤེས་ཀྱིས་བརྩོན་འགྲུས་ལྷུར་ལེན་པ་དང༌། རྗེས་ལུས་སེམས་ལ་དབང་སྒྱུར་བའི་སྟོབས་ཀྱིས་ནི་བརྩོན་འགྲུས་གོང་ནས་གོང་དུ་སྤེལ་བའི་ཕྱིར་ཏུ་འབད་པར་བྱའོ། །"[]ཞེས་ཐབས་འདི་ནི་དཔུང་ཚོགས་བཞི་ལ་བརྟེན་ནས་ཏེ། མོས་པའི་དཔུང་ནི་འདུན་པའི་སྟོབས་ཀྱིས་དགེ་བ་ལ་འཇུག་པར་བྱེད་པ། ང་རྒྱལ་གྱི་དཔུང་ནི་བརྟན་པའི་མཐུ་ཡིས་འཁོར་ལ་ཕམ་མི་ཟ་བ། དགའ་བའི་དཔུང་ནི་ལས་དེ་ལ་འཇུག་པ་ན་སྤྲོ་ཞིང་མི་ངོམས་པ། དོར་བའི་དཔུང་ནི་ལུས་སེམས་ངལ་ཚེ་རེ་ཞིག་དོར་ནས་ངལ་གསོ་བྱེད་པ་སྟེ་བཞི་ཡིན།

ཕན་ཡོན།

[རྩོམ་སྒྲིག]

བརྩོན་འགྲུས་ཀྱི་ཕན་ཡོན། བརྩོན་འགྲུས་ཀྱི་ཕན་ཡོན་གཙོ་བོ་ནི་བྱང་ཆུབ་ཆེན་པོ་འགྲུབ་པ་སྟེ། "ཅིའི་ཕྱིར་བརྩོན་འགྲུས་བླང་བར་བྱ་བ་ཡིན་ཞེ་ན། འདི་ལྟར་བརྩོན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བརྩོན་ལ་བྱང་ཆུབ་གནས་པ་ནི་དེའི་རྒྱུ་ཉིད་ཀྱིས་ཡིན་ཏེ། དེ་ལ་རག་ལས་པས་སམ་སངས་རྒྱས་ཉིད་དོ། །"[]ཞེས་པ་དང་། འདིའི་རྒྱུ་མཚན་ཡང་རྣམ་བཤད་ནང་"གང་གི་ཕྱིར། བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་། །ཞེས་ཏེ་བསོད་ནམས་ཀྱི་ཚོགས་ཡོད་པ་མ་ཡིན་ནོ། འདི་ནི་མཚོན་པ་ཙམ་སྟེ་བརྩོན་འགྲུས་གཉི་གའི་རྒྱུ་ཡིན་པའི་ཕྱིར་ཡེ་ཤེས་ཀྱང་བལྟ་བར་བྱའོ། །དེས་ན་བརྩོན་འགྲུས་འདི་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དེ་དག་ལས་སངས་རྒྱས་ཉིད་དོ་ཞེས་བརྗོད་པ་ཡིན་ནོ། །"[]ཞེས་གསུངས། ཞིབ་ཏུ་བཤད་ན་བརྩོན་འགྲུས་ལ་བརྟེན་ནས་ཚོགས་གཉིས་འགྲུབ་ལ། ཚོགས་གཉིས་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་ནུས། དེ་བཞིན་ཕར་ཕྱིན་སྔ་མ་རྣམས་ཀྱང་བརྩོན་འགྲུས་ལ་རག་ལས་ཏེ། དབུ་མ་འཇུག་པ་ལས།"ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང༌། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །"དཔེ་མཚོན། བརྩོན་འགྲུས་ཀྱི་མཐུ་རྩལ་བསྟན་ཕྱིར་"ཇི་ལྟར་རླུང་ནི་ཕར་འགྲོ་བ་དང་ཚུར་འོང་བས་ཤིང་བལ་ལ་དབང་སྒྱུར་བ་དེ་བཞིན་དུ། དགེ་བ་ལ་སྤྲོ་བས་ལུས་ངག་ལ་དབང་སྒྱུར་བར་བྱ་སྟེ་དེ་ལྟར་བྱས་ན་ནི་སྒོ་གསུམ་གྱི་དགེ་བའི་ལས་ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར་རོ། །"[]ཞེས་དཔེའི་སྒོ་ནས་བསྟན་པའོ། །

བསྡུས་དོན།

[རྩོམ་སྒྲིག]

མདོར་ན་བརྩོན་འགྲུས་ཞེས་པ་ནི་དགེ་བ་ལ་སྤྲོ་བའི་སེམས་བྱུང་ཞིག་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་དང་དུ་ལེན་པའི་ཤུགས་རྒྱུན་ནོ། །འདི་ལས་གོ་ཆ། སྦྱོར་བ། མ་ཞུམ་པ། ཆོག་མི་ཤེས་པ་ཞེས་པའི་དབྱེ་བ་བཞི་དུ་ཕྱེ་ཞིང༌། མི་མཐུན་ཕྱོགས་ལེ་ལོ་གསུམ་སྤང་ལ་དཔུང་བཞི་སྤེལ་བའི་ཐབས་བསྟེན་དགོས། དེའི་ཕན་ཡོན་ནི་ཚོགས་གཉིས་བསགས་ཏེ་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་འཐོབ་ནུས་པ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  4. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  6. ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
  7. ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
  8. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།