Jump to content

བརྡ་ཐོ།

ཡོང་ཁུངས་Wikipedia

བརྡ་ཐོ།

[རྩོམ་སྒྲིག]

༄༅། །བརྡ་ཐོ་ནི་གོང་རིམ་གྱིས་གཤམ་རིམ་དང༌། སྒྲིག་འཛུགས་ཀྱིས་མི་སྒེར་ལ་ལས་དོན་གང་ཞིག་བཀོད་སྒྲིག་བྱ་རྒྱུ་སྟེ། དོན་དག་གང་ཞིག་བརྡ་སྤྲོད་དང༌། ཚོགས་འདུ་སྐོང་འཚོག་བགོ་འགྲེམས། བོར་དངོས། སྤོ་བཤུག ཟོག་དངོས་ཉོ་ཚོང༌། དེ་བཞིན་སློབ་མ་དང་ལས་མི་བསྡུ་བ་སོགས་ཀྱི་སྐབས་སུ་འབྲེལ་ཡོད་ལ་སྔོན་ཚུད་ནས་བརྡ་སྤྲོད་བྱེད་པའི་ཡིག་རིགས་ཤིག་ཡིན། བརྡ་ཁྱབ་བྱེད་ཚུལ་ནི། བང་མི་མངགས་ནས་ཁུངས་སུ་སྐྱེལ་བ་དང༌། རྩིག་ལྡེབས་སུ་སྦྱར་འགྲེམས་བྱེད་པ། ཡང་ན་ནག་པང་ཐོག་བྲིས་ནས་མཐོང་བདེ་སར་འགེལ་བ་སོགས་གང་རུང་བྱས་ཆོག་ཀྱང་གཙོ་བོ་འབྲེལ་ཡོད་མི་སྣ་སོ་སོའི་སྡོད་གནས་ཉེ་རྒྱང་སོགས་ཡུལ་དུས་ཀྱི་གནས་ཚུལ་ལ་གཞིགས་ཏེ་བྱ་ཐབས་གང་བདེ་ལག་ལེན་བྱེད་དགོས།

བརྡ་ཐོ་སོགས་ཡིག་རིགས་འབྲི་སྐབས་རང་རང་སོ་སོའི་གནས་ཚུལ་མི་འདྲ་བར་གཞིགས་ནས་ནང་དོན་ཁ་བྱང་ཡི་གེ་ཅུང་ཆེ་བ་ཞིག་འགོ་ཐོད་དཀྱིལ་དབུས་སུ་བྲི་དགོས་པ་དང༌། དེ་རྗེས་བརྡ་སྤྲོད་བྱ་ཡུལ་གང་དང་སུ་ཡིན་པ། བརྡ་སྤྲོད་བྱ་རྒྱུའི་ནང་དོན་གང་ཡིན་པ་བཅས་ཚིག་ཉོག་མེད་པར་དོན་གསལ་ལ་གོ་བདེ་བ་ཞིག་བྲི་དགོས། སྤྱིར་ན་བརྡ་ཐོ་སོགས་ཡིག་རིགས་དེ་རྣམས་ཀྱི་ཞིབ་ཕྲའི་འབྲི་སྟངས་དང༌། འགྲོ་ལུགས། ཁྱད་ཆོས་བཅས་གཅིག་མཚུངས་ཡིན་ནའང་གོ་རིམ་མི་འཁྲུག་པ་དང་ཞིབ་གསལ་ཡོང་རྒྱུར་དམིགས་ཏེ་གཤམ་དུ་ནང་གསེས་སོ་སོའི་རྣམ་གཞག་དཔེ་གཞི་དང་བཅས་པ་བཀོད་ཡོད།

བརྡ་ཐོ་འབྲི་སྟངས་ཀྱི་རྣམ་གཞག་ནི། ཐོག་མར “ བརྡ་ཐོ ” ཞེས་ཡི་གེ་ཅུང་ཆེ་བ་ཞིག་འགོ་ཐོད་དཀྱིལ་དབུས་སུ་བྲི་དགོས་པ་དང༌། གལ་ཏེ་ལས་དོན་ཛ་དྲག་ཆེ་རིགས་ཀྱི་བརྡ་ཐོ་ཡིན་ཛ་དྲག་བརྡ་ཐོ་ཞེས་བྲི་དགོས། གཞན་ཡང་བརྡ་ཐོའི་ནང་དོན་གྱི་སྙིང་པོ་མཚོན་པའི་ཚིག་འབྲུ་འགའ་རེ་བརྡ་ཐོ་ཞེས་པའི་ཡིག་འབྲུ་དེ་གཉིས་ཀྱི་མདུན་དུ་བྲི་དགོས་པ་དཔེར་ན། ཚོགས་འདུའི་བརྡ་ཐོ་ཞེས་པ་ལྟ་བུ། དེ་ནས་འབེབས་བླང་ཏེ་བརྡ་ཐོ་གཏོང་ཡུལ་གྱི་ཚན་པའམ་མིའི་མིང་བྲི་དགོས་པ་དཔེར་ན། གྲོང་མི་ཨུ་ཡོན་ལྷ་ཁང་ཁག་ལ་ཞེས་པ་ལྟ་བུ། དེ་ནས་ཡང་བསྐྱར་འབེབས་གཅིག་བླངས་ཏེ་བརྡ་ཐོའི་ནང་དོན་རྣམས་ཁ་གསལ་མདོར་བསྡུས་ཤིག་བྲིས་རྗེས་སླར་ཡང་འབེབས་བླངས་ཏེ་བརྡ་ཐོ་གཏོང་མཁན་གྱི་ཚན་པའམ་མིའི་མིང༌། ལོ་ཟླ་ཚེས་གྲངས་བཅས་བྲིས་ཏེ་རྟགས་ཐམ་རྒྱག་དགོས།

1)ཚོགས་འདུའི་བརྡ་ཐོ།

༄༅། །གོང་རིམ་གྱི་གྲོས་ཆོད་ཁག་རིམ་བརྒྱུད་ཀྱིས་བརྒྱུད་བསྒྲགས་དང་རྩ་འཛུགས་ཀྱི་བྱེད་སྒོ་གསར་པ་གང་ཞིག་སྤེལ་རྒྱུའི་སྐོར་སོགས་ནང་དོན་མི་འདྲ་བ་སོ་སོར་ཚོགས་འདུ་སྐོང་འཚོག་བྱས་ནས་དགོངས་དོན་བརྒྱུད་བསྒྲགས་དང༌། སློབ་སྦྱོང༌། བསམ་འཆར་བསྡུ་ལེན། གནས་ཚུལ་དབྱེ་ཞིབ། ཉམས་མྱོང་སྤེལ་རེས། གནད་དོན་ཐག་གཅོད་བཅས་བྱེད་དགོས་པའི་སྐབས་སུ་སྔོན་བརྡའི་ཡི་གེ་སྦྱར་འགྲེམས་བྱས་པ་རྣམས་ཚོགས་འདུའི་བརྡ་ཐོའི་ཁོངས་སུ་གཏོགས་པ་ཡིན།

དཔེ་གཞི 1

བརྡ་ཐོ།

༄༅། །བདེ་སྐྱིད་གྲོང་ཚོའི་འགན་འཁུར་བློ་མཐུན་ལ།

གནངས་ཉིན་སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་འདི་ག་དར་རྒྱས་ཤང་ལ་ལོ་མཇུག་ཕྱོགས་བསྡོམས་ཀྱི་ཚོགས་འདུ་འཚོག་རྒྱུ་ཡིན་པས་གྲོང་ཚོའི་འགོ་ཁྲིད་རྒན་གཞོན་དང༌། སོ་ནམ་རྒྱི་ཆ་རྒྱུས་ལྡན་པའི་ཞིང་པ་རྒན་གྲས་གསུམ་དང་གཞོན་ནུ་གཉིས་བཅས་ནས་གྲོང་ཚོའི་སོ་ནམ་གྱི་ཉམས་མྱོང་དང་མྱོང་ཚོར་གྲ་སྒྲིག་གིས་ཚོགས་འདུར་དུས་ཐོག་ཏུ་ཕེབས་འབྱོར་ཡོད་པ་ཞུ། དར་རྒྱས་ཤང་མི་དམངས་སྲིད་གཞུང་གིས། ××××ལོའི་ཟླ××ཚེས××ལ། (ཐམ་ཀ)

དཔེ་གཞི 2

ཚོགས་འདུའི་བརྡ་ཐོ།

༄༅། །ས་གནས་ཐད་གཏོགས་ལས་ཁུངས་ཀྱི་འགོ་ཁྲིད་བློ་མཐུན་རྣམས་འདི་ཟླའི་ཚེས་ཉེར་ལྔ་ཉིན་གྱི་དགོང་དྲོའི་ཆུ་ཚོད་ལྔ་པའི་ཐོགས་ས་གནས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཁང་གཉིས་པར་ཚོགས་འདུ་འཚོག་རྒྱུ་ཡིན་པས་ལྷན་རྒྱས་དུས་ཐོག་དུ་ངོ་བཅར་ཡོད་པ་འཚལ། ས་ཨུད་གཞུང་དོན་ཁང་ནས། ××××ལོའི་ཟླ××ཚེས××ལ། (ཐམ་ཀ)

2)ལས་བཀོད་བརྡ་ཐོ།

༄༅། །ལས་བཀོད་བརྡ་ཐོ་ནི་གོང་རིམ་གྱིས་གཤམ་རིམ་ལ་ལས་དོན་གང་ཞིག་བཀོད་སྒྲིག་བྱེད་པའི་ཡིག་རིགས་ཤིག་ཡིན། དེར་ཇུས་འགོད་དང་འཆར་གཞིའི་རང་བཞིན་ལྡན་པས་བརྡ་སྤྲོད་བྱ་ཡུལ་གྱི་ཁྱབ་རྒྱ་ཆེ་ཆུང་ལ་གཞིགས་ཏེ་ནང་དོན་གླེང་བརྗོད་དང༌། བརྗོད་བྱ་གསལ་ལ་རྗོད་བྱེད་ཚིག་ཉོག་མེད་པ། གོ་རིམ་གསལ་བ་བཅས་ཀྱི་ནུས་པ་ལྡན་དགོས། བརྡ་ཐོ་འབྲི་སྐབས་བརྡ་ཐོ་གཏོང་ཡུལ་གྱི་ཚན་པའམ་མིའི་མིང་དང༌། ལས་དོན་གང་ཞིག་བསྒྲུབ་དགོས་པ། ལས་དོན་དེ་སྒྲུབ་པའི་དགོས་པ། དུས་བཀག་བརྡ་ཐོ་གཏོང་མཁན་གྱི་ཚན་པའམ་མིའི་མིང༌། ལོ་ཟླ་ཚེས་གྲངས་བཅས་པ་ཞིབ་གསལ་བྲི་དགོས།

3)སློབ་བསྡུའི་བརྡ་ཐོ།

༄༅། །སློབ་བསྡུའི་བརྡ་ཐོ་ནི་སློབ་གྲྭ་ཆེ་ཁག་དང༌། ཆེད་ལས་སློབ་གྲྭ། སློབ་གྲྭ་འབྲིང་བ། སློབ་གྲྭ་ཆུང་བ་བཅས་སོ་སོར་ཚད་གཞི་མི་འདྲ་བའི་སློབ་ཕྲུག་བསྡུ་རྒྱུར་བེད་སྤྱོད་བྱེད་པའི་ཡིག་རིགས་ཤིག་ཡིན། བརྡ་ཐོ་དེ་རིགས་འབྲི་སྐབས་སློབ་ཕྲུག་བསྡུ་བའི་གྲངས་ཚད་དང༌། ལོ་གྲངས།ཆ་རྐྱེན། དམིགས་ཡུལ། དུས་ཚོད། བརྡ་ཐོ་གཏོང་མཁན་སློབ་གྲྭ་དང་ལོ་ཟླ་ཚེས་གྲངས་བཅས་གསལ་པོ་བྲི་དགོས།

དཔེ་གཞི།

སློབ་བསྡུའི་བརྡ་ཐོ།

༄༅། །གསར་འཛུགས་སློབ་ཆུང་གིས་འདི་ལོའི་ཟླ 9པར་སློབ་ཕྲུག་ཁག་གཅིག་བསྡུ་རྒྱུ་ཡིན་པས་དོ་སྣང་བྱེད་དགོས་པ་གཤམ་གསལ།

༡ .ལོ་རིམ་དང་པོའི་སློབ་ཕྲུག་མི་གྲངས××ཙམ་བསྡུ་རྒྱུ་དང༌།

༢ .ས་ཁོངས་འདི་གའི་བྱིས་པ་ལོ་བདུན་ལ་སོན་པ་རྣམས་སློབ་ཞུགས་ཀྱི་མིང་ཐོ་བཀོད་ཆོག་པ།

༣ .སློབ་ཞུགས་ཀྱི་མིང་ཐོ་འགོད་སྐབས་ངག་རྒྱུགས་སྟབས་བདེ་གཏོང་རྒྱུ།

༤ .མིང་ཐོ་འགོད་རྒྱུ་དང་ངག་རྒྱུགས་ལེན་རྒྱུའི་དུས་ཚོད་ནི་ཟླ9ཚེས××ནས་ཚེས××བར་ཡིན་པ་བཅས། གསར་འཛུགས་སློབ་ཆུང་གིས། ××××ལོའི་ཟླ××ཚེས××ལ།

4)བགོ་འགྲེམས་བརྡ་ཐོ།

༄༅། །བགོ་འགྲེམས་བརྡ་ཐོ་ནི་དངོས་རྫས་དང་བཟའ་བཅའ་སོགས་བགོ་བཤའ་རྒྱག་སྐབས་རྟག་ཏུ་སྤྱོད་པའི་ཡིག་རིགས་ཤིག་ཡིན་ཞིང༌། བགོ་འགྲེམས་བརྡ་ཐོ་འབྲི་སྐབས་བགོ་འགྲེམས་བྱ་ཡུལ་དང༌། དངོས་རྫས་གང་ཞིག་བགོ་འགྲེམས་བྱེད་དགོས་པ། སྐལ་ཐོབ་གྲངས་ཚད། དུས་ཚོད་སོགས་གསལ་པོ་བྲིས་རྗེས་མཇུག་ཏུ་བརྡ་ཐོ་གཏོང་མཁན་ཚན་པའི་མིང་དང་ལོ་ཟླ་ཚེས་གྲངས་བཅས་པ་བྲི་དགོས།

དཔེ་གཞི།

བགོ་འགྲེམས་བརྡ་ཐོ།

༄༅། །ཆུ་ཤར་ཤང་གི་འགན་འཁུར་བློ་མཐུན་ལ། ད་ལམ་ཁྱེད་ཚོའི་རྩྭ་རའི་འབུ་སྐྱོན་སེལ་བྱེད་དུ་འབུ་སྨན་ཕྱེ་མ 666རྟགས་ཅན་རྒྱ་མ་སུམ་བརྒྱ་བགོ་སྤྲོད་བྱ་རྒྱུ་ཡིན་པས་རྒྱ་མ་རེར་རིན་སྒོར་རེ་བརྩིས་ཏེ་ཁྱོན་སྒོར་སུམ་བརྒྱ་ཐོབ་པ་འདི་ཟླའི་ཚེས××ཉིན་བརྡ་ཐོ་འདི་དང་རིན་དངུལ་བསྣམས་ནས་འདི་གར་ཞིང་སྨན་རྩིས་ལེན་བྱེད་མི་ངེས་གཏོང་ཡོད་པ་ཞུ། རྫོང་མཁོ་ཚོང་ཁང་གིས། ××××ལོའི་ཟླ××ཚེས××ལ།