བརྒྱ་བྱིན་
བརྒྱ་བྱིན་ཞེས་པ་ནི་ལྷའི་དབང་པོ་ཡིན་ལ། ནང་པའི་ཆོས་ལུགས་ཀྱི་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལོ་རྒྱུས་ཀྱི་ནང་གསལ་བ་ལྟར། སངས་རྒྱས་ཐུབ་པ་དང་དྲིས་ལན་བྱེད་མཁན་གྱི་གཙོ་བོར་འཇོག་གི་ཡོད། བརྒྱ་བྱིན་གྱིས་སངས་རྒྱས་ལ་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་དགོས་པའི་སྐོར་དྲིས་ཞུས་ཡོད།
སྒྲ་བཤད།
[རྩོམ་སྒྲིག]བརྒྱ་བྱིན་བརྒྱ་དང་བྱིན་གཉིས་ཀྱི་སྦྱོར་བའམ། བརྒྱ་ཞེས་པ་ནི་གྲངས་ཀ་ངོ་མ་སྟེ། གང་འདི་ལ་ལྷ་རྒྱལ་བརྒྱ་ཞིག་དབང་བསྒྱུར་བ་དེའི་ཕྱིར་བརྒྱ་བྱིན་ཞེས་བྱ། བྱིན་ཞེས་པ་ནི་དབང་སྦྱིན་པ་སྟེ། རྒྱལ་པོའི་དབང་ཆ་སྦྱིན་པའི་དོན་ནོ། །བརྒྱ་ཞེས་པ་ནི་གྲངས་ཀ་ངོ་མ་སྟེ། འདི་ལ་ལྷ་རྒྱལ་བརྒྱ་ཞིག་དབང་བསྒྱུར་བ་དེའི་ཕྱིར་བརྒྱ་ཞེས་བྱ། བྱིན་ཞེས་པ་ནི་དབང་སྦྱིན་པ་སྟེ། རྒྱལ་པོའི་དབང་ཆ་སྦྱིན་པའི་དོན་ནོ། །དེས་ན་བརྒྱ་བྱིན་ཞེས་པ་ནི་ལྷ་རྒྱལ་བརྒྱ་ལ་དབང་སྦྱིན་པ་ཞེས་པའི་དོན་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་གཙོ་བོ་ལ་གོ་དགོས་སོ། །
ངེས་ཚིག
[རྩོམ་སྒྲིག]བརྒྱ་བྱིན་ཞེས་པ་ནི་ལྷའི་དབང་པོ་དང་། ལྷ་རྒྱལ། དེ་བཞིན་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་གཙོ་བོ་ལ་ཞུས་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་ལ་ཤིན་ཏུ་དད་ཅིང་མཆོད་པ་བྱེད་པ་ཞིག་ཡིན་ནོ། །
ནང་དོན།
[རྩོམ་སྒྲིག]བརྒྱ་བྱིན་གྱིས་སངས་རྒྱས་ལ་"བཅོམ་ལྡན་འདས་ཀྱིས་དྲིས་པའི་དྲི་བ་དེ་གཉིས་ཀྱི་ནང་ནས་གལ་ཏེ་གདྒཱའི་བྱེ་མ་སྙེད་ཀྱི་ཞིང་ཀུན་སངས་རྒྱས་ཀྱི་ཞིང་དུ་གྱུར་ལ། ཞིང་དེ་ཀུན་ཀྱང་རྒྱལ་བའི་རིང་བསྲེལ་གྱིས་བྱུར་བུར་གང་ཞིང་གཏམས་པར་གྱུར་ཀྱང་། དེ་དང་ཤེར་ཕྱིན་འདི་གཉིས་ཀྱི་ནང་ནས་གང་ལེན་འདོམས་སུ་བཅུག་བདག་གིས་ནི་ཤེར་ཕྱིན་འདི་ཉིད་ལེན་པར་བྱེད་དོ། །"[༡]ཞེས་ཞུས་ཡོད། ཤེར་ཕྱིན་ལ་སྤྱོད་པའི་ལམ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞུས་པ། "བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་འདོད་པ་དེས་ཇི་ལྟར་བརྩོན། མི་སྦྱོར་བའི་སྦྱོར་གཞི་ཇི་ལྟར་བསླབ་པར་བགྱི།"[༢] ཞེས་ཞུས་པས་དེའི་ལན། "ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་གང་ལ་ཡང་རྡུལ་ཙམ་ཡང་བརྩོན་པར་མི་བྱེད་ཅིང༌། ཕུང་པོ་ལ་སོགས་པ་མི་བརྩོན་པར་དེ་ནི་བྱང་ཆུབ་སེམས་པའི་བརྩོན་པ་ཡིན་ནོ། །"[༣]ཞེས་གསུངས་སོ། །ལྷ་ཚོགས་ཀྱིས་བསྟོད་པ། བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་གཙོ་བོ་མང་པོ་དག་ཐལ་མོ་སྦྱར་བ་བཏུད་ནས་ཡང་དང་ཡང་དུ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་ཀྱང་འཚལ་བར་བྱེད་དོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་བཞུགས་པ་ཡང་ཡོན་ཏན་བསྔགས་པའི་ཕྲེང་བ་ཡོངས་སུ་བརྗོད་པར་མཛད་དོ། །[༤]
དབྱེ་བ།
[རྩོམ་སྒྲིག]སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་རྒྱལ་པོ་བརྒྱ་བྱིན་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་གཙོ་བོ་སྟེ། ལྷའི་དབང་པོ་ཞེས་ཀྱང་ཟེར། ལྷ་རྒྱལ་ཞེས་ཀྱང་ཟེར། དེ་ཡང་ལྷ་ཚོགས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་སྟེ། སེམས་ཅན་རྣམས་ཀྱི་ཕན་བདེ་ལ་ལྷག་པར་སེམས་ཤིང་། ཆོས་སྤྱོད་ལ་མཁས་པ་ཞིག་ཡིན་ནོ། །སྤྲུལ་སྐུ་མིན་པ། ཡང་བརྒྱ་བྱིན་ནི་སངས་རྒྱས་ཀྱི་སྤྲུལ་སྐུ་ཞིག་ཀྱང་མིན་ལ། ལྷ་ངོ་མ་ཞིག་སྟེ། འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤིན་ཏུ་དད་པ་དང་མོས་པ་ཞིག་ཡིན་པས། དེ་ལ་ཞུ་བ་དྲིས་ནས་དེ་བཞིན་གཤེགས་པའི་ཞལ་ནས་ཆོས་ཉན་འདོད་པ་ཞིག་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རྩ་བ། "མྱུ་གུ་ལྟ་བུའི་བྱང་ཆུབ་སེམས་དཔའ་འབྱུང་བ་མེད་ན་སྡོང་བུ་ལྟ་བུའི་རྒྱལ་བ་སངས་རྒྱས་འབྱུང་བ་འཇིག་རྟེན་དུ་ཡོང་ཡེ་མེད་ལ། དེ་མེད་ན་འབྲས་བུ་ལྟ་བུའི་བརྒྱ་བྱིན་དང་ཚངས་པ་དང་ཉན་ཐོས་སོགས་ཀྱང་འཇིག་རྟེན་དུ་ག་ལ་འབྱུང་སྟེ་མི་འབྱུང་ངོ་། །"[༥]ཞེས་ཆོས་ཀྱི་རིམ་པ་གསལ་པོ་འཆད་ཡོད།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤོག ༡༦b
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་གྲངས། ༥༨
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་གྲངས། ༥༨-༥༩
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་གྲངས། ༡༢༥-༡༢༦
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤོག ༡༨a