བར་སྐོར་དར་ཆེན་ཁག་གི་ལོ་རྒྱུད་མདོར་བསྡུས་
བར་སྐོར་ནང་གི་དར་ཆེན་ཁག་ ༼དེ་ཡང་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རྒྱལ་སྒོ་ནས་ནང་སྐོར་དུ་བྱས་ན་བར་སྐོར་ནང་ཁྱོན་སྡོམ་དར་ཆེན་ལྔ་ཡོད་པ་རེད།།༽ ༡ ཇུས་ཡག་དར་ཆེན་ སྤྱི་ལོ་༡༦༣༩ལོར་རྒྱལ་དབང་ལྔ་པ་ཆིན་པོའི་ཆོས་སྲིད་གཉིས་ལྡན་གྱི་དཔུང་རྒྱབ་སོག་པོ་གུ་ཤྷི་ཧན་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་མདོ་སྟོད་བེ་རི་རྒྱལ་པོ་ཆམ་ལ་ཕབ་ཅིང་སྡེ་དགེ་དང་སྨར་ཁམས་སོགས་བླངས་ཏེ་སྲིད་དབང་སྲ་བརྟན་བྱུང་བའི་གཏམ་སྙན་ལྷ་སར་འབྱོར་མ་ཐག་གོང་ས་མཆོག་གིས་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་སངས་རྒྱས་བསྟན་པའི་ཇུས་ཆེན་ལམ་དུ་ལྷོངས་སོ་ཟེར་བའི་དྲིལ་བསྒྲགས་བྱས་ཏེ་ལོ་འདིར་ཇུས་ཡག་དར་ཆེན་བཙུགས་སོ་།། ༢ དགའ་ལྡན་དར་ཆེན་ སྤྱི་ལོ་༡༦༨༡ལོར་དགའ་ལྡན་ཚེ་དབང་དཔལ་བཟང་གིས་ལྔ་པ་ཆེན་པོའི་བཀའ་བཞིན་གམག་སྤྱིའི་འགན་བཞེས་ཏེ་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་ཟེར་བས་རང་རེའི་གངས་ཅན་མངའ་རིས་སྐོར་གསུམ་བཙན་བཟུང་བྱས་པར་དཔའ་ཞིང་བརྟུལ་ཕོད་པའི་ཕར་རྒོལ་དེ་དགྲ་བོ་ལས་རྣམ་པར་རྒྱལ་བའི་དཔའ་རྟགས་སུ་ལོ་དེར་དགའ་ལྡན་དར་ཆེན་བཙུགས་སོ་།། ༣ ཤར་སྐྱ་རེངས་དར་ཆེན་ ༡༤༠༩ལོར་རྗེ་ཙོང་ཁ་པ་ཆེན་པོས་ལྷ་ས་སྨོན་ལམ་ཆེན་མོ་གསར་བཏོད་གནང་བ་དང་ཆབས་ཅིག་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་ཞོགས་པ་སྐྱ་བརྡ་མ་བཏངགོང་སྐུ་བཞེངས་གྲུབ་དགོས་སྲོལ་ཡོད་རྐྱེན་ཤར་སྐྱ་རེངས་ཞེས་པའི་མིང་དེ་ཆགས་སོ་།། ༤ བསྐལ་བཟང་དར་ཆེན་ ༡༧༢༠ལོར་ཏྭ་ལའི་བླ་མ་སྐུ་ཕྲེངས་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་བཤམས་པའི་ཉིན་དེར་རྒྱལ་དབང་དེ་ཡི་མཚན་གྱི་ཟུར་ནས་འཆང་ཞིང་བསྐལ་པ་བཟང་པོ་རྟག་ཏུ་བརྟན་པའི་ཐུགས་སྨོན་དང་བཅས་དར་ཆེན་དེ་བཚུགས་པའོ་།། ༥ བཀྲ་ཤིས་དར་ཆེན་ སྤྱི་ལོ་༡༩༨༦ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནས་ལོ་ཉི་ཤུ་ཙམ་བར་ཆད་བྱང་བའི་ལྷ་ས་སྨོན་ལམ་ཆེན་མོ་བསྐྱར་གསོ་གནང་སྟེ་སེ་འབྲས་དགའ་གསུམ་གཙོས་དགེ་འདུན་ཞལ་གྲངས་སྟོང་གཉིས་ཙམ་གཙུག་ལག་ཁང་དུ་འཛོམས་ནས་སྨོན་ལམ་རྒྱ་ཆེ་གཟབ་རྒྱས་ཤིག་འཚོགས་པ་དང་བསྟན་ཡང་དར་མཚོན་པ་བྱེད་པའི་བཀྲ་ཤིས་དར་ཆེན་བཙུགས་གནང་མཛད་དོ་།།།