བཟོད་པ།
བཟོད་པ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་ཕར་ཕྱིན་དྲུག་གི་ནང་གསེས་གསུམ་པ་ཡིན་ཏེ། གཞན་གྱིས་གནོད་པ་བྱས་པ་དང་རང་རྒྱུད་ལ་སྡུག་བསྔལ་བྱུང་བ། ཆོས་ལ་ངེས་སེམས་སོགས་ལ་སེམས་རྣལ་དུ་གནས་པ་དང་མི་བརྫི་བར་བཟོད་ཐུབ་པའི་སེམས་ཀྱི་རྣམ་འགྱུར་ཞིག་ཡིན་ནོ། །
མཚན་ཉིད།
[རྩོམ་སྒྲིག]"ཇི་སྐད་དུ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། གཞན་ལ་གནོད་པ་སྤོང་བའི་སེམས་པའོ། །"[༡]ཞེས་གསུངས་པ་ལྟར་བཟོད་པའི་ངོ་བོ་གཙོ་བོ་ནི་གནོད་སེམས་སྤོང་བའི་སེམས་ཉིད་ལ་བཞག་ཅིང་། དེ་གོམས་པ་མཐར་ཕྱིན་པ་ལས་བཟོད་པ་རྫོགས་པར་འཇོག་དགོས་པས་བསམ་པ་གཙོ་ཆེ་ཡིན།
དབྱེ་བ།
[རྩོམ་སྒྲིག]"ཆོས་ཡང་དག་པར་སྡུད་པའི་མདོ་ལས་བཤད་པ། འདི་ལྟ་སྟེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་། གཞན་གྱིས་གནོད་པ་ཇི་མི་སྙམ་པའི་བཟོད་པའོ་"[༢]ཞེས་གསུངས་པ་ལྟར། སྡུག་བསྔལ་དང་དུ་བླང་བའི་བཟོད་པ། ཆོས་ལ་ངེས་སེམས་ཀྱི་བཟོད་པ་། གཞན་གྱིས་གནོད་པ་བྱེད་པ་ལ་བཟོད་པ་དང༌བཅས་གསུམ་མོ། །
སྡུག་བསྔལ་དང་དུ་བླང་བའི་བཟོད་པ། "སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ལ་སོགས་པ་ནི་ཤིན་ཏུ་མང་པོ་འབད་མེད་དུ་ཡོད་པས་སྡུག་བསྔལ་འབྱུང་བ་ནི་འཁོར་བའི་རང་བཞིན་ཡིན་པས་བཟོད་པར་བྱའོ། །"[༣]ཞེས་གསུངས་པ་ལྟར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྡུག་བསྔལ་བྱུང་ཡང་མི་ནས་དང་དུ་བླང་བར་བྱའོ། །
ཆོས་ལ་ངེས་སེམས་ཀྱི་བཟོད་པ་། "སྟོང་པ་ཉིད་ལ་སོགས་པ་ཆོས་ཟབ་མོ་མི་སྤང་ཞིང་མོས་པས་རྟོགས་པར་བྱེད་པ་ནི་ཆོས་ལ་ངེས་པར་སེམས་པའི་བཟོད་པ་སྟེ་"[༤]ཞེས་གསུངས་སོ། །
གནོད་པ་ལ་བཟོད་པ། འདི་ལ་རིམ་གྱིས་སྒོམ་ཚུལ་ནི། "དང་པོ་གནོད་པ་ཆུང་ངུ་ལ་བཟོད་པ་གོམས་པར་བྱས་པས་ཕྱིས་སུ་རིམ་གྱིས་གནོད་པ་ཆེན་པོ་ཡང་བཟོད་པར་བྱོས་ཤིག །"[༥]ཅེས་གསུངས་པ་ལྟར། ཐོག་མར་གནོད་པ་ཆུང་ངུ་ལ་བཟོད་པ་གོམས་པས་རིམ་གྱིས་གནོད་པ་ཆེན་པོ་ལའང་བཟོད་པར་ནུས་པའོ། །
བཟོད་པའི་ཕན་ཡོན།
[རྩོམ་སྒྲིག]འདི་ཕྱིའི་ཡོན་ཏན། "གཟུགས་མཛེས་པ་དང་འཁོར་ཕུན་སུམ་ཚོགས་པ་འཐོབ་པ་དང་དཀའ་ཐུབ་ཀྱི་མཆོག་ཏུ་འགྱུར་བ་དང་འདི་ཕྱིར་བདེ་བ་"[༦]ཞེས་གསུངས་པ་ལྟར་ཚེ་འདིར་གཟུགས་མཛེས་པ་དང་འཁོར་ཕུན་སུམ་ཚོགས་པ་འཐོབ།
བྱང་ཆུབ་ཀྱི་རྒྱུ། "བཟོད་པ་རྒྱ་ཆེ་ཞིང་ཚད་མེད་ལ་བྱང་ཆུབ་ཆེན་པོའི་འབྲས་བུ་འབྱུང་བ་འདི་དག་ལ་བསྟེན་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་"[༧]ཞེས་བཟོད་པ་ནི་སངས་རྒྱས་ཉིད་ཐོབ་པའི་གཙོ་རྒྱུ་ཡིན།
བཟོད་པ་སྒོམ་ཚུལ།
[རྩོམ་སྒྲིག]ལས་འབྲས་ལ་བསམ་པ། "བདག་གི་གནོད་པ་མྱོང་འགྱུར་གྱི་ལས་ཀྱིས་བསྐུལ་བྱས་ནས་བདག་ལ་གནོད་བྱེད་རྣམས་བྱུང་སྟེ། དེ་ཡིས་གནོད་བྱེད་དེ་དག་སེམས་ཅན་དམྱལ་བར་འདོང་ན་བདག་གིས་གནོད་བྱེད་དེ་དག་མ་བརླག་གམ་སྟེ་བརླག་པར་བྱས་སོ། །"[༨] ཞེས་གསུངས། རང་གི་སྔོན་གྱི་ལས་ཀྱིས་གནོད་པ་བྱུང་བར་བསམ་ནས་གཞན་ལ་ཁྲོ་བར་མི་བྱའོ། །
སེམས་ཅན་ལ་གུས་པར་བྱ་བ། "བསོད་ནམས་ཀྱི་ས་བོན་རྒྱ་ཆེན་པོ་འདེབས་པའི་སེམས་ཅན་གྱི་ཞིང་དང་ནི་རྒྱལ་བའི་ཞིང་ཞེས་བསོད་ནམས་གསོག་པའི་ཞིང་སྟོན་པ་དང་འདྲ་བར་"[༩]ཞེས་གསུངས་པ་ལྟར་སེམས་ཅན་ནི་བསོད་ནམས་ཀྱི་ཞིང་ཡིན་པས་གུས་པར་བྱའོ། །
རིམ་གྱིས་བསྒོམ་པ། "གོམས་ན་སླ་བར་མི་འགྱུར་བའི་དངོས་པོ་དེ་ནི་གང་ནའང་ཡོད་པ་མ་ཡིན་ཏེ། དཔེར་ན་གོམས་པའི་དབང་གིས་སེར་སྣ་ཅན་རྣམས་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་སྡུག་བསྔལ་ཐམས་ཅད་ལ་བདེ་བའི་འདུ་ཤེས་གོམས་པས།"[༡༠] ཞེས་གསུངས་བ་ལྟར་ཐོག་མར་གནོད་པ་ཆུང་ངུ་ལ་བཟོད་པ་གོམས་པས་རིམ་གྱིས་གནོད་པ་ཆེན་པོ་ལའང་བཟོད་པར་ནུས་སོ། །
བསྡུས་དོན།
[རྩོམ་སྒྲིག]བཟོད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་གཙོ་བོ་ཞིག་ལ། དམན་དང་མཆོག་གི་ཁྱད་པར་མེད་པར་ཞེ་སྡང་དང་དངོས་འགལ་ཡིན་པའི་ཕྱིར་དགེ་རྩ་སྲུང་ཞིང་འཕེལ་བར་བྱེད་པའོ། །འདི་རང་གི་སེམས་ལ་རག་ལུས་པ་ཡིན་ཏེ། ཁྲོ་བའི་སེམས་གཅིག་པུ་བཅོམ་ན་ཕྱི་རོལ་གྱི་དགྲ་ཐམས་ཅད་ཆོམས་པ་དང་འདྲ་བར་འགྱུར་རོ། །དེས་ན་ཐོག་མར་གནོད་པ་ཆུང་ངུ་ལ་བཟོད་པ་གོམས་པས་རིམ་གྱིས་གནོད་པ་ཆེན་པོ་ལའང་བཟོད་པར་ནུས་ཤིང༌། ཚེ་འདི་དང་ཕྱི་མར་བདེ་བ་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་གྲངས། ༣༥༥-༣༥༦
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་གྲངས། ༡༤༢
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་གྲངས། ༩༡
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་གྲངས། ༤༢༢
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་གྲངས། ༣༠༩
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་གྲངས། ༡༩༦
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤོང་དཔར། ཤོག་གྲངས། ༡༩༦
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་གྲངས། ༩༩
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་གྲངས། ༡༥༠
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་གྲངས། ༩༢