Jump to content

བཛྲ་སཏྭ་ཏྭེ་ནོ་པ་

ཡོང་ཁུངས་Wikipedia

བཛྲ་སཏྭ་ཏྭེ་ནོ་པ་ཞེས་པ་ནི་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པའི་སྔགས་སུ་འདུས་པའི་ཚིག་སྤྲད་གལ་ཆེ་ཞིག་ཡིན། འདི་ནི་ཐར་ལམ་འགྲོ་བའི་སྐྱེས་བུ་ཞིག་གིས་རྡོ་རྗེ་སེམས་དཔར་འདུན་སྐུལ་གནང་བའི་སྒོ་ནས་རང་གི་ལུས་སེམས་དང་སྤྱོད་ལམ་ལ་བསམ་ཞིབ་དང་སྒྲིབ་སྦྱོང་ཞུ་བར་འཁོད་པའི་གསོལ་འདེབས་ཤིག་ཡིན།

སྒྲ་དོན་འཇོག་ཚུལ།

[རྩོམ་སྒྲིག]

འདི་ལ་སྒྲའི་ངོས་ནས་ཕྱེ་བསྡུས་བྱས་ན།

བཛྲ - རྡོ་རྗེ་ཞེས་པ་སྟེ། མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་གསུངས་པ་ལྟར་ན "བཛྲ་ནི་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་སྟོང་པ་ཉིད་བཅུ་དྲུག་གམ་བཅོ་བརྒྱད་ཀྱི་ངོ་བོ་འདུས་མ་བྱས་ཀ་དག་ཁྲེགས་ གཅོད་ཟང་ཐལ་ནི་གང་གིས་ཀྱང་མི་ཕྱེད་པའི་དོན"[] ཡིན།

སཏྭ - ནི "སེམས་དཔའ་སྟེ་ཐབས་སྙིང་རྗེ་ཆེན་པོའི་དོན"[] ཡིན།

ཏྭེ - ཁྱེད་ཀྱི་སྐད་དོད་དེ། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་འཆད་དུ་གསུངས་པ་ལྟར། "ཡུཥྨ་ཏ་ཀྱི་ལུས་འགྱུར་ཏྭ་ཏ་ལ་རྣམ་དབྱེ་གསུམ་པའི་ཊཱ་བྱིན་པ་སྟེ་བོད་སྐད་ཁྱོད་ཀྱིས་ཞེས་པར་འགྱུར་བས་རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཞེས་བྱ་བའི་དོན"[] དུ་འདོད།

ནོ་པ - ཉེ་བར་ཞེས་པ་སྟེ། འདི་ནི་ཨུ་པ་ཞེས་པའི་སྔོན་འཇུག་ལས་འཆར་བ་ཡིན། མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་བཤད་དུ་གསུངས་པ་ལྟར། "ཨུ་པ་ཉེ་བའི་སྐད་དོད་ལ་སྔ་མའི་ཨ་དང་ཕ་རོལ་གྱི་ཨུ་ལས་ཨ་ཨུ་ཨོའོ་ཞེས་པས་ཨོ་ལ་དྲངས་པས་ནོ་སྟེ། དེས་ན་ཏྭེ་ནོ་པ་ཁྱེད་ཀྱིས་ཉེ་བར"[] ཞེས་འདོད།

སྤྱི་བཤད།

[རྩོམ་སྒྲིག]

ཚིག་སྤྲད་འདིའི་དོན་སྤྱི་ནི། "རྡོ་རྗེ་སེམས་དཔའ་ཁྱེད་ཀྱིས་ཉེ་བར"[] ཞེས་པ་སྟེ། རྡོ་རྗེ་སེམས་དཔར་ཉེ་བར་འབྲེལ་བའི་གསོལ་འདེབས་ཤིག་ཡིན། འདི་ལ་ཕྱི་མའི་ཚིག་སྤྲད་"ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ"་དང་སྦྲེལ་ནས་འདོན་སྲོལ་ཡོད་དེ། འདི་བཞིན་དུ། "རྡོ་རྗེ་སེམས་དཔའ་ཁྱེད་ཉེ་བར། བརྟན་པར་བདག་ལ་བཞུགས་པར་མཛོད"[] ཅེས་པར་འགྱུར།

ཐུན་མོང་མ་ཡིན་པའི་བཤད་པ།

[རྩོམ་སྒྲིག]

བསྐྱེད་རིམ་གྱི་ངོས་ནས།

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་བསྐྱེད་རིམ་གྱི་སྒོ་ནས་བཤད་དུ་གསུངས་པ་ལྟར། "སྐྱབས་འགྲོ་དང་བྱང་ཆུབ་སེམས་བསྐྱེད་སྔོན་དུ་འགྲོ་བས་ཏིང་འཛིན་རྣམ་གསུམ་ངང་ནས་རང་ཉིད་བདག་དམ་ཚིག་སེམས་དཔའ་རྡོ་རྗེ་སེམས་དཔའ་བསྒོམ"[] ནས། རང་གི་རྒྱུད་ལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་ཀྱི་ངོ་བོར་བསྒོམ་པ་ལ་འཁོད།

རྫོགས་རིམ་མཚན་བཅས་ཀྱི་ངོས་ནས།

[རྩོམ་སྒྲིག]

"རྡོ་རྗེ་ཕུང་པོའི་ལུས་ཀྱི་གྲོང་ཁྱེར་ན་གནས་པ་རྩ་དང་། གཡོ་བ་རླུང་དང་། བཀོད་པ་བྱང་ཆུབ་སེམས་ཐིག་ལེ་གནད་དུ་བསྣུན་པ་ལ་བརྟེན་ནས་བདེ་སྟོང་ཕྱག་རྒྱ་ཆེན་པོའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་མངོན་སུམ་ལམ་དུ་བྱེད"[] པ་ལ་འབྲེལ་ཏེ། རང་ཉིད་ཀྱི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་བརྟན་པར་གནས་པའི་གསོལ་འདེབས་སུ་འདོད།

རྫོགས་རིམ་མཚན་མེད་རྫོགས་ཆེན་གྱི་ངོས་ནས།

[རྩོམ་སྒྲིག]

རྫོགས་ཆེན་གྱི་ལུགས་ལ། "ཀ་དག་ཁྲེགས་གཅོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ལམ་མཆོག་རྨད་དུ་བྱུང་བ་ཐབས་ཤེས་དབྱེར་མེད་རང་གི་རིག་པ་རིག་སྟོང་དོན་གྱི་རྡོ་རྗེ་སེམས་དཔའ་དེ་ཉིད"[] ལ་མངོན་དུ་ཕྱོད་པའི་གསོལ་འདེབས་སུ་འདོད། འདི་ནི་རང་རིག་རྡོ་རྗེ་སེམས་དཔའ་དེ་ཉིད་ལས་གཡོ་བ་མེད་པར་གནས་པའི་གསོལ་འདེབས་ཤིག་ཡིན།

མཇུག་བསྡུ་བ།

[རྩོམ་སྒྲིག]

བཛྲ་སཏྭ་ཏྭེ་ནོ་པ་ཞེས་པ་ནི་མདོར་ན། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཡེ་ཤེས་དང་དབྱེར་མེད་དུ་སྦྱོར་བའི་གསོལ་འདེབས་ཤིག་ཡིན། འདི་ལ་ཡན་ལག་གསུམ་གྱིས་འདོད་པ་ནི།

  1. བསྐྱེད་རིམ: རང་ཉིད་དམ་ཚིག་སེམས་དཔར་བསྒོམ་ནས་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་དུ་སྦྱོར་བ།
  2. རྫོགས་རིམ: རྩ་རླུང་ཐིག་ལེའི་ལམ་ནས་བདེ་སྟོང་ཡེ་ཤེས་ཀྱི་རྣམ་འགྱུར་ལ་བརྟན་པར་གནས་པ།
  3. རྫོགས་ཆེན: རང་རིག་རྡོ་རྗེ་སེམས་དཔའི་ངང་ལས་གཡོ་བ་མེད་པར་གནས་པ།

གང་ལྟར་ཡང་། འདི་ནི་རྒྱུད་སྨིན་གྲོལ་སུམ་གྱི་ལམ་ཡན་ལག་གང་རུང་ལ་བཞུགས་ཀྱང་། རྡོ་རྗེ་སེམས་དཔའི་ཐུགས་བསྐྱེད་སྤྱིའི་དགོངས་པ་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ལ་བརྟན་པར་གནས་པའི་གསོལ་འདེབས་ཤིག་ཏུ་འདོད་པར་མཐུན།


རྒྱུ་ཆའི་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  2. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  3. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་།
  4. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  5. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  6. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  7. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  8. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  9. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།