བདེན་པའི་སངས་རྒྱས་
བདེན་པའི་སངས་རྒྱས་ཞེས་པ་ནི་དོན་དམ་པར་ཡོད་པར་འདོད་པའི་སངས་རྒྱས་ལ་གོ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་བོ་དངོས་པོར་གྲུབ་པར་མཐོང་བའི་ལྟ་བ་ཡིན་ནོ། །
སྒྲ་བཤད།
[རྩོམ་སྒྲིག]བདེན་པ་ནི་ཡང་དག་པའམ་དོན་དམ་པར་གྲུབ་པ་དང་། སངས་རྒྱས་ནི་མ་རིག་པའི་མུན་པ་སངས་ཤིང་ཤེས་བྱའི་བློ་གྲོས་རྒྱས་པས་ན་བདེན་པའི་སངས་རྒྱས་ཞེས་བརྗོད་དོ། །
མཚན་ཉིད།
[རྩོམ་སྒྲིག]"ཡང་ན་ལན་གྱི་རྣམ་གྲངས་འདི་ཡང་གཟིགས་ཏེ་སེམས་མེད་པ་ལ་མཆོད་པ་བྱས་པས་ཀྱང་ཕན་ཡོན་འབྱུང་སྟེ། མཆོད་རྟེན་དང་གླེགས་བམ་མཆོད་པའི་ཕན་ཡོན་བཞིན་ནོ། །སྒྱུ་མ་ལྟ་བུའི་སངས་རྒྱས་ལ་མཆོད་པ་བྱས་པས་བསོད་ནམས་ཀྱང་སྒྱུ་མ་ཙམ་དུ་འབྱུང་སྟེ། དཔེར་ན། ཁྱེད་ཅག་དངོས་སྨྲ་བ་རྣམས་བདེན་པའི་སངས་རྒྱས་ལ་མཆོད་པ་བྱས་པས་ཇི་ལྟར་འབྲས་བུ་བདེན་པ་དང་བཅས་པ་འབྱུང་བར་འདོད་པ་བཞིན་ནོ། །"[༡]ཞེས་པས་སེམས་མེད་པའི་སངས་རྒྱས་ལ་མཆོད་པ་བྱས་ན་ཕན་ཡོན་ཡོད། དབུ་མ་པ་རྣམས་ཀྱིས་སྒྱུ་མ་ལྟ་བུའི་སངས་རྒྱས་ལ་མཆོད་པ་བྱས་ན་བསོད་ནམས་ཀྱང་སྒྱུ་མ་ཙམ་དུ་འབྱུང་། འོན་ཀྱང་དངོས་སྨྲ་བ་ཁྱེད་རྣམས་བདེན་པའི་སངས་རྒྱས་ལ་མཆོད་པ་བྱས་ན་འབྲས་བུ་བདེན་པ་འབྱུང་བར་འདོད་པ་བཞིན་ཞེས་པ་སྟེ། དངོས་སྨྲ་བ་རྣམས་ཀྱིས་རང་བཞིན་གྱིས་གྲུབ་པ་དོན་དམ་པར་ཡོད་པའི་སངས་རྒྱས་ལ་གོ་དགོས།
རྩོད་པ།
[རྩོམ་སྒྲིག]དབུ་མ་པ་དང་བྱེ་བྲག་སྨྲ་བའི་བར་གྱི་རྩོད་པ། དེ་ཡང་དབུ་མ་པ་རྣམས་ཀྱིས། "དེའི་ཕྱིར་བདག་ཅག་སངས་རྒྱས་དང་མཆོད་པའི་བསོད་ནམས་གཉིས་པོ་ཀུན་རྫོབ་སྒྱུ་མ་ཙམ་དུ་འདོད་པ་བ་ནི་ཁྱོད་དེ་ཉིད་དུ་འང་སྟེ་དོན་དམ་པར་འདོད་པ་གཉིས་ཀ་སུ་ཡིན་ཀྱང་རུང་སྟེ། སངས་རྒྱས་དེ་ལ་མཆོད་པའི་འབྲས་བུ་རྒྱ་ཆེན་པོ་ཡོད་པ་ནི་ལུང་ལས་ཏེ་ལུང་ཚད་མ་ལ་བརྟེན་ནས་འདོད་པ་ཡིན་ཏེ་དཔེར་ན་ཁྱོད་བདེན་པའི་སངས་རྒྱས་མཆོད་པ་ལ་ཇི་ལྟར་འབྲས་བུར་ཏེ། འབྲས་བུ་དང་བཅས་པར་ཁས་ལེན་པའང་ལུང་ལས་ཡིན་པ་བཞིན་དུ་ངེད་ཀྱང་བདེན་པར་མ་གྲུབ་པའི་སངས་རྒྱས་ལ་མཆོད་པའི་འབྲས་བུའང་མི་བདེན་པ་སྒྱུ་མ་ལྟ་བུ་འབྱུང་བར་ཁས་ལེན་པ་ཡིན་ནོ། །"[༢]ཞེས་པས་ང་ཚོ་དབུ་མ་པ་རྣམས་ཀྱིས་སངས་རྒྱས་དང་མཆོད་པའི་བསོད་ནམས་གཉིས་ཀ་ཀུན་རྫོབ་སྒྱུ་མ་ཙམ་དུ་འདོད། ཁྱེད་རྣམས་དོན་དམ་པར་འདོད་ཀྱང་། སངས་རྒྱས་ལ་མཆོད་པའི་འབྲས་བུ་ཆེན་པོ་ཡོད་པ་ནི་ལུང་ལས་གྲུབ། ཁྱེད་རྣམས་བདེན་པའི་སངས་རྒྱས་ལ་མཆོད་པས་འབྲས་བུ་བདེན་པ་འབྱུང་བར་འདོད་པ་ལུང་ལས་ཡིན་པ་བཞིན། ང་ཚོ་ཡང་མི་བདེན་པའི་སངས་རྒྱས་ལ་མཆོད་པས་སྒྱུ་མ་ལྟ་བུའི་འབྲས་བུ་འབྱུང་བར་འདོད་པ་ཡིན་ཞེས་པ་ལ། བྱེ་བྲག་སྨྲ་བ་རྣམས་ཀྱིས། "སངས་རྒྱས་ལ་མཆོད་པ་སོགས་ཀུན་རྫོབ་ཏུ་གྲུབ་པ་ནི་དེ་ཁོ་ན་ཉིད་དུའང་རུང་སྟེ་དེར་མཆོད་པ་བྱས་པས་འབྲས་བུ་འབྱུང་བ་སངས་རྒྱས་ཀྱིས་ལུང་ལས་གསུངས་པ་ཡིན་ནོ། །དཔེར་ན་ཁྱོད་རང་བདེན་པའི་སངས་རྒྱས་ལ་ཇི་ལྟར་འབྲས་བུ་དང་བཅས་པ་འདོད་པ་བཞིན་ནོ། །"[༣]ཞེས་པས་སངས་རྒྱས་ལ་མཆོད་པ་ནི་ཀུན་རྫོབ་ཏུ་གྲུབ་ཀྱང་ངམ་དེ་ཁོ་ན་ཉིད་དུ་གྲུབ་ཀྱང་། དེར་མཆོད་པ་བྱས་པས་འབྲས་བུ་འབྱུང་བ་ནི་སངས་རྒྱས་ཀྱི་བཀའ་ལུང་ལས་གསུངས་པ་ཡིན། དཔེར་ན་ཁྱེད་རྣམས་བདེན་པའི་སངས་རྒྱས་ལ་མཆོད་པས་འབྲས་བུ་དང་བཅས་པ་འདོད་པ་བཞིན་ཞེས་པ་སྟེ། དོན་དམ་པའི་སྒོ་ནས་དཔྱད་པ་བཏང་ནས་ཀུན་རྫོབ་ཏུ་ཡང་རུང་། དེ་ཁོ་ན་ཉིད་དུ་ཡང་རུང་། ལུང་ལས་གྲུབ་པས་འབྲས་བུ་ཡོད་པ་ཡིན་ཞེས་ལན་བཏབ་པ། སེམས་མེད་དུ་རྩོད་པ། དེ་ཡང་སངས་རྒྱས་སེམས་མེད་པ་ལ་མཆོད་པ་བྱས་པས་འབྲས་བུ་མི་འབྱུང་ངོ་ཞེས་རྩོད་པ་ལ། "སངས་རྒྱས་སེམས་མེད་ཅིང་ཀུན་རྫོབ་པའམ་ནི་སེམས་དང་བཅས་ཤིང་དེ་ཁོ་ན་ཉིད་དུ་བདེན་པ་ཡིན་ཡང་རུང་སྟེ། དེ་མཆོད་པ་ལས་འབྲས་བུ་འབྱུང་བ་ནི་ལུང་ལས་གྲུབ་པ་ཡིན་པས། དཔེར་ན་ཁྱེད་སེམས་ལྡན་དུ་བདེན་པའི་སངས་རྒྱས་ལ་མཆོད་པས་ཇི་ལྟར་འབྲས་བུ་བསོད་ནམས་བདེན་པ་འབྱུང་བར་འདོད་པ་བཞིན་དུ། ངེད་ཀྱང་བརྫུན་པའི་སངས་རྒྱས་ལ་མཆོད་པས་བསོད་ནམས་བརྫུན་པ་འབྱུང་བར་འདོད་པ་ལ་སྐྱོན་མེད་དོ། །"[༤]ཞེས་པས་སངས་རྒྱས་སེམས་མེད་ཅིང་ཀུན་རྫོབ་པ་ཡིན་ཡང་རུང་སེམས་དང་བཅས་པ་དེ་ཁོ་ན་ཉིད་དུ་བདེན་པ་ཡིན་ཡང་རུང་། དེ་ལ་མཆོད་པ་བྱས་པས་འབྲས་བུ་འབྱུང་བ་ནི་ལུང་ལས་གྲུབ་པ་ཡིན། དཔེར་ན་ཁྱེད་རྣམས་སེམས་ལྡན་དུ་བདེན་པའི་སངས་རྒྱས་ལ་མཆོད་པས་བསོད་ནམས་བདེན་པ་འབྱུང་བར་འདོད་པ་བཞིན། ང་ཚོ་ཡང་བརྫུན་པའི་སངས་རྒྱས་ལ་མཆོད་པས་བསོད་ནམས་བརྫུན་པ་འབྱུང་བར་འདོད་པ་ལ་སྐྱོན་མེད་ཅེས་ལན་བཏབ།
སྒྲུབ་བྱེད།
[རྩོམ་སྒྲིག]ལུང་གི་སྒྲུབ་བྱེད། བདེན་པའི་སངས་རྒྱས་ལ་མཆོད་པ་བྱས་པས་འབྲས་བུ་བདེན་པ་འབྱུང་བ་ནི་ལུང་ལས་གྲུབ་པ་ཡིན། མེ་ཏོག་བརྩེགས་པའི་གཟུངས་ལས། "སེང་གེ་རྣམ་པར་རྩེ་བ་འགའ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་དེའི་ཕྱིར་དེ་ལ་མཆོད་པའི་རྣམ་པར་སྨིན་པ་དེ་ཡང་དཔག་ཏུ་མེད་པར་བྱའོ། །"ཞེས་པས་སེང་གེ་རྣམ་པར་རྩེ་བ་འགའ་ཞིག་གིས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་པའི་ཡོན་ཏན་དང་ལྡན་པ་དེར་མཆོད་པ་བྱས་པས། དེའི་འབྲས་བུ་རྣམ་པར་སྨིན་པ་ཡང་དཔག་ཏུ་མེད་པ་འབྱུང་ངོ་ཞེས་པ། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཆེ་བས་དེར་མཆོད་པའི་འབྲས་བུ་ཡང་ཆེ་བ་ཡིན་ནོ། །
"གང་ཞིག་བཞུགས་ལ་མཆོད་པ་དང་། །མི་གནས་མྱ་ངན་འདས་པ་ལ། །སེམས་ནི་མཉམ་པར་དང་བ་ཡིས། །བསོད་ནམས་ལ་ནི་ཁྱད་པར་མེད། །"[༥]ཞེས་པས་སངས་རྒྱས་གཞུགས་པ་ལ་མཆོད་པ་བྱས་པ་དང་། མྱ་ངན་ལས་འདས་པ་ལ་མཆོད་པ་བྱས་པ། སེམས་མཉམ་པར་དང་བས་མཆོད་པ་བྱས་ན་བསོད་ནམས་ལ་ཁྱད་པར་མེད་ཅེས་པ། སངས་རྒྱས་གཞུགས་ཀྱང་རུང་མྱ་ངན་ལས་འདས་ཀྱང་རུང་རིམ་པ་མཉམ་པའི་སེམས་ཀྱིས་མཆོད་ན་བསོད་ནམས་ཆ་མཉམ་དུ་འབྱུང་བ་ཡིན།
བསྡུས་དོན།
[རྩོམ་སྒྲིག]བདེན་པའི་སངས་རྒྱས་ཞེས་པ་ནི་བྱེ་བྲག་སྨྲ་བ་དང་དངོས་སྨྲ་བ་རྣམས་ཀྱིས་སྒྲུབ་པའི་སངས་རྒྱས་རང་བཞིན་གྱིས་གྲུབ་པ་དོན་དམ་པར་ཡོད་པ་ལ་གོ དེ་ལ་མཆོད་པ་བྱས་པས་བསོད་ནམས་དང་འབྲས་བུ་བདེན་པ་འབྱུང་བར་འདོད། འདི་ནི་དབུ་མ་པ་རྣམས་ཀྱིས་སྒྲུབ་པའི་སྒྱུ་མ་ལྟ་བུའི་སངས་རྒྱས་དང་ཐ་དད་པ་ཞིག་ཡིན། རྩོད་གླེང་གི་ནང་དུ་དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་སྒྱུ་མ་ཙམ་དུ་འདོད་པ་ལ། བྱེ་བྲག་སྨྲ་བ་རྣམས་ཀྱིས་དོན་དམ་པར་གྲུབ་པར་འདོད་པར་ཕྱེ་བ། སེམས་མེད་དུ་གྱུར་པ་ལའང་མཆོད་པའི་འབྲས་བུ་ཡོད་པ་ལུང་གིས་གྲུབ་པ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།