བདེན་གཉིས་
བདེན་གཉིས་ནི་ནང་པ་སངས་རྒྱས་པའི་གཞུང་ལུགས་ཀྱི་ལྟ་གྲུབ་ཀྱི་རྩ་བའི་རྣམ་གཞག་ཅིག་ཡིན་ཏེ། དེ་ལ་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་སུ་འདོད་དོ། །
བདེན་གཉིས་ཀྱི་མཚན་ཉིད།
[རྩོམ་སྒྲིག]བྱེ་བྲག་སྨྲ་བའི་ལུགས།
"བྱེ་བྲག་ཏུ་སྨྲ་བ་ནི་དོན་དམ་པར་དོན་བྱེད་ནུས་པ་དོན་དམ་དང་དེ་མི་ནུས་པའི་ཆོས་ཀུན་རྫོབ་ཏུ་འདོད་སྟེ་"[༡]ཞེས་གསུངས་སོ། །
བདེན་གཉིས་ཀྱི་རྣམ་གཞག
[རྩོམ་སྒྲིག]འཇིག་རྟེན་པའི་བློ་ལ་ལྟོས་པའི་རྣམ་གཞག
"འཇིག་རྟེན་ཕལ་པའི་བློ་རྟག་འཛིན་ལ་ལྟོས་ན་སྐད་ཅིག་མ་མཐོང་བ་དེ་དེ་ཉིད་མཐོང་བ་ཡིན་ཏེ་ཐ་སྙད་ཀྱི་དེ་ཁོ་ན་ཉིད་མཐོང་བས་སོ། །"[༢]ཞེས་གསུངས་སོ། །
རྣལ་འབྱོར་པའི་བློ་ལ་ལྟོས་པའི་རྣམ་གཞག "རྣལ་འབྱོར་ཀུན་རྫོབ་ཡིན་པས་བདེན་གཉིས་གང་དུའང་མ་འདུས་པའི་ཉེས་པ་མེད་དོ། །"[༣]ཅེས་གསུངས་སོ། །
བདེན་གཉིས་ཀྱི་དབྱེ་བ།
[རྩོམ་སྒྲིག]"བདེན་གཉིས་ཀྱི་གནས་ཚུལ་ཇི་ལྟར་བ་བཞིན་དུ་གཏན་ལ་ཕབ་ནས་དེ་དག་གི་དོན་ཁོང་དུ་ཆུད་པའི་སྒོ་ནས་རང་རྒྱུད་སྨིན་པར་བྱས་ནས་"[༤] ཞེས་གསུངས་པ་ལྟར་བདེན་གཉིས་ནི་གནས་ཚུལ་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་གཞག་གི་གཞི་རྩ་ཡིན། །
ཀུན་རྫོབ་བདེན་པ།
ཀུན་རྫོབ་བདེན་པ་ནི་སྒྱུ་མ་ལྟ་བུར་སྣང་ཡང་མི་བདེན་པའི་ཆོས་རྣམས་ལ་ཟེར། "གཞན་ཀུན་རྫོབ་ཀྱི་རྣམ་པར་རྟོག་པའི་ངོ་བོས་རྣམ་པར་འཇོག་ནའོ། །"[༥]"བློ་ནི་ཀུན་རྫོབ་ཉིད་དུ་བརྗོད། །"[༦]ཅེས་གསུངས་སོ། །
དོན་དམ་བདེན་པ། དོན་དམ་བདེན་པ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་ལ་བྱ། "དོན་དམ་པའི་བདེན་པ་ལ་མ་ཡིན་ཏེ། དེ་ནི་ཐ་སྙད་ཐམས་ཅད་ལས་འདས་པའི་ཕྱིར་ཞེས་པའི་དོན་ཏོ། །"[༧]ཞེས་གསུངས་ཡོད།
བདེན་གཉིས་ཀྱི་ངོ་བོ།
[རྩོམ་སྒྲིག]བདེན་གཉིས་ཀྱི་ངོ་བོ་ནི་ཆོས་རྣམས་ཀྱི་སྣང་ཚུལ་དང་གནས་ཚུལ་གཉིས་ཀྱི་རྣམ་གཞག་ཡིན། "ཀུན་རྫོབ་དང་ནི་དོན་དམ་ཡང་། །འདི་ནི་བདེན་པ་གཉིས་སུ་བཞེད། །"[༨]ཅེས་གསུངས་སོ། །
བདེན་གཉིས་ཕན་ཚུན་གྱི་འབྲེལ་བ།
[རྩོམ་སྒྲིག]བདེན་གཉིས་ནི་ཕན་ཚུན་བརྟེན་པའི་ཚུལ་གྱིས་གནས་ཏེ། "གཉིས་པོ་ཕན་ཚུན་བརྟེན་པ་སྟེ་ལྟོས་ནས་འཇོག་པ་ཡིན་གྱི་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །"[༩]ཅེས་གསུངས་སོ། །
བདེན་གཉིས་མི་འཐད་པའི་རྩོད་སྤོང་།
[རྩོམ་སྒྲིག]ཧ་ཅང་ཐལ་བའི་རྩོད་སྤོང་།
"གལ་ཏེ་སྔར་ཡུལ་ཡུལ་ཅན་སྔ་ཕྱི་ལ་བཏགས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་པ་དེ་ལྟར་ན་ཀུན་རྫོབ་ཏུ་གྲུབ་པར་འདོད་པ་ལ་ཡང་སྐྱོན་དེ་མཚུངས་ཤིང་རང་གི་མཚན་ཉིད་ཀྱིས་གྲུབ་པ་མི་སྲིད་ན་ཆོས་གང་ཡང་བཞག་ས་མེད་པས་ཀུན་རྫོབ་མེད་པར་འགྱུར་ཞིང་དེ་ལ་བདེན་གཉིས་ག་ལ་ཡོད་དེ་གཉིས་ཀ་མེད་ལ།"[༡༠]ཞེས་དང་དེའི་ལན་ནི།
ལན།
"དོན་ལ་སྐྱེ་མེད་ཡིན་ཡང་དེ་མ་རྟོགས་པས་སྐྱེ་འཇིག་ཅན་དུ་རྟོག་ཅིང་བློས་ཡུལ་དུ་བྱས་པ་དེ་ལ་ལྟོས་ཏེ་ཀུན་རྫོབ་ཏུ་འཇོག་པས་དེ་མེད་པར་མི་འགྱུར་ལ།"[༡༡]ཞེས་གསུངས་སོ། །
ཐུག་མེད་དུ་ཐལ་བའི་རྩོད་སྤོང་།
"གང་གི་ཚེ་རྣམ་པར་དཔྱོད་ཅིང་བདེན་པར་གྲུབ་པའི་རྣམ་དཔྱོད་ཀྱིས་དཔྱོད་པར་བྱེད་དགོས་ན་དེའི་ཚེ་རྣམ་དཔྱོད་དེ་ཡང་རྣམ་དཔྱོད་གཞན་གྱིས་དཔྱོད་དགོས་པའི་ཕྱིར་ན་ཐུག་མེད་དུ་འགྱུར་བས་རྩ་བའི་དཔྱད་བྱ་མ་ངེས་པར་འགྱུར་རོ། །"[༡༢]ཞེས་གསུངས་ཡོད།
དོན་དམ་པར་བདེན་གཉིས་གྲུབ་མ་གྲུབ་ཀྱི་རྩོད་སྤོང་། "བདེན་པ་གཉིས་སུ་བཞག་པ་ནི་གདུལ་བྱ་ལམ་ལ་འཇུག་པའི་སྒོ་ཙམ་སྟེ། དོན་དམ་པར་བདེན་པ་གཉིས་སུ་ཆད་པའང་མེད་དེ་བསམ་གྱིས་མི་ཁྱབ་པའི་ཆོས་དབྱིངས་དེ་བཞིན་ཉིད་ཙམ་གནས་ལུགས་མཐར་ཐུག་གོ །"[༡༣]ཅེས་གསུངས་སོ། །
འགོག་བདེན་དང་ལམ་བདེན།
[རྩོམ་སྒྲིག]"འཕགས་པ་དམ་པ་རྣམས་ཀྱི་ཡིན་པས་དམ་པའི་ཆོས་སམ་དམ་པའང་ཡིན་ལ་ཆོས་ཀྱང་ཡིན་པས་དམ་པའི་ཆོས་དཀོན་མཆོག་དངོས་རང་བཞིན་གྱིས་དག་པ་ལ་ཆགས་སོགས་གློ་བུར་གྱི་དྲི་མའང་མེད་པའི་འགོག་བདེན་དང་ཆགས་སོགས་ཀྱི་དྲི་མ་མེད་པར་བྱེད་པའི་ལམ་བདེན་ཏེ་བདེན་གཉིས་ཀྱི་མཚན་ཉིད་ཅན་གྱི་རྟོགས་པའི་ཆོས་"[༡༤]ཞེས་གསུངས།
མདོ་སྡེ་པའི་ལུགས།
[རྩོམ་སྒྲིག]"མདོ་སྡེ་པས་ནི་འཇིག་བྱེད་ཐོ་བ་ལ་སོགས་པས་བཅོམ་པ་ན་རང་འཛིན་གྱི་བློ་འདོར་བ་དང་གཉེན་པོས་བསལ་བ་ན་དེའི་བློ་མི་འཇུག་པ་ཀུན་རྫོབ་དང་དེ་ལས་ཟློག་པ་དོན་དམ་སྟེ་"[༡༥]ཞེས་གསུངས་སོ། །
བསྡུས་དོན།
[རྩོམ་སྒྲིག]བདེན་གཉིས་ཀྱི་རྣམ་གཞག་ནི་ནང་པའི་གཞུང་ལུགས་ཀྱི་རྩ་བའི་ལྟ་གྲུབ་ཞིག་ཡིན། ཀུན་རྫོབ་བདེན་པ་ནི་བློས་བཏགས་པ་ཙམ་གྱི་ཆོས་རྣམས་དང་། དོན་དམ་བདེན་པ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ལ་བྱ། བདེན་གཉིས་ནི་ཕན་ཚུན་བརྟེན་པའི་ཚུལ་གྱིས་གནས་ཤིང་། གདུལ་བྱ་ལམ་ལ་འཇུག་པའི་ཐབས་སུ་བཞག་པ་ཡིན། དོན་དམ་པར་ན་བདེན་གཉིས་སུ་ཆད་པ་མེད་དེ་ཆོས་དབྱིངས་དེ་བཞིན་ཉིད་ཙམ་དུ་གནས་སོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་༢༥༨
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༥༣༣
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༥༣༣
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༤༧༩
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༤༣༡
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༤༣༢
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༤༣༤
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༤༣༡
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༣༡༣
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༣༡༡
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༢༡༣
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༢༡༤
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༦༡༡
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༩༣
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་༢༥༨