བདེ་སྨོན་འགྲེལ་པ་

ཡོང་ཁུངས་Wikipedia

༄༅། །ཆགས་མེད་བདེ་སྨོན་འགྲེལ་པ་པདྨའི་ཕྲེང་བ་བཞུགས་སོ། །

༄༅། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང༌། གནས་སྐབས་ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བའི་ཕྱིར། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་མཛད་པའི་བདེ་ཆེན་ཞིང་གི་སྨོན་ལམ་འདི་ཉིད། འབྲེལ་བ་པདྨའི་ཕྲེང་བ་དང་རྗེས་སུ་མཐུན་པར་འཆད་པའི་རིམ་པ་ལ་མ་ཡེང་བར་ཚིག་དོན་གྱི་རིམ་པ་ལ་ཉན་འཚལ། དེ་ཡང༌། འོད་མདོ་ལས། དེ་བཞིན་གཤེགས་པ་ཡིད་ལ་དྲན་པ་དང༌། དགེ་བའི་རྩ་བ་བསྐྱེད་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཡོངས་སུ་བསྔོ་བ་སྟེ་ཞེས་གསུངས་པའི་དོན་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ནི། རྒྱུ་དང་པོ་ཞིང་བཀོད་ཡིད་ལ་དྲན་པ། གཉིས་པ་དགེ་བའི་ཚོགས་ཆེན་བསགས་པ། གསུམ་པ་བྱང་ཆུབ་སེམས་བསྐྱེད་པ། བཞི་པ་བདེ་ཆེན་ཞིང་དུ་སྐྱེ་ཕྱིར་བསྔོ་བ་དང་སྨོན་ལམ་སྟེ་བཞི་ལས། ༈ རྒྱུ་དང་པོ་ཞིང་བཀོད་ཡིད་ལ་དྲན་པ་ནི། ཨེ་མ་ཧོ་ནས། སེར་ལྟེམ་མེ་བར་གྱིས་བསྟན་དོན་ནི། ཨེ་མ་ཧོ། ཞེས་པ་ནི། ངོ་མཚར་ཞེས་པ་སྟེ། ངོ་གང་ལ་ཚར་ན་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ནས། །གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན། །ཅུང་ཟད་སྟེང་དུ་འཕགས་པའི་མཐོ་བ་ལྟ་བུའི་ཡུལ་ས་ན། །སངས་རྒྱས་འོད་དཔག་མེད་འདི་སྔོན་གྱི་དུས་སུ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅན་གྱི་སྐྱེ་བ་བཞེས་པའི་ཚེ། རྒྱལ་བ་རིན་ཆེན་སྙིང་པོའི་སྤྱན་སྔར་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བདེ་བ་ཅན་གྱི་ཞིང་གི་བཀོད་པ་རྣམས་སྒྲུབ་པའི་རྒྱུ་ཚོགས་བསགས་ནས། གལ་ཏེ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བཏབ་ཚད་བདེ་བ་ཅན་དུ་སྐྱེ་ཐུབ་ན་ནི་བདག་སངས་རྒྱས་པར་གྱུར་ཅིག །གལ་ཏེ་སྐྱེ་མ་ཐུབ་ན་ནི་བདག་འཚང་རྒྱ་བར་མ་གྱུར་ཅིག་ཅེས་སྨོན་ལམ་དཔག་མེད་བཏབ་པས། མཐར་སྨོན་ལམ་དང་ཚོགས་ཡོངས་སུ་གྲུབ་སྟེ་ད་ལྟ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅན་དེ་སངས་རྒྱས་ནས་སངས་རྒྱས་འོད་དཔག་མེད་དུ་གྱུར་པ་ཡིན། རྒྱལ་པོའི་སྨོན་ལམ་གྲུབ་པ་ཡིན་པས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་རྣམ་དག་བཏབ་ཚད་ཞིང་དེར་སྐྱེ་ཐུབ་པ་ནི་རྒྱལ་བའི་སྨོན་ལམ་གྱི་སྟོབས་ཡིན་ནོ། །འོ་ན་ཞིང་དེ་ལ་ཅི་འདྲ་ཞིག་མོད་སྙམ་ན་སྤྱིར་ཕྱི་སྣོད་རིན་པོ་ཆེ་སྣ་ཚོགས་ལྟ་བུ་དག་ལ། ནང་བཅུད་ཉོན་མོངས་ཅན་ཡིན་པས་མ་དག་པ་འདོད་ལྷ་ལྟ་བུ་དང༌། ཡང་ནང་བཅུད་རིག་འཛིན་གྱི་ཚོགས་ཡིན་པས་དག་ལ། ཕྱི་སྣོད་ས་རྡོ་རི་བྲག་སོགས་མ་དག་པ་ལྟར་སྣང་བ་བྱང་ཤམྦྷ་ལ་ལྟ་བུ། ཡང་ཕྱི་སྣོད་ཀྱང་ལྕགས་སྲེག་སོགས་དང༌། ནང་བཅུད་སེམས་ཅན་རྣམས་ཀྱང་ཚ་གྲང་བཀྲེས་སྐོམ་ལ་སྤྱོད་པས། སྣོད་བཅུད་གཉིས་ཀ་མ་དག་པ་ངན་སོང་ལྟ་བུ། ཡང་ཕྱི་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པ་རིན་པོ་ཆེའི་ཞིང་ཁམས། ནང་བཅུད་ཀྱི་སེམས་ཅན་རྣམ་པར་དག་པ་འཕགས་པའི་གང་ཟག་བཅས་སྣོད་བཅུད་གཉིས་ཀ །རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན། །ཞེས་པ་དེ། བདག་ཅག་གི་ཆུ་བུར་མིག་གིས་མ་མཐོང་ཡང༌། །ཐོས་བསམ་ལ་བརྟེན་ཏེ་རང་སེམས་གསལ་བའི་ཡུལ་ལ་ལམ་མེར་གསལ་བ་དེ་ལ་ངོ་མཚར་རོ། །དེ་ན་སུ་བཞུགས་སྙམ་ན། དེ་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །དམར་པོ་པདྨ་རཱ་གའི་མདོག་ཅན་གཟི་བརྗིད་འབར། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །སྐུའི་ཡན་ལག་ཐམས་ཅད་ཀུན་ནས་མཛེས་པའི་མཚན་བཟང་སོ་གཉིས་ཡན་ལག་གི་ཆ་ཤས་ཐམས་ཅད་མཛེས་ཤིང་གསལ་བའི་དཔེ་བྱད་བརྒྱད་ཅུས་སྤྲས། །ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་ན་ལྷུང་བཟེད་བདུད་རྩིས་གང་བ་འཛིན། །སྨད་ན་མཐང་གོས་དང༌། སྟོད་ན་བླ་གོས་དང༌། སྣམ་སྦྱར་བཅས། ཆོས་གོས་རྣམ་གསུམ་གསོལ་ཞིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས། །ངོ་བོ་ཉེ་བའི་སྲས་ཆེན་བརྒྱད་པོ་སྐུ་ལུས་གདན་དུ་འཕུལ་ཞིང་རྣ་བས་ཆོས་ཀྱི་བདུད་རྩི་ཉན་པའི་རྣམ་པ་རྨ་བྱ་བརྒྱད་ཀྱིས་མཛེས་པའི་རིན་པོ་ཆེའི་ཁྲི་ལ། པདྨ་སྟོང་ལྡན་ཟླ་བའི་གདན་སྟེང་དུ། །རིན་པོ་ཆེ་སྣ་ཚོགས་པས་གྲུབ་པའི་བྱང་ཆུབ་ལྗོན་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ། །ཐུགས་རྗེའི་སྤྱན་གྱིས་རྒྱང་རིང་པོ་ནུབ་ཕྱོགས་བདེ་བ་ཅན་ནས་ནས་བདག་ལ་གཟིགས། །དེའི་གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཕྱག་གཡོན་པད་དཀར་འཛིན། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །སྐུ་མདོག་སྔོན་པོ་རྡོ་རྗེས་མཚན་པའི་པདྨ་གཡོན། །སེམས་དཔའ་དེ་གཉིས་ཀའི་ཕྱག་གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན། །དེ་ལྟར་གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །སྐུ་མཚན་དཔེའི་གཟི་བྱིན་ལྷང་ངེ་གསུང་ཚངས་དབྱངས་ཀྱི་སྙན་པ་ལྷན་ནེ་ཐུགས་མཁྱེན་བརྩེའི་ཡེ་ཤེས་ལྷམ་མེར་བཞུགས་པའི་འཁོར་དུ། །བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ་གྱི་འཁོར་གྱིས་བསྐོར་བ་ནི། །ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན། །གཙོ་འཁོར་ཐམས་ཅད་ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །མངོན་སུམ་དུ་མཐོང་རྒྱུ་དང་རེག་རྒྱུ་ཡོད་པ་ལྟ་བུ། མོས་གུས་གདུང་ཤུགས་དྲག་པོས་སེམས་ཉམས་འུར་བ་ལྟ་བུར་རྩེ་གཅིག་གཏད། ཞིང་དེར་ཡང་རང་སྐྱེས་ཚར་ཡོད་པ་ལྟ་བུ་བསམ། གཞན་ཡང་སྨོན་ལམ་ཚར་གཅིག་འདོན་ཚེ་ཡུས་པའི་ལོ་ཡུང་ཟ་ཤོར་བ་དང༌། འབྲོག་པའི་བིས་ལུག་མ་བུ་འདྲེས་པ་ལྟ་བུ་ལ་སེམས་ཤོར་ནས་བདེ་སྨོན་འདོན་པས་བར་ཆད་བྱུང་ཤར་ན། འཆི་དུས་ཀྱང་བདེ་བ་ཅན་དུ་འགྲོ་བའི་ལམ་ནས་འཁྲུལ་སྣང་དེ་འདྲ་ཤར་ནས་སླར་ལྷུང་བར་འགྱུར་རོ། །དེ་བས་མདོར་ན་སྨོན་ཚར་གཅིག་འདོན་ཚེ། བདེ་བ་ཅན་དུ་མངོན་སུམ་དུ་སྐྱེས་ཚར་བ་ཡོད་པ་ལྟར་མཐོང་རྒྱུ་དང་རིག་རྒྱུ་ཡོད་པ་ལྟར་དགའ་སྤྲོ་བསྐྱེད་མ་ཡེང་བར་བྱའོ། །ཞེས་དེས་རྒྱུ་དང་པོ་ཞིང་བཀོད་དྲན་སོང༌། ༈ ད་ནི་རྒྱུ་གཉིས་ཚོགས་བསག་ཡན་ལག་བདུན་པ་ནི་མོས་གུས་ནས། དོན་དུ་བསྔོ་བར་གྱི་དོན་ལ་བླ་མ་འོད་དཔག་མེད་གཙོ་འཁོར་བདེ་བ་ཅན་ན་བཞུགས་ཀྱང་ཕྱག་འཚལ་ན། མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །བདག་གི་རང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སྤྲུལ་གཞིའི་ཆ་ནས་ཆོས་སྐུ་ཞེས་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས་ནི་སྤྲུལ་གཞི་ཡིན་པས་རིགས་ཀྱི་བདག །དེའི་ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས་ཡིན། །དེའི་ཡང་སྤྲུལ་ནི་སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་ན་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ། །ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད་པ་དེ་དང་འདྲ། །ཐུགས་རྗེའི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་གནས་དང་། །ཡང་སྤྲུལ་སྟོང་གསུམ་བྱེ་བ་ཕྲག་བརྒྱ་ན་ཨུ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད། །ལས་སྤྲུལ་པ་ནི་ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ། །སེམས་ཅན་ཀུན་ལ་བརྩེ་བས་རྟག་ཏུ་གཟིགས། །སེམས་ཅན་ཀུན་གྱི་ཡིད་ལ་གང་དྲན་པའི། །རྣམ་རྟོག་གང་འགྱུས་རྟག་ཏུ་ཐུགས་ཀྱིས་མཁྱེན། །སེམས་ཅན་ཀུན་གྱིས་ངག་ཏུ་གང་སྨྲས་ཚིག །རྟག་ཏུ་མ་འདྲེས་སོ་སོར་གསན་ལགས་ན། །ཀུན་མཁྱེན་འོད་དཔག་མེད་ལ་རང་དོན་ཆོས་སྐུའི་ཡོན་ཏན་དྲན་ཏེ་ཕྱག་འཚལ་ལོ། །གཞན་དོན་གཟུགས་སྐུའི་ཡོན་ཏན་དྲན་པ་ནི། བདེ་བ་ཅན་དུ་གཏན་ནས་མི་སྐྱེ་བའི་བར་ཆད་རྣམ་པ་གཉིས་ཏེ། དམ་པའི་ཆོས་བཤད་སྒྲུབ་མི་དགོས་ཞེས་སྤངས་བ་དང་འོག་ནས་འབྱུང་བའི་མཚམས་མེད་ཀྱི་ལས་ངན་བྱས་པ་གཉིས་མ་གཏོགས་པ། །གཞན་ཁྱེད་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན། །བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་གྲུབ། །ཡོད་པས་རང་ཤི་ནས་བར་དོར་འཁྱམས་པའི་ཚེ་འོད་དཔག་མེད་ཀྱི་སྤྲུལ་པ་འཁོར་བཅས་བསུ་མ་ལ་བྱོན་ནས་སྐད་ཅིག་ལ་ཞིང་དེར་འདྲེན་པར་གསུངས། །འདྲེན་པ་སྤྲུལ་སྐུ་འོད་དཔག་མེད་ཀྱི་ཡོན་ཏན་དྲན་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་སྐུ་ཚེ་བསྐལ་པ་གྲངས་མེད་དུ། །མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས། །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབ་ན། །སྔོན་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི། །འཕྲལ་རྐྱེན་གྱི་ཚེ་ཟད་པ་ཡང་ལོ་བརྒྱ་ཐུབ་པ་དང༌། །དུས་མིན་འཆི་བ་མ་ལུས་བཟློག་པར་གསུངས་དེ་འདྲ་བའི་ཡོན་ཏན་རྗེས་སུ་དྲན་ཏེ། ལོངས་སྐུ་མགོན་པོ་ཚེ་དཔག་མེད་ལ་གུས་ཕྱག་འཚལ། །མཛད་པ་ཕྲིན་ལས་ཀྱི་ཡོན་ཏན་ནི། སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པའི་ཞིང་དེ། །གསེར་དངུལ་སོགས་རིན་ཆེན་སྣ་ཚོགས་གྱིས་བཀང་སྟེ་སྦྱིན་པ་བྱིན་པ་བས། །འོད་དཔག་མེད་པའི་མཚན་དང་བདེ་བ་ཅན། །ཐོས་ནས་དད་པས་ལག་པའི་ཐལ་མོ་ཙམ་སྦྱར་བར་བྱས་ན། །དེ་ནི་སྔ་མ་དེ་བས་བསོད་ནམས་ཆེ་བར་གསུངས། །དེ་ཕྱིར་འོད་དཔག་མེད་ལ་གུས་ཕྱག་འཚལ། །སེམས་ཅན་གང་ཟག་སུ་ཡང་རུང་བ་ཞིག་གིས་འོད་དཔག་མེད་པའི་མཚན་ཐོས་ནས། །ཁ་ཞེ་མེད་པར་སྙིང་གི་ཁོང་རུས་པའི་གཏིང༌། །ལན་གཅིག་ཙམ་ཞིག་དད་པ་སྐྱེས་པ་ན། །དད་པ་ཅན་དེ་ནི་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག་པ་འཁོར་བ་མཐའ་ཅན་དུ་འགྱུར་བའི་ཕྱིར། །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ནས། །དེ་ནི་བྱང་ཆུབ་སྙིང་པོ་མ་ཐོབ་བར། །རྟེན་དམན་པ་བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ། །ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་འགྱུར། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དེས་ཕྱག་འཚལ་བའི་ཡན་ལག་སོང༌། ད་ནི་མཆོད་པ་ཕུལ་བའི་ཡན་ལག་ལ། བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །མཆོད་ཡོན་མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་བརྒྱ་རྩ་ཡན་མན་སོགས་དངོས་སུ་འབྱོར་བའི་མཆོད་པ་ཅི་མཆིས་པ། །ཡིད་ཀྱིས་སྤྲུལ་པའི་མཆོད་པ་ནི། མེ་ལོང༌། གི་ཝཾ། ལི་ཁྲི། དུང༌། ཡུངས་ཀར། དཱུརྦ། བིལྦ། ཞོའི་རིགས་དཔག་ཏུ་མེད་པ་ནི་བཀྲ་ཤིས་རྫས་བརྒྱད་དང༌། དཔལ་བཻ། དུང་དཀར། རྒྱལ་མཚན། གདུགས། བུམ་པ། པདྨ། འཁོར་ལོ། ཉ་མའི་རིགས་ཏེ་བཀྲ་ཤིས་པའི་རྟགས་བརྒྱད་དང༌། འཁོར་ལོ། ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག །དམག་དཔོན་བཅས་རིན་ཆེན་སྣ་བདུན། །གདོད་ནས་གྲུབ་པའི་མཆོད་པ་ནི་དང་པོ་འཇིག་རྟེན་གྱི་ཁམས་ཆགས་པའི་དུས་ནས་ཡོད་པའི་་སྟོང་གསུམ་འཇིག་རྟེན་གྱི། །གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་ཀུན། །བློ་ཡིས་བླངས་ཏེ་གསལ་བཏབ་ནས་འོད་དཔག་མེད་ལ་འབུལ། །བདག་ལ་ཕན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས་ཤིག་ཅེས་མཆོད་པའི་ཡན་ལག་སོང་། །བཤགས་པའི་ཡན་ལག་ནི། ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་གྱི། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །སྲོག་བཅད་མ་བྱིན་ལེན་དང་མི་ཚངས་སྤྱོད། །ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བ། །ངག་གི་མི་དགེ་བཞི་པོ་མཐོལ་ལོ་བཤགས། །ཆགས་པའི་བརྣབ་སེམས་ཞེ་སྡང་བའི་གནོད་སེམས་ལས་རྒྱུ་འབྲས་དང་དཀོན་མཆོག་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་སྟེ། །ཡིད་ཀྱི་མི་དགེ་གསུམ་པོ་འཁོར་བ་ཐོག་མེད་ནས་བསགས་ཚད་མཐོལ་ལོ་བཤགས། །ཕ་མ་དང་ཇོ་བོ་བཀའ་གདམས་པའི་གསུང་སྒྲོས་ལས་འབྱུང་བ་ལྟར་སློབ་དཔོན་དང་དགྲ་བཅོམ་བཅས་བསད་པ་བཞི་དང༌། །རྒྱལ་བའི་སྐུ་ལ་འབྱུང་བཞག་སྙམ་ནས་ཁྲག་འབྱིན་པ་ཙམ་ལས་དངོས་སུ་བགྲུང་རྒྱུ་མེད་པས་ངན་སེམས་སྐྱེས་པ་དང༌། །ལྔ་པོ་ནི་དམྱལ་བ་མནར་མེད་ཀྱི་གནས་སུ་བར་ཆད་ཀྱི་མཚམས་མེད་པར་སྐྱེ་བའི་རྒྱུ་ཡིན་པས་མཚམས་མེད་ལྔ་ཡི་ལས་འཁོར་བ་ཐོག་མེད་ནས་བསགས་ཚད་ཐམས་ཅད་མཐོལ་ལོ་བཤགས། །དགེ་སློང་དགེ་ཚུལ་བསད་དང་བཙུན་མ་སྐྱ་སར་ཕབ་པ་དང༌། ཞིག་གསོལ་ལྟ་བུའི་ཆེད་དུ་མ་ཡིན་པའི་སྐུ་གཟུགས་དང་མཆོད་རྟེན་དང་ལྷ་ཁང་དང་ཡི་གེ་དཔེ་ཆ་ཆུད་ཟོས་སུ་བཤིག་ལ་སོགས། །ཉེ་བའི་མཚམས་མེད་སྡིག་བྱས་ཚད་མཐོལ་ལོ་བཤགས། །མནའ་བསྐྱལ་བའི་དུས་སུ་དཀོན་མཆོག་གསུམ་དང་ལྷ་ཁང་གསུང་རབ་རྣམས་ལ་ཚད་བཙུགས་པ་དང་རྟེན་གསུམ་སོགས། །དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ་རྣམས་ནི། །ཆོས་སྤངས་ལས་ངན་བསགས་པའི་ཕྱོགས་སུ་ཉེ་བས་ན་མཐོལ་ལོ་བཤགས། །མཐོལ་ལོ་ཞེས་པ་ནི་ཉེས་པ་དེ་མི་གསང་བར་སྨྲ་བ་ཡིན། བཤགས་ཞེས་པ་ནི་རྡུལ་ཕྲན་བཞིན་བཤིག་པའི་དོན་ཡིན། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ་ནི། །སྤྱིར་བླ་མ་གྲྭ་པ་རྣམས་ལ་ཞུ་བར་བྱས་ན་ནི་དེའི་ནང་བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་བཏབ། །ཆུ་ཕོར་གང་གི་དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་ཐོས་པ་དང༌། །དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ་བླ་མ་ལས། །ཐོས་ཀྱང་མི་བདེན་དེ་འདྲ་བཤད་ཚོད་ཡིན་བསམས་པ། །མཚམས་མེད་ལྔ་བས་ཐུ་བའི་ལས་ངན་པ། །ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཞེས་ཉེས་པ་སྤྱི་བཤགས། བྱེ་བྲག་སོ་ཐར། བྱང་སེམས། སྔགས་སྡོམ་གྱི་ལྟུང་བ་གསུམ་ལས། ཕྱི་སོ་ཐར་སྡོམ་པའི་སྤང་བྱ་ཉེས་ལྟུང་ཀུན་གྱི་རྩ་བ་ལྟ་བུ་ནི། སྲོག་གཅོད་པ་དང༌། རྐུ་བྱེད་པ་དང༌། བུད་མེད་ལ་མི་ཚངས་སྤྱོད་པ་དང༌། མངོན་ཤེས་ཅན་ཡིན་མདོག་ལྟ་བུའི་རྫུན་ལབ་པ་བཅས་མདོར་ན། གསོད་རྐུ་མི་ཚངས་རྫུན་གྱི་ཕམ་པ་བཞི་ཞེས་བསྲུང་བྱ་བློ་ཐོག་ཏུ་བཟུང་རྒྱུ་འདི་ཉིད་ནི་གཙོ་བོ་སྟེ་དེ་བྱུང་ན་སངས་རྒྱས་ཀྱི་རྗེས་འཇུག་མིན་པ་དང་གཞན་ཡང་ལྷག་མ་བཅུ་གསུམ་དང༌། །སྤང་ལྟུང་སུམ་ཅུ་ལྟུང་བྱེད་དགུ་བཅུ་བཅས་དང་སོར་བཤགས་བཞི་དང་ཉེས་བྱས་བརྒྱ་དང་བཅུ་གཉིས་དང་བཅས་སྡེ་ཚན་ལྔ་ལས། །སོ་ཐར་ཚུལ་ཁྲིམས་འཆལ་བ་མཐོལ་ལོ་བཤགས། །བྱང་སྡོམ་ཞུས་ནས་སྤང་བྱ་ནི། ཉམས་པའི་རྒྱུ་ནག་པོའི་ཆོས་བཞི་དང༌། ཉམས་པ་དངོས་རྩ་བའི་ལྟུང་བ་ནི། གཙོ་ཆེར་བྱང་སེམས་ཐོབ་ཐང་ཅན་ལྟ་བུ་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་རྒྱལ་པོ་དེའི་བཀའ་མངག་སྐུ་ཚབ་སོགས་ཀྱི་རིགས་ལྟ་བུ༌། བློན་པོ་ལ་འབྱུང་ཉེ་བ་ལྔ། གཙོ་ཆེར་བྱང་སེམས་ཀྱི་རིགས་སྐྱེ་བོ་ཕལ་པ་ལ་འབྱུང་ཉེ་བ་བརྒྱད་བཅས་སྡོམ་པས་རྩ་ལྟུང་བཅོ་བརྒྱད་པོ་གང་རུང་བྱུང་ན་བྱང་སེམས་ཀྱི་ཕམ་པ་ཡིན་པས་སྲུང་དགོས་སོ། །དེ་ལས་ནག་པོའི་ཆོས་བཞི་ནི། བླ་མ་བསླུ་ཞིང་ཆོས་ལ་འགྱོད་ཐབས་བྱེད། །མཆོག་ལ་སྐུར་འདེབས་དམན་ལ་གཡོ་སྒྱུ་སྤང༌། །ཞེས་པ་དི་བཞི་སྤང༌། བྱང་སེམས་རྩ་ལྟུང་བཅོ་བརྒྱད་ལས། རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་ནི། དཀོན་མཆོག་དཀོར་འཕྲོག་དམ་པའི་ཆོས་སྤང་གཉིས། །བཙུན་པ་སྐྱ་སར་འབེབས་དང་ཆད་པ་གཅོད། །མཚམས་མེད་ལྔ་བྱེད་ལོག་ལྟས་རྒྱུ་འབྲས་བསོད། །གང་རུང་རྒྱལ་པོ་ལ་ཉེའི་རྩ་ལྟུང་ཡིན། །ལྟུང་བ་སྔ་མ་བཞི་པོ་གཞིར་བཞག་སྟེང་ལོག་ལྟའི་ཚབ་ཏུ་དམག་གིས་ཡུལ་འཇོམས་པས། བློན་པོ་ལ་ཉེའི་ལྟུང་བ་རྣམ་པ་ལྔ། །བློ་སྦྱོང་མ་བྱས་པ་ལ་སྟོང་ཉིད་སྟོན། །ཐེག་པ་ཆེན་པོའི་ཆོས་ལ་བར་དུ་གཅོད༌། །སོ་ཐར་སྤངས་ནས་ཐེག་པ་ཆེ་ལ་སྦྱོར། །ཐེག་དམན་ཆོས་སྤང་གཞན་ལ་སྤོང་འཇུག་དང༌། །རྙེད་བཀུར་ཐོབ་ཕྱིར་གཞན་ལ་སྨོད་པ་དང༌། །མ་རྟོགས་སྟོང་ཉིད་རྟོགས་ཞེས་རྫུན་པ་དང༌། །མི་འོས་དཀོན་མཆོག་དཀོར་རྫས་སྦྱིན་ལེན་བྱེད། །ཞི་གནས་འདོར་ཞིང་སྒོམ་པའི་ལོངས་སྤྱོད་རྣམས། །མ་མོས་བཞིན་དུ་ཁ་ཏོན་པ་ལ་སྦྱིན། །གཙོ་བོ་ཕལ་པ་ལ་ཉེའི་ལྟུང་བ་བརྒྱད། །སྡོམ་པས་རྩ་བའི་ལྟུང་བ་བཅོ་བརྒྱད་ཡིན། །གང་རུང་ཉམས་ན་མནར་མེད་གནས་སུ་ལྷུང༌། །བྱང་ཆུབ་སེམས་དཔའ་ནམ་མཁའ་སྙིང་པོའི་མདུན། །ལྟུང་བ་བཤགས་པས་ཡང་ཡང་བཤགས་ཤིང་སྡོམ། །མདོར་ན་དགྲ་ལྟ་བུ་ལ་ཕན་ཐོགས་པའི་དུས་ཤིག་བྱུང་ཡང་མི་བཏང་སྙམ་ན། བྱང་སེམས་བསླབ་པ་ཉམས་པ་ཡིན་པས་དེ་མཐོལ་ལོ་བཤགས་སོ། །སྔགས་སྡོམ་གྱི་བཤགས་པ་ནི་སྔགས་སྡོམ་འདི་ཁྲོམ་ཉོ་བ་ལ་བཤད་མི་ཉན་འཆད་མཁན་རང་རང་གི་ཐུགས་ལ་བཞག་རྒྱུ་ཡིན་ཏེ་དེའང༌། བླ་མ་སྨོད་དང་བཀའ་འདས་མཆེད་ལ་ཁྲོ། །བྱམས་དང་བྱང་ཆུབ་སེམས་བཏང་གྲུབ་མཐའ་སྤོང༌། །གསང་བ་སྒྲོག་དང་ཕུང་པོ་ལྔ་ལ་བརྙས། །དག་པའི་ཆོས་ལ་སོམ་ཉི་གདུག་ལ་བྱམས། །བྲལ་ལ་རྟོག་བརྟགས་དད་ལྡན་སུན་འབྱིན་པ། །དམ་ཚིག་རྒྱུད་བཞིན་མི་བསྟེན་བུད་མེད་སྨོད། །སྲུང་ན་དངོས་གྲུབ་ཀུན་གྱི་རྩ་བ་ཡིན། །ཉམས་ན་ཉེས་ལྟུང་ཀུན་གྱི་རྩ་བ་ཡིན། །བསྡོམས་ན་དམ་ཚིག་ཀུན་གྱི་རྩ་བ་ཡིན། །དེ་ཕྱིར་སྔགས་ཀྱི་རྩ་ལྟུང་བཅུ་བཞི་ཡིན། །སྦོམ་པོ་བརྒྱད་ནི་མ་སྨིན་རིག་མ་བསྟེན། །ཚོགས་འཁོར་དུས་རྩོད་མཚན་ངན་བདུད་རྩི་ལེན། །སྣོད་དང་ལྡན་ལ་གསང་སྔགས་མི་སྟོན་པ། །དད་དང་ལྡན་ལ་དམ་ཆོས་མི་སྟོན་པ། །རང་དོན་ཉན་ཐོས་ནང་དུ་ཞག་བདུན་བསྡད། །རྣལ་འབྱོར་ཡེ་ཤེས་མི་ལྡན་སྔགས་པར་རློམས། །སྣོད་མིན་ཆོས་བཤད་སྔགས་ཀྱི་སྦོམ་པོ་ཡིན། །དེའི་ཕྱིར་ན་སྔགས་ཀྱི་རྩ་ལྟུང་བཅུ་བཞི་དང་ཡན་ལག་སྦོམ་པོ་བརྒྱད། །གསང་སྔགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྡོམ་པ་མ་ཞུས་མི་དགེའི་ལས་བྱས་པ་འདོད་ཆགས་ཀྱི། །མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང་བཞིན་ཁ་ན་མ་ཐོའི་སྡིག་པ་སྟེ། །སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས། །དགེ་བསྙེན་གྱི་སྐྱབས་སྡོམ་དབང་སྐུར་ལ་སོགས་ཐོབ་ན་ཡང༌། །དེ་ཡི་སྡོམ་པ་དམ་ཚིག་སྲུང་མ་ཤེས། །བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། །འགྱོད་པ་མེད་ན་བཤགས་པས་མི་འདག་པས། །སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོ་བཤགས། །ཞེས་སྔར་བྱས་པ་སུན་འབྱིན་གྱི་སྟོབས་དང༌། ཕྱིན་ཆད་སྡོམ་སེམས་མེད་ན་མི་འདག་པས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས། །ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་ཞེས་ཕྱིན་ཆད་སྡོམ་སེམས་སོར་ཆུད་ཀྱི་སྟོབས་ཏེ་བཤགས་པ་དངོས་ལ་འདི་གཉིས་གལ་ཆེའོ། །བདེ་གཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །དེས་བཤགས་པའི་ཡན་ལག་སོང༌། ༈ བཞི་པ་རྗེས་སུ་ཡི་རང་གི་ཡན་ལག་ནི། གཞན་གྱིས་རྒྱལ་བ་བསྟན་པ་ལ་སྤེལ་བ་དང་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རངས་ན། །དེ་ཡི་བསོད་ནམས་མཉམ་དུ་རིམ་གྱིས་ཐོབ་པར་གསུངས་ཏེ་སྔོན་སངས་རྒྱས་འཁོར་བཅས་ལ་རྒྱལ་པོ་ཞིག་གི་གུང་ཚིགས་དྲང་ནས། ད་ནི་དེའི་དགེ་རྩ་བསྔོ་བ་མཛད་རོགས་ཞུས་པའི་ཚེ། རྒྱལ་པོ་ཆེ་ན་ཁྱོད་དགེ་བའི་འདུན་པ་ཆུང་བས། དགེ་རྩ་ནི་ཉེ་འདབ་ཀྱི་མ་རྒན་འདིས་ཡི་རང་བྱས་ནས་ཐོབ་སོང་གསུངས་པ་ལྟ་བུ་ཡིན་པ། །དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་བསྒྲུབས་ཀུན་ལ་ཡི་རང་ངོ༌། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ༌། །མི་དགེ་བཅུ་པོ་སྤངས་པ་དགེ་བ་བཅུ། །ལས་ལུས་ཀྱི་དགེ་བ་གསུམ་ནི། གཞན་གྱི་སྲོག་སྐྱབས་སྦྱིན་པ་གཏོང་བ་དང༌། །སྡོམ་པ་སྲུང་ཞིང་ངག་གི་དགེ་བ་བཞི་ནི་བདེན་པར་སྨྲ་བ་དང༌། །འཁོན་པ་སྡུམ་དང་ཞི་དུལ་དྲང་པོར་སྨྲ། །དོན་དང་ལྡན་པའི་གཏམ་བརྗོད་་པ་དང་ཡིད་ཀྱི་དགེ་བ་གསུམ་ནི་འདོད་པ་ཆུང་བ་དང་། །བྱམས་དང་སྙིང་རྗེ་སྒོམ་ཞིང་ལས་འབྲས་ཁྱད་གསོད་ཀྱི་ལོག་ལྟ་སྤང་སྟེ་ཆོས་ལ་སྤྱོད། །དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ༌། ༈ །ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རྫོགས་སངས་རྒྱས་ནས་རིང་པོར་མ་ལོན་པར། །སངས་རྒྱས་དེ་དག་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི། །རྒྱ་ཆེན་མྱུར་དུ་བསྐོར་བར་བདག་གིས་བསྐུལ་ཏེ་གསོལ་བ་འདེབས་ན། །མངོན་ཤེས་ཐུགས་ཀྱིས་དེ་དོན་མཁྱེན་པར་གསོལ། ༈ །དྲུག་པ་སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི་སངས་རྒྱས་བྱང་སེམས་བསྟན་འཛིན་དགེ་བའི་བཤེས། །མྱ་ངན་འདའ་བར་བཞེད་ཀུན་དེ་དག་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། ༈ །བདུན་པ་བསྔོ་བའི་ཡན་ལག་ནི། འདིས་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བསྔོ། །ཞེས་དགེ་རྩ་བསྔོས་པས་དགེ་བ་འབུམ་ཕྲག་མང་པོར་འགྱུར་རོ། ༈ །རྒྱུ་གསུམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། རང་གཞན་འགྲོ་བ་སེམས་ཅན་ཀུན་ཀྱང་འཁོར་བ་ལས་ཐར་ཏེ་བླ་མེད་བྱང་ཆུབ་མྱུར་དུ་ཐོབ་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །དེ་ཡི་དགེ་བ་བདག་ལ་མྱུར་སྨིན་ནས། །མེ་ཆུ་དུག་མཚོན་གནོད་སྦྱིན་གཅན་གཟན་གྱིས་གསོད་པ་སོགས་ཚེ་འདིར་དུས་མིན་འཆི་བ་བཅོ་བརྒྱད་ཞི། །ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན། །ཆོས་མཐུན་གྱི་དཔལ་འབྱོར་འཛད་མེད་དབྱར་གྱི་གངྒཱ་ལྟར། །བདུད་དགྲའི་འཚེ་བ་མེད་ཅིང་དམ་ཆོས་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ། །མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག། །།དེ་རྒྱུ་གསུམ་པ་སོང༌། ༈ ད་ནི་རྒྱུ་བཞི་པ་བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ་བ་དང་སྨོན་ལམ་འདེབས་པ་ནི། བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །སྤྲུལ་པའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །ཏེ་བར་དོའི་སྣང་བ་མེད་པར་མདུན་དུ་མངོན་སུམ་འབྱོན་པར་ཤོག །དེ་མཐོང་ཡིད་དགའ་སྣང་བ་སྐྱིད། །ཤི་བའི་སྡུག་བསྔལ་མེད་པར་ཤོག །བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ནི། །རྫུ་འཕྲུལ་སྟོབས་ཀྱིས་རང་འཆི་བའི་ཚེ་མདུན་གྱི་ནམ་མཁར་བྱོན། །བདེ་བ་ཅན་དུ་འགྲོ་བ་ཡི། །ལམ་སྟོན་ལམ་སྣ་འདྲེན་པར་ཤོག །དེ་དུས་ནོར་རྫས་དང་མཛའ་བཤེས་ལ་ཆགས་ན་ཕྱིར་ལྟུང་ཡོང་བས་ཆགས་མི་ཉན་པ་ནི་ངན་སོང་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ལ་སྐྲག་སེམས་སྐྱེ་བར་ཤོག །ཐོག་མ་མེད་ནས་ད་ལྟའི་བར། །འཁོར་བ་འདི་ན་ཡུན་རེ་རིང༌། །ད་ནི་དེ་ལ་སྐྱོ་བ་སྐྱེ་བར་ཤོག །གལ་ཏེ་མི་ནས་མི་རུ་སྐྱེ་བ་ལེན་ཆོག་མོད་ཀྱིས་ཀྱང༌། །སྐྱེ་རྒ་ན་འཆི་གྲངས་མེད་མྱོང༌། །དུས་ངན་སྙིགས་མར་བར་ཆད་མང༌། །མི་དང་ལྷ་ཡི་བདེ་སྐྱིད་འདི། །དུག་དང་འདྲེས་པའི་ཟས་བཞིན་དུ། །འདོད་པ་སྤུ་ཙམ་མེད་པར་ཤོག །ད་ལྟའི་ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཆགས་ཞེན་སྤུ་ཙམ་མེད་པར་ཤོག །ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར། །བདེན་པར་མ་གྲུབ་ཤེས་པར་ཤོག །འཆི་བ་དེའི་དུས་སུ་ཐར་མེད་འཁོར་བའི་རྒྱ་མཚོ་ནས། །ཉེས་ཆེན་བཙོན་ནས་ཐར་བ་བཞིན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཕྱི་ལྟས་མེད་པར་འབྲོས་པར་ཤོག །ཆགས་ཞེན་འཁྲི་བ་ཀུན་བཅད་ནས། །བྱ་རྒོད་རྙི་ནས་ཐར་བ་བཞིན། །ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །འཇིག་རྟེན་ཁམས་ནི་གྲངས་མེད་པ། །སྐད་ཅིག་ཡུད་ལ་བགྲོད་བྱས་ནས། །བདེ་བ་ཅན་དུ་ཕྱིན་པར་ཤོག །བདེ་བ་ཅན་དེར་བར་ཆད་མེད་པར་ཕྱིན་ཐུབ་ནས་དེ་རུ་སངས་རྒྱས་འོད་དཔག་མེད། །མངོན་སུམ་བཞུགས་པའི་ཞལ་མཐོང་ནས། །སྒྲིབ་པ་ཐམས་ཅད་དག་པར་ཤོག །སྒོང་སྐྱེས། མངལ་སྐྱེས། དྲོད་གཤེར་སྐྱེས། བརྫུས་སྐྱེས་ཏེ་སྐྱེས་ནས་བཞི་ཡི་མཆོག་གྱུར་པ། །མེ་ཏོག་པདྨོའི་སྙིང་པོ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །སྐད་ཅིག་ཉིད་ལ་ལུས་རྫོགས་ནས། །མཚན་དཔེ་ལྡན་པའི་ལུས་ཐོབ་ཤོག །ད་ལྟ་བདེ་བ་ཅན་ན་མི་སྐྱེ་སྙམ་ནས་དོགས་པའི་ཐེ་ཚོམ་གྱིས། །ལོ་གྲངས་ལྔ་བརྒྱའི་བར་དག་ཏུ། །ནང་དེར་བདེ་སྐྱིད་ལོངས་སྤྱོད་ལྡན། །སངས་རྒྱས་གསུང་ནི་ཐོས་ན་ཡང༌། །མེ་ཏོག་ཁ་ནི་མི་བྱེ་བས། །སངས་རྒྱས་ཞལ་མཇལ་ཕྱི་བའི་སྐྱོན། །དེ་འདྲ་བདག་ལ་མི་འབྱུང་ཤོག །མེ་ཏོག་ནང་དུ་སྐྱེས་མ་ཐག་ཏུ་འཕགས་པ་མིན་ཀྱང་སངས་རྒྱས་ཀྱི་གསུང་ལ་བརྟེན་ནས་དེ་ཉིད་བུ་འཕགས་པའི་ཡེ་ཤེས་ཐོབ་པའི་ཕྱིར། སྐྱེས་མ་ཐག་ཏུ་མེ་ཏོག་བྱེ། །འོད་དཔག་མེད་ཀྱི་ཞལ་མཐོང་ཤོག །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །རང་གི་ལག་པའི་མཐིལ་ནས་མཆོད་པའི་སྤྲིན། །བསམ་མི་ཁྱབ་པར་སྤྲོས་བྱས་ནས། །སངས་རྒྱས་འཁོར་བཅས་མཆོད་པར་ཤོག །དེ་ཚེ་དེ་བཞིན་གཤེགས་པ་དེས། །ཕྱག་གཡས་བརྐྱངས་ནས་རང་གི་མགོ་ལ་བཞག །ཏེ་ཁྱོད་མ་འོངས་པ་ན་རྫོགས་པའི་བྱང་ཆུབ་ཐོབ་ཅེས་ལུང་བསྟན་ཐོབ་པར་ཤོག །ཟབ་པ་ལྟ་བ་དང་རྒྱ་ཆེ་སྤྱོད་པའི་ཆོས་ཐོས་ནས། །རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །རྒྱལ་སྲས་ཐུ་བོ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་རྣམ་གཉིས་ཀྱིས། །བྱིན་གྱིས་བརླབས་ཤིང་རྗེས་བཟུང་ཤོག །ཉིན་རེ་བཞིན་དུ་ཕྱོགས་བཅུ་ཡི་ཞིང་ནས། །སངས་རྒྱས་བྱང་སེམས་དཔག་མེད་པ། །འོད་དཔག་མེད་པ་མཆོད་པ་དང༌། །ཞིང་དེར་བལྟ་ཕྱིར་འབྱོན་ཡོད་པའི་ཚེ། །དེ་དག་ཀུན་ལ་རང་གིས་བསྙེན་བཀུར་ཞིང༌། །ཆོས་ཀྱི་བདུད་རྩི་ཐོབ་པར་ཤོག །བདེ་བ་ཅན་ན་སྐྱེ་ཐུབ་ན་རང་ཡང་རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །ཤར་ཕྱོགས་མངོན་དགའི་ཞིང་དང་ལྷོ་ཕྱོགས་དཔལ་ལྡན་ཞིང༌། །བྱང་ཕྱོགས་ལས་རབ་རྫོགས་དང་དབུས་ཕྱོགས་སྟུག་པོ་བཀོད། །སྔ་དྲོ་སྦྱ་སྐད་འབྱིན་པ་དང་མེ་ཏོག་ཆར་ཆེན་རླུང་གིས་འབེབས་པའི་ཚེ་དེ་དག་རྣམས་སུ་རང་ཉིད་འགྲོ་སྟེ། །མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ། །རྣམ་སྣང་ལ་སོགས་ཞིང་དེ་དག་གི་སངས་རྒྱས་ལ། །དབང་དང་བྱིན་རླབས་སྡོམ་པ་ཞུ། །མཆོད་པ་དུས་མས་མཆོད་བྱས་ནས། །དགོང་མོ་བྱ་སྐད་མི་འབྱིན་པ་དང་མེ་ཏོག་ཆར་པ་སྙིང་པར་གྱུར་པའི་ཚེ་བདེ་བ་ཅན་ཉིད་དུ། །དཀའ་ཚེགས་མེད་པར་སླེབ་པར་ཤོག །ལྷོ་པོ་ཊ་ལ་དང་བྱང་ལྕང་ལོ་ཅན། །ལྷོ་ནུབ་རྔ་ཡབ་གླིང་དང་ནུབ་ཕྱོགས་ཨུ་རྒྱན་ཡུལ། །སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱར། །ཞིང་དེ་དག་ཏུ་བཞུགས་པའི་སྤྱན་རས་གཟིགས་དང་སྒྲོལ་མ་དང༌། །ཕྱག་རྡོར་པད་འབྱུང་བྱེ་བ་བརྒྱ། །མཇལ་ཞིང་མཆོད་པ་རྒྱ་མཚོས་མཆོད། །དབང་དང་གདམས་ངག་ཟབ་མོ་ཞུ། །སྟེ་སླར་ཡང་མྱུར་དུ་རང་གནས་བདེ་ཆེན་ཞིང༌། །ཐོགས་པ་མེད་པར་ཕྱིན་པར་ཤོག །རང་བདེ་བ་ཅན་ན་སྐྱེ་ཐུབ་དུས་ནི་སྔོན་མིའི་ཡུལ་དུ་ལུས་འགྲོ་རྒྱུའི་ཤུལ་གྱི་ཉེ་དུ་གྲྭ་སློབ་སོགས། །རང་གི་ལྷ་ཡི་མིག་གིས་གསལ་བར་མཐོང༌། །སྟེ་དེ་དག་ལ་སྲུང་སྐྱོབ་བྱིན་གྱིས་རློབ་བྱེད་ཅིང༌། །འཆི་དུས་ཞིང་དེར་ཁྲིད་པར་ཤོག །ད་ལྟ་བསྐལ་བཟང་འདི་ཡི་བསྐལ་པ་ཆེན་པོའི་ཡུན་དེ་ཡང་། །བདེ་བ་ཅན་གྱི་ཞག་གཅིག་སྟེ། །རང་བསྐལ་པ་གྲངས་མེད་པ་འཆི་བ་ནི་མེད། །པར་རྟག་ཏུ་ཞིང་དེ་འཛིན་པར་ཤོག །ད་ལྟ་འཇིག་རྟེན་འདིའི་བསྐལ་བཟང་སངས་རྒྱས་རིམ་པར་བྱོན་ཡོང་རྒྱུ་ཡོད་པའི་བྱམས་པ་ནས་བཟུང་མོས་པའི་བར། །བསྐལ་བཟང་འདི་ཡི་སངས་རྒྱས་རྣམས། །འཇིག་རྟེན་འདི་ན་ནམ་འབྱོན་ཚེ། །རང་བདེ་བ་ཅན་ནས་རྫུ་འཕྲུལ་སྟོབས་ཀྱིས་འདིར་འོངས་ནས། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན། །སླར་ཡང་བདེ་ཆེན་ཞིང་ཁམས་སུ། །ཐོགས་པ་མེད་པར་འགྲོ་བར་ཤོག། །།བདེ་བ་ཅན་དུ་སྐྱེ་ཐུབ་ན་ཞིང་ཁམས་ཐམས་ཅད་དུ་སྐྱེ་ཐུབ་པ་དང་འདྲ་བས་ན་ཞིང་གཞན་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་ཀུན་གྱི། །ཡོན་ཏན་བཀོད་པ་ཐམས་ཅད་གཅིག་ཏུ་བསྡོམས་པ་ལྟ་བུ་བདེ་བ་ཅན་ནི། །ཞིང་ཁམས་ཀུན་ལས་ཁྱད་འཕགས་བླ་ན་མེད། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །ད་ཕན་ཆད་ཞིང་དེར་སྐྱེ་ཐུབ་ན་རང་གིས་ཡོན་ཏན་ཐོབ་ཚུལ་སོང༌། ད་ཞིང་དེའི་ཡོན་ཏན་བཀོད་པ་བཤད་པ་ནི། རིན་ཆེན་སྣ་ཚོགས་ཀྱི་ས་གཞི་ཁོད་སྙོམས་ལག་མཐིལ་ལྟར། །ཡངས་ཤིང་རྒྱ་ཆེ་གསལ་ཞིང་འོད་ཟེར་འབར། །མནན་ན་སོར་བཞི་རེ་ཙམ་ནིང་ནེམ་ཞིང་འགྱུར་བཏེགས་ན་འཕར་བ་ལྟར་བྱེད་པ། །བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་དུ་མ་ལས་གྲུབ་དཔག་བསམ་ཤིང༌། །ལོ་མ་ནི་དར་ཟབ་འབྲས་བུ་ནི་རིན་ཆེན་བརྒྱན། །དེ་སྟེང་སྤྲུལ་པའི་བྱ་ཚོགས་རིན་ཆེན་སྣ་ཚོགས་ཀྱི་མདོག་མཛེས་ཤིང་ཡིད་འཕྲོག་པའི་སྐད་སྙན་སྒྲས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་རྣམས་སྒྲོག །ངོ་མཚར་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །འབབ་ཆུ་ཐམས་ཅད་ནི་སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མང༌། །དེ་བཞིན་དུ་འཁྱིལ་ཆ་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་རྣམས། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །དེའི་ནང་དུ་མེ་ཏོག་པདྨ་དྲི་ཞིམ་འབྲས་བུར་ལྡན། །པདྨའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ། །འོད་ཟེར་རྩེ་ལ་སྤྲུལ་པའི་སངས་རྒྱས་བརྒྱན། །ཡ་མཚན་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །ཞིང་དེ་ན་ཆོས་སྒྲུབ་པ་ལ་མི་ཁོམ་པའི་གནས་དམྱལ་བ་སོགས་བརྒྱད་དང་ངན་སོང་སྒྲ་ཡང་མི་གྲགས་བཙལ་ཀྱང་མི་རྙེད་དོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ང་རྒྱལ་ཕྲག་དོག་གཉིས་དང་ཉོན་མོངས་དུག་ལྔ་དུག་གསུམ་ནད་རིགས་བཞི་བརྒྱ་རྩ་བཞི་དང་གདོན། །དགྲ་དང་དབུལ་ཕོངས་འཐབ་རྩོད་ལ་སོགས་པ། །སྡུག་བསྔལ་ཐམས་ཅད་ཞིང་དེར་ཐོས་མ་མྱོང༌། །བདེ་བ་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །ཐ་མལ་པའི་བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད། །ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་འཁྲུངས། །ཞིང་དེ་ན་ཡོད་པའི་རང་གཞན་ཐམས་ཅད་སྐུ་ལུས་ཁྱད་མེད་གསེར་གྱི་མདོག །དབུ་ལ་གཙུག་ཏོར་ལ་སོགས་མཚན་དཔེས་བརྒྱན། །ལྷའི་མིག་གི་མངོན་ཤེས། རྣ་བའི་མངོན་ཤེས། རྫུ་འཕྲུལ་གྱི་མངོན་ཤེས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས་ཏེ། མངོན་ཤེས་ལྔ་དང་ཤའི་སྤྱན། ལྷའི་སྤྱན། ཆོས་ཀྱི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན་གྱི་རིགས་ཏེ་སྤྱན་ལྔ་ཀུན་ལ་མངའ། །ཡོན་ཏན་དཔག་མེད་ཞིང་དེར་སྐྱེ་བར་ཤོག །ཞིང་དེ་ན་གནས་ཁང་ཐམས་ཅད་ནི་རང་བྱུང་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང༌། །ཅི་འདོད་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང༌། །རྩོལ་སྒྲུབ་མི་དགོས་དགོས་འདོད་ལྷུན་གྱིས་གྲུབ། །ང་ཁྱོད་མེད་ཅིང་བདག་ཏུ་འཛིན་པ་མེད། །གང་འདོད་མཆོད་སྤྲིན་ལག་པའི་མཐིལ་ནས་འབྱུང༌། །ཐམས་ཅད་བླ་མེད་ཐེག་ཆེན་ཆོས་ལ་སྤྱོད། །བདེ་སྐྱིད་ཀུན་འབྱུང་ཞིང་དེར་སྐྱེ་བར་ཤོག །ཡང་སྐབས་སྐབས་སུ་དྲི་ཞིམ་རླུང་གིས་མེ་ཏོག་ཆར་ཆེན་འབེབས། །ཤིང་དང་པདྨོ་ཆུ་ཀླུང་ཐམས་ཅད་ལས། །དུས་དུས་སུ་ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་རེག །ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་རྟག་ཏུ་འབྱུང༌། །བུད་མེད་མེད་ཀྱང་སྤྲུལ་པའི་ལྷ་མོའི་ཚོགས། །མཆོད་པའི་ལྷ་མོ་དུ་མས་རང་གཞན་རྣམས་ལ་རྟག་ཏུ་མཆོད། །རང་ཉིད་འདུག་པར་འདོད་ཚེ་ནི་རིན་ཆེན་གཞལ་ཡས་ཁང༌། །ཉལ་བར་འདོད་ཚེ་ནི་རིན་ཆེན་ཁྲི་བཟང་སྟེང༌། །དར་ཟབ་དུ་མའི་མལ་སྟན་སྔས་མགོ་དང་བཅས་པ། །བྱ་དང་ལྗོན་ཤིང་ཆུ་ཀླུང་རོལ་མོ་སོགས། །ཐོས་པར་འདོད་ཚེ་ནི་སྙན་པའི་ཆོས་སྒྲ་སྒྲོགས། །ཉལ་བ་དང་ཏིང་ངེ་འཛིན་སྒོམ་པ་ལྟ་བུ་ཐོས་པར་མི་འདོད་ཚེ་ན་ནི་རྣ་བར་སྒྲ་ཙམ་ཡང་མི་གྲགས། །བདུད་རྩིའི་རྫིང་བུ་ཆུ་ཀླུང་དེ་རྣམས་ཀྱང༌། །དྲོ་གྲང་གང་འདོད་དེ་ལ་དེ་ལྟར་འབྱུང༌། །ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག །འོ་ན་འོད་དཔག་མེད་ཇི་ཙམ་བཞུགས་སྙམ་ན་ཞིང་དེར་རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསྐལ་པ་གྲངས་མེད་མྱ་ངན་མི་འདའ་བཞུགས། །དེ་སྲིད་དེ་ཡི་ཞབས་འབྲིང་བྲན་གཡོག་བྱེད་པར་ཤོག །མཐར་ནམ་ཞིག་འོད་དཔག་མེད་དེ་སྐུ་མྱ་ངན་ལས་འདས་ནས་ཞི་བར་གཤེགས་ཏེ། །བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད། །གཉིས་ཀྱི་བར་དུ་བསྟན་པ་མི་ནུབ་པར་གནས་པའི་ཚེ། །འོད་དཔག་མེད་དེའི་རྒྱལ་ཚབ་སྤྱན་རས་གཟིགས་དང་མི་འབྲལ་ཞིང༌། །དེ་ཡི་ཡུན་ལ་རང་གིས་དམ་ཆོས་འཛིན་པར་ཤོག །དེ་ནས་འོད་དཔག་མེད་ཀྱི་བསྟན་པ་ཕར་ནུབ་འགྲོ་བའི་ནུབ་མོ་ལྟ་བུ་སྲོད་ལ་དམ་ཆོས་ནུབ་པ་དང་སྤྱན་རས་གཟིགས་ཀྱི་བསྟན་པ་ཚུར་དར་བའི་སྐྱ་རེངས་ཤར་བའི་ཐོ་རངས་ལྟ་བུ་ལ། །སྤྱན་རས་གཟིགས་དེ་མངོན་པར་སངས་རྒྱས་པའི་ཚུལ་མཛད་ནས། །དེའི་མཚན་ནི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་ཡི། །དཔལ་བརྩེགས་རྒྱལ་པོ་ཞེས་བྱར་སྤྱན་རས་གཟིགས་དེ་གྱུར་པའི་ཚེ། །དེའི་ཞལ་ལྟ་སྟེའི་རིམ་གྲོ་བྱེད་པས་མཆོད་ཅིང་དམ་ཆོས་ཉན་པར་ཤོག །སངས་རྒྱས་དཔལ་བརྩེགས་རྒྱལ་པོའི་སྐུ་ཚེ་བསྐལ་པ་བྱེ་བ་ཁྲག་ཁྲིག་ནི། །འབུམ་ཕྲག་དགུ་བཅུ་རྩ་དྲུག་བཞུགས་པའི་ཚེ། །རྟག་ཏུ་རང་གིས་དེའི་མཆོད་པའི་བྲན་གཡོག་ལྟ་བུའི་ཞབས་འབྲིང་བསྙེན་བཀུར་བྱེད་པ་དང༌། །མི་བརྗེད་གཟུངས་ཀྱིས་དམ་ཆོས་འཛིན་པར་ཤོག །གང་སངས་རྒྱས་དཔལ་བརྩེགས་དེ་སྐུ་མྱ་ངན་འདས་ནས་དེ་ཡི་བསྟན་པ་ནི། །བསྐལ་པ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག །འབུམ་ཕྲག་གསུམ་གནས་པ་དེའི་ཚེ་བདག་གིས་དེའི་དམ་ཆོས་འཛིན་ཅིང༌། །ཡང་དེའི་རྒྱལ་ཚབ་སེམས་དཔའ་མཐུ་ཆེན་ཐོབ་དང་རྟག་ཏུ་བདག་ཅག་མི་འབྲལ་ཤོག །དེ་ནས་སེམས་དཔའ་མཐུ་ཆེན་ཐོབ་དེས་སངས་རྒྱས་ནས། །སངས་རྒྱས་དེའི་མིང་ནི་དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ནི། །ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བར་གྱུར། །པའི་སྐུ་ཚེ་བསྟན་པ་སྤྱན་རས་གཟིགས་དང་མཉམ། །བདག་ཅག་རྣམས་ཀྱང་སངས་རྒྱས་དེ་ཡི་རྟག་ཏུ་ཞབས་འབྲིང་བྱེད། །མཆོད་པས་མཆོད་ཅིང་དམ་ཆོས་ཀུན་འཛིན་ཤོག །དེ་དག་གི་མཚམས་ནས་བདག་གི་ཚེ་དེ་བརྗེས་མ་ཐག །ཞིང་ཁམས་དེའམ་དག་པའི་ཞིང་གཞན་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །རྫོགས་སངས་རྒྱས་ནས་ཚེ་དཔག་མེད་པ་ལྟར། །བདག་གི་མཚན་ཐོས་ཙམ་གྱིས་སྡུག་བསྔལ་སྨིན་ཅིང་གྲོལ། །སྤྲུལ་པ་གྲངས་མེད་འགྲོ་བ་འདྲེན་པ་སོགས། །འབད་མེད་ལྷུན་གྲུབ་འགྲོ་དོན་དཔག་མེད་ཤོག །སླར་ཡང་བླ་མ་འོད་དཔག་མེད་འཁོར་བཅས་ལ་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་ནི་དེ་བཞིན་གཤེགས་པའི་ཚེ་དཔག་མེད་དང་བསོད་ནམས་དཔག་མེད་དང༌། །ཡོན་ཏན་དང་ཡེ་ཤེས་དཔག་མེད་གཟི་བརྗིད་ཚད་མེད་པས། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །གང་ཞིག་ཁྱེད་ཀྱི་མཚན་ནི་གང་ཟག་སུས་འཛིན་པ། །སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ། །མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས། །འཇིགས་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས། །བདག་ནི་ཁྱེད་ཀྱི་མཚན་འཛིན་ཕྱག་འཚལ་བས། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་མཛད་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སྨོན་ལམ་གྲུབ་པའི་བདེན་ཚིག་བརྗོད་པ་ནི། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩ་ནྡྲི་ཡ་ཨཱ་ཝ་བོ་དྷ་ནཱ་ཡེ་སྭཱ་ཧཱ། སྨོན་ལམ་འགྲུབ་པའི་གཟུངས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲི་ཡེ་ལ་སྭཱཧཱ་ཐ་མའི་གསལ་བྱེད་ཡིན་པ་ཡང་སྦྱར་ན། དོན་གྱི་ལུས་ཀྱི་ཕྱག་འཚལ་ལོ་ལུས་ལ་འཇམ་པའི་དཔལ་གྱི་གཞི་ཚུགས་ཤིག །ན་མོ་སུ་ཤྲི་ཡེ་ནི་ཕྱག་འཚལ་ལོ་ངག་ལ་བདེ་བའི་དཔལ་གྱི་གཞི་ཚུགས་ཤིག །ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ཞེས་པ་ནི་ཕྱག་འཚལ་ལོ་ཡིད་ལ་བླ་མའི་དཔལ་གྱི་གཞི་ཚུགས་ཤིག །ཅེས་པའི་དོན་ཅན་གྱི་སྔགས་འདི་བརྗོད་ནས་ཕྱག་གསུམ་འཚལ་ན་འབུམ་ཐེར་དུ་འགྱུར་བར་གསུངས་སོ། །དེས་ན་རབ་ཕྱག་བརྒྱ་ཕྲག །འབྲིང་ཅི་ནུས། ཐ་མ་ཡང་ཕྱག་བདུན་ཡན་འཚལ། རབ་བདེ་སྨོན་འདི་མ་ཆགས་པ། འབྲིང་ལོ་ཟླ་ཙམ་མ་ཆགས་པ། ཐ་མ་ནམ་སྐབས་སུ་ཁ་ནུབ་ཏུ་གྱུར་ནས་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་དྲན་ཅིང་འོད་དཔག་མེད་ལ་ཐལ་མོ་སྦྱར་ཏེ་དད་པ་རྩེ་གཅིག་གིས་བཏོན་ན་ཚེ་འདིར་ཚེ་ཡི་བར་ཆད་སེལ། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་དེ། འོད་མདོ་ཞིང་བཀོད་མདོ་དང༌། །པདྨ་དཀར་པོ་འཆི་མེད་རྔ་སྒྲ་སོགས་ཀྱི་དགོངས་པ་ཡིན། །ཞེས་དགེ་སློང་ར་ག་ཨ་སྱས་སྦྱར་བས་འགྲོ་བ་སེམས་ཅན་མང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག། །ཞེས་མཇུག་ཡོངས་སུ་རྫོགས་པར་མཛད་དོ། །མཐར་དེ་ཐམས་ཅད་མི་དམིགས་པར་བཞག་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱ། དུས་རྒྱུན་དུ་ཞིང་སྦྱོང་དང་འབྲེལ་བས་ཞིང་ཁམས་ཀྱི་དག་སྣང་སྦྱོང་བ་གལ་ཆེའོ། ༈ །སླར་སྨོན་པ། པདྨའི་རྒྱལ་ཚབ་གང་དེའི་ལེགས་གསུང་ཆོས། །པདྨོ་བཀོད་པའི་ཞིང་དུ་སྨོན་པའི་ལམ། །པདྨའི་མཚན་གྱིས་གསལ་པོར་གྱིས་པ་འདིས། །འགྲོ་ཀུན་པདྨའི་རིགས་སུ་གྲོལ་བར་ཤོག །ཅེས་པ་འདིའང་ཞིང་ཀྱི་ཆོ་ག་གཉིས་པོ། བླ་མ་པད་ཚེ་དང་དགེ་གྲ་བློ་བཟང་དཀོན་མཆོག་གི་གསུངས་བསྐུལ་དང་འབྲེལ་གྲོ་བཟའ་བཀྲ་ཤིས་ཚེ་སྐྱིད་ནས་སྤར་གྱི་མཐུན་རྐྱེན་བཅས་འཛོམས་སྐབས། ཆོས་འཆད་ཉན་སོགས་བྱ་བ་གཞན་གྱིས་བྲེལ་ཡང༌། ལྷག་པའི་བསམ་པ་རྣམ་པར་སྡོམ་བུ་པ་པདྨ་རྣམ་རྒྱལ་གྱིས་བྲིས་པ་དགེ་ལེགས་འཕེལ། སླར་ཡང་སྨོན་པ། བདེ་ཆེན་ཞིང་གི་ཆོ་ག་སྨོན་ལམ་བཅས། །གྲོ་བཟའ་བཀྲ་ཤིས་ཚེ་ཡི་མིང་ཅན་ནས། །འཛད་མེད་ཆོས་ཀྱི་ས་བོན་ཐེབས་པ་འདིས། །འབྲེལ་ཚད་བདེ་ཞིང་ཞིང་ཁམས་བགྲོད་པར་ཤོག །ཅེས་པའང་པར་བྱང་སྨོན་ཚིག་ཏུ་པདྨ་མིང་གིས་ཟུར་མང་ཆོས་གྲྭར་སྨོན་པ་དགེ་ལེགས་འཕེལ་ལོ།། །།