Jump to content

བདེ་འགྲོ་

ཡོང་ཁུངས་Wikipedia

བདེ་འགྲོ་ཞེས་པ་ནི་ནང་པའི་གཞུང་ལུགས་ནང་དུ་འགྲོ་བ་དྲུག་གི་ནང་གསེས་བདེ་བ་དང་ལྡན་པའི་སྐྱེ་གནས་དཔྱད་གཞིའི་ནང་གསལ་བའི་ལྷ་མིིའི་སྐྱེ་གནས་རྣམས་ལ་གོ་དགོས།

སྒྲ་བཤད།

[རྩོམ་སྒྲིག]

བདེ་བ་ཞེས་པ་ནི་སྡུག་བསྔལ་དང་མི་མཐུན་པའི་བདེ་བ་ལ་གོ་ཞིང་འགྲོ་ཞེས་པ་ནི་སྲིད་པ་གཞན་དུ་སྐྱེ་བ་ལ་གོ་བས་བདེ་བ་དང་ལྡན་པའི་སྐྱེ་གནས་སམ་འཇིག་རྟེན་ལ་བདེ་འགྲོ་ཞེས་ཟེར་རོ། །

མཚན་ཉིད།

[རྩོམ་སྒྲིག]

འགྲོ་བ་དྲུག་གི་ནང་གསེས་བདེ་བ་དང་ལྡན་པའི་སྐྱེ་གནས་རྣམས་ལ་གོ་སྟེ། ཐ་མལ་དུ་ལྷ་དང་མིའི་འཇིག་རྟེན་གཉིས་ལ་ཟེར་ཏེ། "བླ་ན་མེད་པ་ནི་གང་ལས་བླ་མ་སྟེ་གོང་ན་མེད་པ་དེ་ནི་བླ་ན་མེད་པའོ། བདེ་བ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཐུན་མོང་མ་ཡིན་པའོ། །"[]ཞེས་འགྲེལ་བཤད་གནང་འདུག བླ་ན་མེད་པའི་བདེ་བ་ཞེས་པ་སངས་རྒྱས་ཀྱི་བདེ་བའམ་ཐར་པའི་བདེ་བ་ལ་ཟེར་ཞིང་། གནས་སྐབས་ཀྱི་བདེ་བ་ནི་ལྷ་དང་མིའི་འཇིག་རྟེན་གྱི་བདེ་བ་ལ་གོ་དགོས་པའོ། །

ནང་དོན།

[རྩོམ་སྒྲིག]

བདེ་འགྲོ་ཐོབ་པའི་རྒྱུ་རྐྱེན། བདེ་འགྲོ་ཐོབ་པའི་རྒྱུ་གཙོ་བོ་ནི་དགེ་བའི་ལས་ལ་ཡིན་ཏེ། "བདེ་འགྲོའི་རྒྱུ་ནི་དགེ་བ་ཉིད་ཡིན་ན། དེ་མེད་པར་བདེ་འགྲོ་ག་ལས་འབྱུང་སྙམ་དུ་དགོངས་པ་ཡིན་ནོ། །"[]ཞེས་བཤད་པ་འདིའི་དོན་ནི། དགེ་བའི་ལས་མེད་ན་བདེ་འགྲོ་ཐོབ་ཐབས་གཞན་གང་ཡང་མེད་པས། དགེ་བ་ལ་བརྟེན་ནས་གཙོ་བོར་ཐོབ་པ་ཡིན་ཞེས་པའོ། །ཡང་"རེས་འགའ་བསྙེན་གནས་ཡན་ལག་བརྒྱད་བསྲུང་བ་ལ་སོགས་པས་དགེ་བ་ཅུང་ཟད་རེ་བསྒྲུབ་པའི་དབང་གིས་བདེ་འགྲོ་སྟེ་མཐོ་རིས་ཀྱི་འཇིག་རྟེན་རྣམ་པ་མང་པོ་དག་ཏུ་ཡང་དང་ཡང་དུ་འོངས་ཏེ་"[]ཞེས་པས་བསྙེན་གནས་སམ་སོ་ཐར་ལྟ་བུའི་སྡོམ་པ་ཚེས་གཅིག་ཙམ་ཞུས་པའི་ཆོས་སྤྱོད་བྱས་པ་ཙམ་གྱིས་ཀྱང་། རིམ་པས་བདེ་འགྲོ་མཐོ་རིས་ཀྱི་གོ་འཕང་ལ་ཡང་དང་ཡང་དུ་སྐྱེས་ནས་ཡིད་དུ་འོང་བའི་བདེ་བ་མྱོང་ནུས། འདི་ནི་ཆོས་སྤྱོད་ཀྱི་སྟོབས་ནི་ངོ་མཚར་དུ་གྱུར་པའོ། །

བདེ་འགྲོའི་རང་བཞིན།

[རྩོམ་སྒྲིག]

བདེ་འགྲོ་ནི་སྐྱེ་བ་ནས་མི་རྟག་པའི་ཆོས་ཅན་ཡིན་ཏེ། ཚེ་ཕྱི་མར་འགྱུར་བ་འགྲོ་ངེས་ཏེ། "མིར་སྐྱེས་ན་ཡང་རིགས་དང་གཟུགས་ངན་པ་དང་། ཤེས་པ་གླེན་པར་སྐྱེ་བར་འགྱུར་རོ། །"[] ཞེས་གསུངས་པ་ལྟར་བདེ་འགྲོ་ཐོབ་ཀྱང་ཡོན་ཏན་ངན་པར་སྐྱེ་ཡུལ་ཡོད། ད་ལྟ་བདེ་འགྲོ་ཐོབ་ཀྱང་ཚེ་ཕྱི་མར་མིའི་རིགས་ངན་པ་དང་གཟུགས་ལུས་བཟང་པོ་མིན་པ། བློ་རྨོངས་པ་རུ་སྐྱེ་ཡུལ་ཡོད་ཅེས་པའི་དོན་ནོ། །བདེ་འགྲོའི་ཉེས་དམིགས། བདེ་འགྲོ་ནི་འདོད་པའི་ཡོན་ཏན་དང་བཅས་པ་ཡིན་པས་སྡིག་པ་སྒྲུབ་པའི་རྐྱེན་དུ་འགྱུར་ངེས། "འདོད་པའི་ཡོན་ཏན་གྱི་བདེ་བ་མང་པོ་ལ་ལོངས་སྤྱད་སྤྱད་ནས་གནས་པར་བྱས་ཀྱང་དེར་དགེ་བ་ནི་མ་འགྲུབ་ལ་སྡིག་པ་ནི་མང་པོ་བྱས་པའི་འབྲས་བུ་ཤི་འཕོས་ནས་དམྱལ་བ་ལ་སོགས་པའི་ངན་སོང་གསུམ་གྱི་སྡུག་བསྔལ་ནི་དུས་ཡུན་རིང་ཞིང་ཤིན་ཏུ་མི་བཟད་པ་བཟོད་པར་དཀའ་བ་མྱོང་བ་རྣམས་སུ་ལྟུང་བར་འགྱུར་ཞིང་"[]ཞེས་པས་བདེ་འགྲོར་སྐྱེས་རྗེས་འདོད་ཡོན་ལ་ལོངས་སུ་སྤྱད་ཅིང་གནས་སྐབས་སུ་ལོངས་སྤྱོད་ཀྱི་བདེ་བ་ལ་ཞེན་ནས། དགེ་བ་ཆུང་ངུ་བྱེད་ཀྱང་སྡིག་པ་མང་པོ་བསགས་པས་ཚེ་ཕྱི་མར་ངན་སོང་གསུམ་དུ་ལྟུང་ནས་ཡུན་རིང་པོ་སྡུག་བསྔལ་མི་བཟད་པ་མྱོང་དགོས་པ་ཡིན་ཞེས་པའོ། །

བདེ་འགྲོ་ཐོབ་དཀའ་བ།

[རྩོམ་སྒྲིག]

མི་ལུས་ཐོབ་པ་ནི་ཤིན་ཏུ་དཀའ་ཞིང་། "རྒྱ་མཚོ་ཆེན་པོའི་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་པ་དེ་རྙེད་པར་སླ་བ་ཡིན་ནམ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་དུ་མི་ཉིད་ཤིན་ཏུ་ཐོབ་པར་དཀའ་བ་ཡིན་ནོ། །"[]ཞེས་གསུངས། རྒྱ་མཚོ་ཆེན་པོར་གློག་འགྱུ་བའི་ཤིང་གི་བུ་གར་རུས་སྦལ་ལོང་བས་མགྲིན་པ་བརྒྱབ་པ་ལྟར་རྙེད་དཀའ་ཞེས་པའི་དོན་ནོ། །བདེ་འགྲོ་མི་ཐོབ་པའི་རྒྱུ། "དགེ་བ་མི་བྱེད་པར་སྡིག་པ་བསགས་པ་ལའོ། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། ཞེས་བྱ་བ་ནི་བདེ་འགྲོའི་གྲག་པ་ཙམ་ཡང་སྤངས་པའོ། །"[]ཞེས་པས་སྡིག་པ་སྤོང་པ་དང་དགེ་བ་མ་བྱས་ན་བདེ་འགྲོ་མི་ཐོབ་པར་གསལ་བར་བསྟན། "བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་ལྟ་བུ་སྐད་ཅིག་གཅིག་བྱས་པའི་སྡིག་པས་ཀྱང་བསྐལ་པར་མནར་མེད་པར་གནས་པར་འགྱུར་ན་"[]ཞེས་གསུངས་པ་ལྟར་ལྷག་པར་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་སྐྱེད་ན་གནོད་པ་ཆེ་ཞིང་། འདི་ལྟ་བུའི་ཉེས་བྱས་ཀྱི་སྐྱོན་ཡོད་ན་བདེ་འགྲོ་ཐོབ་པར་དཀའ་བར་གསུངས་སོ། །

བསྡུས་དོན།

[རྩོམ་སྒྲིག]

བདེ་འགྲོ་ཞེས་པ་ནི་འགྲོ་བ་དྲུག་གི་ནང་གསེས་ལྷ་དང་མིའི་འཇིག་རྟེན་ལྟ་བུའི་བདེ་བ་དང་ལྡན་པའི་སྐྱེ་གནས་རྣམས་ལ་གོ དགེ་བའི་ལས་དང་ཆོས་སྤྱོད། དགེ་བའི་བཤེས་གཉེན་གྱི་རྐྱེན་ལ་བརྟེན་ནས་ཐོབ་ནུས་ཀྱང་། མི་རྟག་པ་དང་ཉེས་དམིགས་མང་བ། ལྷག་པར་སྡིག་པ་སྒྲུབ་པའི་རྐྱེན་དུ་འགྱུར་ཉེན་ཡོད་ཚུལ། དེས་ན་བདེ་འགྲོ་ཐོབ་པར་དཀའ་ཞིང་ཐོབ་ཀྱང་ངེས་པ་མེད་པས། ཚུལ་ཁྲིམས་བསྲུང་བ་དང་དགེ་བ་བསྒྲུབ་པ་ལ་འབད་དགོས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  4. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  6. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  7. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས།
  8. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།