བདེ་མང་
བདེ་མང་ཞེས་པ་ནི་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་འཇུག་པའི་གཞུང་རྣམས་སུ་ཡང་ཡང་བརྗོད་པའི་ཐ་སྙད་ཅིག་ཡིན་ཏེ། འདིས་བདེ་བ་མང་པོ་འམ་བདེ་བ་བརྒྱ་ཕྲག་མང་པོ་ཞེས་པའི་དོན་མཚོན་པར་བྱེད་དོ། །
མཚན་ཉིད།
[རྩོམ་སྒྲིག]གནས་སྐབས་དང་མཐར་ཐུག་གི་བདེ་བ་མང་པོའམ་བརྒྱ་ཕྲག་མང་པོ་ཞེས་པའི་དོན་ཏོ། །
སྒྲ་བཤད།
[རྩོམ་སྒྲིག]བདེ་བ་མང་པོ་ཞེས་པའི་བསྡུས་ཚིག་སྟེ། བདེ་མང་བརྒྱ་ཕྲག་ཅེས་པ་དང་བདེ་བ་མང་པོ་བརྒྱ་ཕྲག་ཅེས་པའི་ཚུལ་དུ་འབྱུང་བ་ལྟར་རོ། །
ནང་དོན།
[རྩོམ་སྒྲིག]"མངོན་མཐོ་དང་ངེས་ལེགས་ཀྱི་བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་ཐབས་མཆོག་ཏུ་གྱུར་པ་གཞན་མེད་པས་བྱང་ཆུབ་ཀྱི་སེམས་ཉིད་བསྐྱེད་པར་བྱ་"[༡]ཞེས་དང་གཞན་ཡང་།
"རང་གཞན་ཐམས་ཅད་བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་བར་མི་བྱ་སྟེ། དེས་དོན་དེ་དག་འགྲུབ་པར་ངེས་པའི་ཕྱིར་རོ། །"[༢]ཞེས་གསུངས་པ་དེ་བཞིན་ནོ། །"སེམས་ཅན་མི་བདེ་བསལ་བར་འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ། །ཞེས་གསུངས་ཏེ། འཁོར་བའི་བདེ་འབྲས་ཐམས་ཅད་བསྐལ་བ་བྱེ་བར་མྱོང་ཡང་དེས་རྒྱུ་ལ་བྲི་གང་དུ་མི་མངོན་པའི་ཕྱིར།"[༣]ཞེས་གསུངས་པ་དང་། གཞན་ཡང་།
"ལྷ་མིའི་བདེ་བ་སོགས་མངོན་མཐོའི་བདེ་བ་མང་པོ་བརྒྱ་ཕྲག་ལ་ལོངས་སྤྱོད་པར་འདོད་པས་ཀྱང་ཞེས་སམ། ཡང་ནི་རང་གཞན་ཐམས་ཅད་ཀྱིས་ཀྱང་གནས་སྐབས་ལྷ་མིའི་བདེ་བ་དང་མཐར་ཐུག་ངེས་ལེགས་མཆོག་གི་བདེ་བ་ལྟ་བུའི་བདེ་མང་བརྒྱ་ཕྲག་དུ་མ་ལ་སྤྱོད་པར་འདོད་པས་ཀྱང་"[༤]ཞེས་གསུངས་པ་ལྟར་རོ། །བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བརྗོད་སྐབས་རང་གཞན་ཐམས་ཅད་ཀྱིས་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་ཀྱི་བདེ་བ་མང་པོ་ལ་སྤྱོད་པར་འདོད་པའི་དོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པར་བསྟན་པའི་སྐབས་སུ་འབྱུང་བའི་ཐ་སྙད་ཅིག་གོ །
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༡༥
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༡༡
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༩༨
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༤༨