བདེ་བླག་
ནང་དོན།
[རྩོམ་སྒྲིག]བདེ་བླག་ཅེས་པ་ནི་དཀའ་ཚེགས་མེད་པར་དུས་གསུམ་དུ་བདེ་བ་དང་ཕན་པ་ཐོབ་པར་བྱེད་པའི་ཐབས་ལ་གོ་དགོས། བྱང་ཆུབ་ཀྱི་སེམས་ནི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་སྒྲུབ་པའི་ལམ་བདེ་བ་ཡིན་ཞིང་། སྐྲ་འབལ་བ་ལ་སོགས་པའི་དཀའ་སྤྱད་ཆེན་པོ་བྱ་མི་དགོས་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པའི་གཏེར་ཆེན་ཞིག་ཡིན་པར་གསུངས།
བདེ་བླག་ཅེས་པ་ནི་"སྐྲ་འབལ་བ་སོགས་ཀྱི་གདུང་བ་མེད་པར་འཇུག་པས་བདེ་མཆོག་དང་བདེ་བླག་སྟེ།"[༡] ཞེས་པས་ཤིན་ཏུ་བདེ་ཞིང་དཀའ་སྤྱད་མེད་པར་ཆོས་ཀྱི་དགེ་བ་ལ་འཇུག་ཐུབ་པའི་ཚུལ་བསྟན་ཡོད།
བདེ་བླག་ཅེས་པ་ནི་དཀའ་ཚེགས་མེད་པར་བཤད་ཅིང་། "བདེ་མཆོག་བླ་ན་མེད་པའི་བྱང་ཆུབ་ཀྱང་བདེ་བླག་ཉིད་དུ་ཐོབ་པར་བྱེད་པའི་ཕྱིར་རོ། །"[༢] ཞེས་གསུངས་ཤིང་། "བདེ་བླག་ཉིད་དུ་ཞེས་གསུངས་ཏེ། ཚེགས་མེད་པར་ཡིན་ཏེ་སྐྲ་འབལ་བ་ལ་སོགས་པའི་དཀའ་བ་ཆེན་པོ་མེད་པས་སོ། །"[༣]ཞེས་གསལ་བར་གསུངས་འདུག
དབྱེ་བ།
[རྩོམ་སྒྲིག]ཐབས་ལམ་གྱི་སྒོ་ནས་འགྲེལ་པ། བདེ་བླག་ཏུ་ཕན་པ་ཐོབ་པའི་ཐབས་གཙོ་བོ་གཉིས་གསུངས་ཏེ། ཐོག་མར་དྲན་པ་སྐྱེ་བའི་ཐབས་ལ་"དྲན་པ་བདེ་བླག་ཉིད་དུ་སྟེ་དཀའ་ཚེགས་མེད་པར་སྐྱེའོ། །"[༤]ཞེས་གསུངས། གཉིས་པ་ལམ་གྱི་ངེས་པར་སྦྱོར་བའི་སྒོ་ནས་"ལམ་དུ་དཀའ་ཚེགས་ཀྱིས་མི་ངལ་བར་བདེ་བླག་ཉིད་དུ་འདོང་ཞིང་འོང་བར་ཤོག་ཅིག །"[༥]ཅེས་གསུངས་འདུག
རྐྱེན་གྱི་སྒོ་ནས་འགྲེལ་པ། བདེ་བླག་ཏུ་དགེ་བའི་ལས་གྲུབ་པའི་རྐྱེན་ལ་"དྲན་པ་བསྲུང་བའི་ཐབས་ནི་རང་གི་མཁན་པོ་དང་སློབ་དཔོན་དང་ཚངས་པ་མཚུངས་པར་སྤྱོད་པ་ལ་སོགས་པའི་སྐྱེ་བོ་བླ་མ་དང་ནི་འགྲོགས་པ་ལས་"[༦]ཞེས་གསུངས། དེ་ཡང་བླ་མ་དམ་པ་དང་འགྲོགས་པ་ལས་གདམས་པ་ལེན་ཞིང་རྗེས་སུ་བསྟན་པ་བྱུང་ན་"དྲན་པ་བདེ་བླག་ཉིད་དུ་སྐྱེ་བས་"[༧]ཞེས་གསལ་བར་གསུངས་འདུག
བདེ་བླག་གི་དཔེ་མཚོན།
[རྩོམ་སྒྲིག]འགྲོན་པོ་དང་གྲུའི་དཔེ། བདེ་བླག་གི་དཔེ་མཚོན་གསུམ་གསུངས་ཏེ། ཐོག་མར་ལམ་གོལ་བའི་སྐྱེ་བོ་རྣམས་ལ་"འགྲོན་པོ་དག་དང་ཕྲད་པར་གྱུར་ནས་ཆོམ་རྐུན་དང་སྟག་སེང་དུག་སྦྲུལ་ལ་སོགས་པའི་འཇིགས་པ་མེད་པར་ལམ་དུ་དཀའ་ཚེགས་ཀྱིས་མི་ངལ་བར་བདེ་བླག་ཉིད་དུ་འདོང་ཞིང་འོང་བར་ཤོག་ཅིག །"[༨]ཅེས་གསུངས། "རིན་པོ་ཆེ་ལ་སོགས་པའི་དོན་དུ་རྒྱ་མཚོར་འཇུག་པའི་གྲུ་དང་གྲུ་ཆེན་པོ་གཟིངས་ཀྱི་ནང་དུ་ཞུགས་པ་རྣམས་ཡིད་ལ་བསམས་པ་བཞིན་དུ་གྲུབ་པར་གྱུར་ཏེ་ཆུའི་ངོགས་སུ་བདེ་བར་ཕྱིན་ནས་གཉེན་དང་ལྷན་ཅིག་དགའ་བར་ཤོག །"[༩]ཅེས་གྲུའི་དཔེ་མཚོན་དྲངས་འདུག
བདེ་བླག་གི་རྒྱུ་མཚན།
[རྩོམ་སྒྲིག]བྱང་ཆུབ་སེམས་ཀྱི་མཐུ། བདེ་བླག་གི་རྒྱུ་མཚན་ལ་བསྐལ་པ་གྲངས་མེད་དུ་མར་སེམས་ཅན་ལ་ཕན་པའི་ཐབས་ལ་རབ་ཏུ་དགོངས་པའི་ཐུབ་དབང་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འདི་ཉིད་ཕན་པར་གཟིགས་ནས་འདི་བསྟན་པ་ཡིན་ཞེས་གསུངས། དེ་ཡང་"བྱང་ཆུབ་ཀྱི་སེམས་དང་སྡོམ་པ་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པ་རྣམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པས་ལྷ་དང་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་རབ་ཏུ་འཕེལ་བ་བདེ་བླག་ཏུ་འཐོབ་ཅིང་སེམས་ཅན་རྣམས་ལ་ཆེས་ལྷག་པར་ཚིམ་པར་བྱེད་པ་ཡིན་"[༡༠]ཞེས་གསལ་པོར་གསུངས།
སྙིང་རྗེའི་བདག་ཉིད། བདེ་བླག་ཅེས་པའི་དོན་འགྲེལ་སྐབས་"སྙིང་རྗེའི་བདག་ཉིད་ཅན་རྣམས་ཀྱི་གཞན་ལ་ཕན་པ་དང་བདེ་བ་སྐྱེད་པར་བྱེད་པའི་སྡུག་བསྔལ་ནི་རང་དང་གཞན་ལ་བསྐྱེད་པར་བྱའོ། །ཕ་རོལ་སྡུག་བསྔལ་བས་སྡུག་བསྔལ་བར་གྱུར་པའི་བློ་ཅན་རྣམས་ནི་སྡུག་བསྔལ་དེ་འདྲ་བ་ལ་བདེ་བ་ཉིད་དུ་མཐོང་བར་འགྱུར་རོ། །"[༡༡]ཞེས་གསུངས། འདི་ནི་སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔས་གཞན་གྱི་དོན་བྱེད་པ་ལ་སྡུག་བསྔལ་གྱི་ཚོར་བ་མི་སྐྱེ་བར་བདེ་བར་མཐོང་བ་ལ་ཟེར།
བསྡུས་དོན།
[རྩོམ་སྒྲིག]བདེ་བླག་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཐུ་ཡིས་དཀའ་ཚེགས་མེད་པར་སེམས་ཅན་ལ་ཕན་པ་དང་རང་ཉིད་ཀྱང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པའི་ཐབས་ལམ་ལ་ཟེར། འདི་ནི་སྐྲ་འབལ་བ་ལ་སོགས་པའི་དཀའ་སྤྱད་ཆེན་པོ་མེད་པར་བདེ་བ་ནས་བདེ་བར་འགྲོ་ཞིང་བདེ་བླག་ཉིད་དུ་འབྲས་བུ་ཆེན་པོ་འགྲུབ་པའི་ཡོན་ཏན་དཔག་ཏུ་མེད་པ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།