Jump to content

བདེ་བར་གཤེགས་པ་

ཡོང་ཁུངས་Wikipedia

བདེ་བར་གཤེགས་པ་ནི་སངས་རྒྱས་ཀྱི་མཚན་གྱི་གྲངས་སུ་གཏོགས་པའི་ཐ་སྙད་ཅིག་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

དུས་གསུམ་གྱི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མཛད་པས་བདེ་བར་གཤེགས་པ་ཞེས་བརྗོད། འདི་ནི་སངས་རྒྱས་ཀྱི་ཡེ་ཤེས་རང་བཞིན་ཏེ། སྟོང་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མཛད་པའི་ཕྱིར་རོ། །"དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །"[]ཞེས་འཆད་པ་ལྟར། དུས་གསུམ་གྱི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མཛད་པས་བདེ་བར་གཤེགས་པ་ཞེས་བརྗོད།

ངེས་ཚིག

[རྩོམ་སྒྲིག]

"སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་མེད་ན། བདེ་བར་གཤེགས་པ་རྣམས་ཀྱི་ཡེ་ཤེས་གང་ཞིག་བྱང་ཆུབ་ཀྱི་ས་བོན་རྒྱས་པར་བྱེད་པ་སོགས་ཀྱི་སྒོ་ནས་ཆུ་ཀླུང་གི་རྒྱུན་དང་འདྲ་བ་དེ་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང་སྟེ་འབྱུང་མི་རིགས་སོ། །"[]ཞེས་གསུངས་པ་ལྟར། སྟོང་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མཛད་པས་ན་བདེ་བར་གཤེགས་པ་ཞེས་བརྗོད།

མཆོད་པའི་ཡུལ་དུ་གྱུར་ཚུལ།

[རྩོམ་སྒྲིག]

མཆོད་རྟེན་མཆོད་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོད་པའི་ཁྱད་པར། "གང་ཟག་གང་ལ་ལས་བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ཁྱད་པར་གསུམ་དང་ལྡན་པ་ལས་རྒྱུའི་ཁྱད་པར་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་དེ་ལ་མཆོད་པར་བྱེད་ལ། གྲངས་ཀྱི་ཁྱད་པར་བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་ཆུ་བོ་གང་གའི་འགྲམ་གྱི་བྱེ་མའི་གྲངས་སྙེད་ཀྱིས་བྱེ་བ་ཕྲག་སྟོང་དང་མཉམ་པའི་ཞིང་ཁམས་ཐམས་ཅད་བཀང་སྟེ།"[] ཞེས་གསུངས་པ་ལྟར། བདེ་བར་གཤེགས་པའི་རིང་སྲེལ་གྱི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་གྲངས་མེད་པ་ལ་བསྐལ་པ་གནངས་རིང་ཡུན་མཆོད་པ་བྱས་པས་བསོད་ནམས་ཆེ་བའང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་ལ་བྲིས་ཏེ་མཆོད་ན་སྔ་མའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་འགྲོ།

བསོད་ནམས་ཀྱི་ཁྱད་པར། "སྔ་མ་མཆོད་རྟེན་དེ་ལྟ་བུ་བྱས་ནས་མཆོད་པའི་བསོད་ནམས་དེས་ནི་ཕྱི་མ་འདི་ལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་སོགས་པའི་གྲངས་དང་ཆ་དང་དཔེ་དང་རྒྱུར་ཡང་མི་ཕོད་པའོ། །"[]ཞེས་འཆད།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཚུལ།

[རྩོམ་སྒྲིག]

མི་དམིགས་པས་བྱང་ཆུབ་ཐོབ་པ། "འདི་ཡང་དག་པར་ན་ཕུང་པོ་ལྔ་པོ་སྣང་བདེན་གྱི་ཁ་དོག་དང་དབྱིབས་ཀྱི་གཟུགས་སུ་གྲུབ་པ་མེད་ཅིང། དེ་བཞིན་དུ་ཚོར་བ་ཡང་མེད་ཅིང་ཉམས་སུ་མྱོང་བ་དང་མཚན་མར་འཛིན་པའི་འདུ་ཤེས་དང། མངོན་པར་འདུ་བྱེད་པའི་སེམས་པ་མེད་པའི་ཤེས་རབ་ལས་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལ། རྣམ་པར་ཤེས་པ་བདེན་པའི་གནས་ནི་རྡུལ་ཕྲ་རབ་ཙམ་ཡང་ཡོད་པ་མ་ཡིན་ཞིང་།"[] ཞེས་གསུངས་པ་ལྟར། ཕུང་པོ་ལྔ་བདེན་པར་མི་དམིགས་པའི་ཤེས་རབ་ལ་སྤྱོད་པས་བདེ་བར་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཐོབ།

སྐྱེ་མེད་རྟོགས་པས་ལུང་བསྟན་ཐོབ་པ། "བྱང་ཆུབ་སེམས་དཔའ་གང་ཞིང་གཟུགས་སོགས་ཕུང་པོ་ལྔ་ལ་བདེན་ཞེན་གྱིས་མི་རྟོག་མི་སྤྱོད་ཅིང། དོན་དམ་པར་ནི་དམིགས་པ་ཅི་ལའང་གནས་པ་མེད་པར་སྤྱོད་པ་དེ་ནི་ཐ་སྙད་དུ་བདེན་སྟོང་ལ་སྤྱོད་ཅེས་བྱ་ཡང། དེར་སྤྱོད་ཅེས་བྱ་བར་དོན་དམ་པར་མི་དམིགས་པར་སྤྱོད་ན་ཤེས་རབ་བརྟན་པ་ཡིན་ལ།"[] ཞེས་གསུངས།

རིགས་སྔགས་ཆེན་པོ་ཡིན་ཚུལ།

[རྩོམ་སྒྲིག]

"རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་པ་འདི་ཡིས། སེམས་ཅན་སྡུག་བསྔལ་བའི་རང་བཞིན་ཅན། ཐམས་ཅད་བདེ་བའི་གནས་སུ་འདྲེན་པ་དང། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པའི་ཕྱིར་རིགས་སྔགས་ཆེན་པོའོ། །"[]ཞེས་གསུངས་པ་ལྟར། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པའི་རིགས་སྔགས་ཆེན་པོ་ཡིན།

སྦྱོར་ལམ་གྱི་དམིགས་རྣམ།

[རྩོམ་སྒྲིག]

དྲོད་ཀྱི་གནས་སྐབས། "ཕུང་པོ་ལྔའི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་སེམས་པ་རྣམས་དོན་དམ་པར་མེད་ཅིང། དེ་ལ་རྣམ་པར་ཤེས་པའི་གནས་དམིགས་པ་ནི་དོན་དམ་པར་རྡུལ་ཙམ་ཡང་ཡོད་པ་མིན་ལ། དྲོད་ལ་གནས་པ་དེ་དམིགས་པའི་ཆོས་ཀུན་ལ་བདེན་ཞེན་གྱིས་མི་གནས་ཏེ།"[] ཞེས་གསུངས།

རྩེ་མོའི་གནས་སྐབས།"གང་གི་ཚེ་ཡང་བསྒོམས་པའི་སྟོབས་ཀྱིས་ཆུང་ངུ་ལ་སོགས་པའི་གསལ་བར་སྣང་བའི་འབྲིང་གི་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་གྱུར་པ་དེའི་ཚེ་རྩེ་མོའི་གནས་སྐབས་ན་སྣང་བ་མཆེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་ནོ། །"[]ཞེས་གསུངས།

མཐའ་དོན།

[རྩོམ་སྒྲིག]

བདེ་བར་གཤེགས་པ་ཞེས་པ་འདི་ནི་སངས་རྒྱས་ཀྱི་མཚན་གྱི་གྲངས་སུ་གཏོགས་པའི་ཐ་སྙད་ཅིག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ནས་མི་དམིགས་པའི་ཡེ་ཤེས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མཛད་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྤྱོད་པར་མཛད་པའི་ཕྱིར། སྡུག་བསྔལ་ཐམས་ཅད་ཞི་བར་མཛད་པའི་རིགས་སྔགས་ཆེན་པོ་ཡིན་པའི་ཕྱིར་བདེ་བར་གཤེགས་པ་ཞེས་བརྗོད་པ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༡༩-༢༠
  2. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༢༨b-༢༩a
  3. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༤༠
  4. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༢༢
  5. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༢༠
  6. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ ༦b-༧a
  7. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༤༡
  8. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ ༦
  9. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར ཤོག་ངོས་ ༢༣