Jump to content

བདེ་བ་

ཡོང་ཁུངས་Wikipedia

བདེ་བ་ཞེས་པ་ནི་སྡུག་བསྔལ་གྱི་འགལ་ཟླར་གྱུར་པའི་ཚོར་བ་དང་། མ་རིག་པ་སོགས་འདོད་ཆགས་ཀྱི་སྡུག་བསྔལ་མེད་པའི་གནས་སྐབས། ཡང་ན་འཁོར་བའི་སྡུག་བསྔལ་ལས་ཞི་བ་ཐོབ་པའི་གནས་སྐབས་ལ་ཟེར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ཁག་ཏུ་འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བ་གཉིས་སུ་ཕྱེ་ནས་བཤད་ཡོད་པ་མ་ཟད། བདེ་བ་ཀུན་གྱི་འབྱུང་ཁུངས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་ངེས་པ་བཞག་ཡོད་དོ། །

ནང་དོན།

[རྩོམ་སྒྲིག]

གནས་སྐབས་དང་མཐར་ཐུག་གི་བདེ་བ། བདེ་བ་ནི་ཐེག་པ་ཆེན་པོའི་ལམ་གྱི་གནས་སྐབས་སུ་མྱོང་བའི་བདེ་བ་དང་མཐར་ཐུག་གི་འབྲས་བུའི་བདེ་བ་གཉིས་སུ་དབྱེ་ནུས། གནས་སྐབས་ཀྱི་བདེ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚོགས་རྫོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མྱོང་བའི་ཟག་མེད་ཀྱི་བདེ་བ་ཡིན་ལ། མཐར་ཐུག་གི་བདེ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་ཡིན་ནོ། །
ཚོགས་ལམ་གྱི་བདེ་བ། "ལམ་ཟག་པ་མེད་པས་དགའ་བ་འདུས་མ་བྱས་པ། སྐྱིད་པ་ཆོས་སྐུ་ཐོབ་པར་བྱེད་པ། བདེ་བ་མངོན་པར་ཐོབ་པར་བྱེད་པས་ན་འདིར་ཐེག་པའི་ནང་ནས་མཆོག་ཡིན་ནོ། །"[]ཞེས་གསུངས་པ་བཞིན། ཐེག་པ་ཆེན་པོའི་ལམ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་གྱི་རིམ་པ་ཀུན་ཏུ་བདེ་བ་མྱོང་ནུས་པར་གསུངས་སོ། །

མཚན་ཉིད།

[རྩོམ་སྒྲིག]

ཆོས་མངོན་པའི་སྒོ་ནས་འགྲེལ་པ། ཆོས་མངོན་པའི་སྒོ་ནས་བལྟ་ན་བདེ་བ་ནི་ཚོར་བའི་ཕུང་པོར་གཏོགས་པའི་སེམས་ལས་བྱུང་བ་ཞིག་སྟེ། "མཆོག་ཏུ་ཁྱད་པར་དུ་འཕགས་ཤིང་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པའི་བདེ་བ་ཐོབ་པ་དང་།"[] ཞེས་གསུངས་པ་ལྟར་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པ་ལ་ཟེར།
ཤེས་རབ་སྙིང་པོའི་སྒོ་ནས་འགྲེལ་པ། "བདེ་གཤེགས་ནི་ཉོན་མོངས་པའི་སྟོབས་ཀྱིས་འཁོར་བར་སླར་མི་ལྡོག་པའོ། །"[]ཞེས་གསུངས་པ་ལྟར་ཉོན་མོངས་པའི་གདུང་བ་ལས་ཞི་བ་ཐོབ་པའི་གནས་སྐབས་ལ་ཟེར། "མི་གནས་པའི་མྱ་ངན་ལས་འདས་པ་སྟེ། ཐེག་པ་ཆེན་པོར་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་དང་འབྲེལ་པར་མི་རིགས་ཏེ་བཀག་པའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་དེ་ཉིད་དེའི་མདོ་སྡེ་ལ་སོགས་པའི་ཆོས་བསྟན་པས།"[] ཞེས་གསུངས་པ་ལྟར་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་བདེ་བ་ལ་ཟེར།

ངེས་ཚིག

[རྩོམ་སྒྲིག]

"ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་བའམ་བོས་ནས་ཇི་ལྟར་ཁས་བླངས་བ་བཞིན་དུ་སྦྱོར་བ་ལག་ལེན་གྱི་སྒོ་ནས་སངས་རྒྱས་ཀྱི་གོ་འཕང་དེ་བསྒྲུབ་པར་མ་བྱས་པའམ་མ་བྱིན་ན་རྒྱལ་བ་སྲས་དང་བཅས་པ་དང་འགྲོ་བ་ལྷ་དང་ལྷ་མིན་ལ་སོགས་པ་དེ་ཐམས་ཅད་རྫུན་གྱིས་བསླུས་པར་བྱས་པ་ཡིན་པས་ན། བསླུ་བར་བྱེད་པ་པོ་བདག་བདེ་འགྲོར་ཇི་ག་ར་འགྲོ་བར་འགྱུར་རམ་སྟེ་མི་འགྱུར་བ་ཁོ་ནའོ། །"[]ཞེས་གསུངས་པ་ལྟར་བདེ་འགྲོ་ཞེས་པ་ནི་མཐོ་རིས་ཀྱི་བདེ་བ་ལ་གོ་བ་དང་།

རིག་སྔགས་ཆེན་པོའི་ནུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ལ་རིག་སྔགས་ཆེན་པོ་ཞེས་བརྗོད་པ་ཡིན་ཏེ། "རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་པོའམ་རིག་སྔགས་བླ་ན་མེད་པ་སྟེ། དེ་ལ་རིག་སྔགས་ཞེས་པ་མནྟྲའི་སྒྲ་ལས་རིག་པ་དང་ཤེས་པས་བདེ་བླག་ཏུ་སྐྱོབ་པའི་དོན་ཡིན་ལ་དེ་འདྲའི་རིག་སྔགས་ཀྱི་ཐབས་ཀུན་ལས་ཀྱང་འདི་ནི་ཆེན་པོ་སྟེ། འདིས་སེམས་ཅན་གྱི་ཁམས་མང་པོ་ཚད་མེད་པའི་ཡིད་ཀྱི་མྱ་ངན་དང་ལུས་ཀྱི་སྡུག་བསྔལ་གྱི་ཆོས་སུ་གཏོགས་པ་ཐམས་ཅད་གཏན་དུ་ཞི་བར་བྱེད་པའི་ཕྱིར་རོ། །"[]ཞེས་གསུངས།

དུས་གསུམ་གྱི་སངས་རྒྱས་ཀྱི་ཡུམ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ནས་སེམས་ཅན་གྱི་སྡུག་བསྔལ་ཞི་བར་མཛད་ཅིང་རིག་སྔགས་ཀྱི་རྒྱལ་པོར་གྱུར་པ་ཡིན་ཏེ། "གང་དག་སྔར་འདས་པ་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་མགོན་པོ་ད་ལྟར་འཚོ་ཞིང་གཞེས་པ་དེ་དག་མི་མཉམ་པ་དང་མཉམ་པའི་རིག་སྔགས་ཆེན་པོ་འདི་བསླབ་ནས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་སེམས་ཀྱི་ཟུག་རྔུ་མ་ལུས་པ་སེལ་བའི་སྨན་པའི་རྒྱལ་པོ་བླ་ན་མེད་པར་གྱུར་པ་ཡིན་ནོ། །"[]ཞེས་གསུངས།

མཉམ་པ་ཉིད་ཀྱི་བདེ་བ། "སྐྱེ་འགགས་མེད་པར་མཉམ་པ་ཉིད་དུ་གནས་པ་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཞིག་ནམ་ཡང་ཉམས་པ་མེད་པས་འཆི་བ་མེད་པ་དང་དམ་པ་དེ་ལས་གཞན་མེད་པ་སྟེ། ཐམས་ཅད་ཀྱི་དམ་པ་མཐར་ཐུག་པ་བླ་ན་མེད་པའི་བདག་ཉིད་འཐོབ་པར་བྱེད་པ་དེ་ཡི་ཕྱིར་ན་ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་པའི་ལམ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ་ལམ་ཐམས་ཅད་ཀྱི་བླ་མ་བླ་ན་མེད་པའོ། །"[]ཞེས་གསུངས་པས། མཐར་ཐུག་གི་བདེ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པ་གསལ་འདུག

དབྱེ་བ།

[རྩོམ་སྒྲིག]

གནས་སྐབས་ཀྱི་བདེ་བ། "སེམས་ཅན་གཅིག་གི་སྲོག་གནས་པའི་བདེ་བ་ཡང་བཤིག་ན་བདག་ཉིད་མཐོ་རིས་ལས་ཉམས་པར་འགྱུར་ན།"[] ཞེས་གསུངས་པ་ལྟར་མཐོ་རིས་ཀྱི་བདེ་བ་ནི་གནས་སྐབས་ཀྱི་བདེ་བའི་གྲས་སུ་གཏོགས། "སེམས་ཅན་ཐམས་ཅད་ཚེ་ཐུང་བ་ནད་མང་བ་ལོངས་སྤྱོད་མེད་པ་ལ་སོགས་པའི་འདི་ཕྱིའི་སྡུག་བསྔལ་མི་འདོད་པས་འདོར་བར་འདོད་པའི་སེམས་ཡོད་ཀྱང་། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས་སྲོག་གཅོད་པ། མ་བྱིན་པ་ལེན་པ་སོགས་མི་དགེ་བ་བཅུ་དང་དུ་བླངས་ནས་འདི་ཕྱིའི་སྡུག་བསྔལ་ཉིད་ལ་ཕྱེ་མ་སླེབ་མར་མེ་ལ་མཆོངས་པ་བཞིན་མངོན་པར་རྒྱུག་ཅིང་། དེ་བཞིན་དུ་ཚེ་རིང་བ་ནད་མེད་པ་ལ་སོགས་པའི་འདི་ཕྱིའི་བདེ་བ་འདོད་ཀྱང་དེའི་ཐབས་བླང་དོར་ལ་རྨོངས་ཤིང་གཏི་མུག་པས་དགེ་བཅུ་མི་སྒྲུབ་པར་མ་ཟད་མི་དགེ་བ་སྣ་ཚོགས་བྱས་ཏེ་རང་གི་འདི་ཕྱིའི་བདེ་བ་དགྲ་བོ་མཐོང་བ་ལྟར་འཇོམས་པར་བྱེད་དོ། །"[༡༠]ཞེས་གསུངས་པ་ལྟར་འདི་ཕྱིའི་བདེ་བ་ཞེས་པ་ནི་ཚེ་འདི་དང་ཚེ་ཕྱི་མའི་གནས་སྐབས་ཀྱི་བདེ་བ་ལ་གོ
མཐར་ཐུག་གི་བདེ་བ། "ཡུལ་སེམས་ཅན་གྲངས་མཐའ་ཡས་ལ་དུས་རིང་ དུ་རྟག་ཏུ་རྒྱུན་མི་འཆད་པར་དངོས་པོ་བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད་པ།"[༡༡] ཞེས་དང་། "མཁའ་ཁྱབ་ཀྱི་འགྲོ་བ་ཀུན་མཐར་ཐུག་བདེ་སྐྱིད་ཐམས་ཅད་ཀྱི་མཐར་སོན་པ་བདེ་བར་གཤེགས་པའི་ཟག་པ་མེད་པའི་བདེ་བ་བླ་ན་མེད་པ་དེ་ཉིད་དང་ནི།"[༡༢] ཞེས་གསུངས་པ་ལྟར་བདེ་བར་གཤེགས་པའི་ཟག་པ་མེད་པའི་བདེ་བ་བླ་ན་མེད་པ་ཞེས་པ་ནི་སངས་རྒྱས་ཀྱི་མཐར་ཐུག་གི་བདེ་བ་ལ་གོ

བདེ་སྡུག་གི་རྒྱུ།

[རྩོམ་སྒྲིག]

"དེས་ན་སེམས་ཅན་གང་ཞིག་རྒྱུ་དང་བཅས་པའི་བདེ་བས་ཕོངས་ཤིང་དབུལ་བ་དང་། སྡུག་བསྔལ་རྒྱུ་འབྲས་མང་པོ་དང་ལྡན་ཞིང་ཉམས་ཐག་པ་དེ་དག་ལ། བྱམས་པ་ཆེན་པོའི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཀུན་གྱིས་ཚིམ་པར་བྱེད་པ་དང་། སྙིང་རྗེ་ཆེན་པོའི་སྒོ་ནས་འདི་ཕྱིའི་སྡུག་བསྔལ་ཐམས་ཅད་རྒྱུན་གཅོད་པར་བྱེད་ཅིང་། ཤེས་རབ་ཆེན་པོའི་སྒོ་ནས་བླང་དོར་གྱི་གནས་བསྟན་ནས་རྒྱུ་འབྲས་བླང་དོར་ལ་རྨོངས་པའི་གཏི་མུག་ཀྱང་ནི་སེལ་བར་བྱེད་པ་ཡི་རྒྱུ་དེ་དང་དགེ་བ་སྟོབས་མཚུངས་གཞན་ག་ལ་ཡོད་དེ་མེད་ལ།"[༡༣] ཞེས་གསུངས་པ་ལྟར་བདེ་བའི་རྒྱུ་ནི་དགེ་བ་དང་། སྡུག་བསྔལ་གྱི་རྒྱུ་ནི་མི་དགེ་བ་ཡིན། "བདེ་བ་འདོད་པ་རྣམས་རྣམ་པ་ཐམས་ཅད་དུ་བདེ་བ་མ་རྙེད་པའོ། །"[༡༤]ཞེས་གསུངས་པ་ལྟར་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་མི་ཤེས་པས་བདེ་བ་ཐོབ་མི་ཐུབ།

བདེ་བ་སྒྲུབ་པའི་ཐབས།

[རྩོམ་སྒྲིག]

"གཞན་དགའ་བར་བྱས་པའི་ཡོན་ཏན་གྱིས་ཚེ་འདིར་གཞན་གྱིས་ཕྲག་དོག་མེད་པར། དགའ་བའི་བདེ་བ་ལ་སྤྱད་པར་བྱ་བ་དང་གཞན་དགའ་བར་བྱས་པས་བདག་ལ་ཚེ་འདིར་ལོངས་སྤྱོད་སོགས་གོད་པ་ཡང་ཡོང་སྟེ་གཏན་མེད་ལ། ཚེ་ཕ་རོལ་ཏུ་ཡང་བདེ་བ་ཆེན་པོ་ཐོབ་པར་འགྱུར་བའི་ཕྱིར་རོ། །"[༡༥]ཞེས་གསུངས་པ་ལྟར་གཞན་དགའ་བར་བྱས་པས་ཚེ་འདི་དང་ཕྱི་མ་གཉིས་ཀར་བདེ་བ་འཐོབ། "བྱང་ཆུབ་སེམས་དཔའི་སྒོ་གསུམ་གྱི་བརྩོན་པ་ཐམས་ཅད་གཞན་དགའ་བའི་ཕྱིར་ཏེ། གཞན་དགའ་བ་དེ་ནི་རིན་གྱིས་ཉོ་ནའང་དཀོན་པའི་བྱ་བ་ཡིན་ནོ། །"[༡༦]ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའི་སྒོ་གསུམ་གྱི་བརྩོན་པ་ཐམས་ཅད་གཞན་དགའ་བར་བྱེད་པའི་ཕྱིར་ཡིན།
འདུས་བྱས་ཀྱི་བདེ་བ། འདུས་བྱས་ཀྱི་བདེ་བ་ནི་འཁོར་བའི་བདེ་བ་སྟེ། "འདུས་བྱས་ལམ་བདེན་ནམ་ཟག་བཅས་ཀྱི་བདེ་བ་"[༡༧]ཞེས་གསུངས་ཡོད། འདུས་བྱས་ཀྱི་བདེ་བ་འདི་ནི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་ཞིང་མི་རྟག་པའི་རང་བཞིན་ཅན་ཡིན་ལ། ལྷ་མི་སོགས་ཀྱི་བདེ་བ་དང་འཁོར་བའི་འགྲོ་བ་ཀུན་གྱི་བདེ་བ་འདིར་འདུས་སོ། །

འདུས་མ་བྱས་ཀྱི་བདེ་བ། འདུས་མ་བྱས་ཀྱི་བདེ་བ་ནི་མྱ་ངན་ལས་འདས་པའི་བདེ་བ་སྟེ། "འདུས་མ་བྱས་རྣམ་གྲོལ་གྱི་བདེ་བ་"[༡༨]ཞེས་གསུངས་ཡོད། འདིའི་གྲས་སུ་ཉན་ཐོས་རང་རྒྱལ་གྱི་ཞི་བའི་བདེ་བ་དང་། སངས་རྒྱས་ཀྱི་བླ་ན་མེད་པའི་བདེ་བ་རྣམས་འདུས་སོ། །

དགའ་སྐྱིད་བདེ་བ་གསུམ་གྱི་དབྱེ་བ། "དགའ་སྐྱིད་བདེ་བ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་སྤངས་པའི་ཕྱིར་ཟག་པ་མེད་པ་ནི་དགའ་བའོ། །ལུས་ཀྱི་བདེ་བའི་ཚོགས་ནི་སྐྱིད་པའོ། །བདེ་བ་ནི་སེམས་ལས་བྱུང་བ་བདེ་བའོ། །"[༡༩]ཞེས་གསུངས་པས། དགའ་བ་ནི་ཟག་པ་མེད་པའི་རང་བཞིན་ཅན། སྐྱིད་པ་ནི་ལུས་ཀྱི་བདེ་བ། བདེ་བ་ནི་སེམས་ལས་བྱུང་བའི་བདེ་བ་སྟེ་གསུམ་སོ་སོར་ཁྱད་པར་གསལ་པོར་བཤད་འདུག

ཡེ་ཤེས་ཀྱི་དབྱེ་བ་ལྟར་ན། "གྲགས་པ་དང་དཔལ་ཕུན་སུམ་ཚོགས་པ་གང་ཡིན་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཡང་འགྲོ་བ་མཐའ་དག་གི་དཔལ་དུ་གྱུར་པ་དང་ལྡན་པའི་ཕྱིར་རོ། །"[༢༠]ཞེས་གསུངས་པ་ལྟར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདེ་བ་ཡོད།

འབྲས་བུ།

[རྩོམ་སྒྲིག]

སླར་ལྡོག་མེད་པའི་བདེ་བ། "བདེ་གཤེགས་ནི་ཉོན་མོངས་པའི་སྟོབས་ཀྱིས་འཁོར་བར་སླར་མི་ལྡོག་པའོ། །ཉན་ཐོས་དང་། རང་རྒྱལ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམས་ལས་སྐལ་བ་ཇི་ལྟ་བ་བཞིན་དུ་རུང་བ་ཞིག་ཕྱིན་ཅི་མ་ལོག་པར་རྟོགས་པའི་རྒྱུ་ཉིད་དུ་བསྟན་པར་གྱུར་པ་ཡིན་ནོ། །"[༢༡]ཞེས་གསུངས་པ་ལྟར་བདེ་བའི་གནས་སྐབས་ནས་སླར་ཡང་འཁོར་བའི་སྡུག་བསྔལ་དུ་མི་ལྡོག་པའི་ཆ་ནས་ཕྱེ་ན་ཐེག་པ་གསུམ་གྱི་བདེ་བ་སོ་སོ་ཡོད།

འབྱུང་ཁུངས།

[རྩོམ་སྒྲིག]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ། བདེ་བ་ཀུན་གྱི་གཞི་རྩ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་སྡུད་པའི་འགྲེལ་པ་རྣམས་སུ་གསལ་པོར་འཆད་ཡོད་དེ། "འདུས་བྱས་ལམ་བདེན་ནམ་ཟག་བཅས་ཀྱི་བདེ་བ་དང་འདུས་མ་བྱས་ཟག་མེད་མྱང་འདས་ཀྱི་བདེ་བ་གང་ཡིན་པའི་བདེ་བ་དེ་ཀུན་ནི། ཤེར་ཕྱིན་འདི་ལས་བྱུང་བར་རིག་པར་བྱའོ། །[༢༢]ཞེས་གསུངས།

བསྡུས་དོན།

[རྩོམ་སྒྲིག]

བདེ་བ་ཞེས་པ་ནི་གནས་སྐབས་མཐོ་རིས་ཀྱི་བདེ་བ་དང་མཐར་ཐུག་སངས་རྒྱས་ཀྱི་ཟག་མེད་ཀྱི་བདེ་བ་གཉིས་ཀ་ལ་གོ་བའི་ཐ་སྙད་ཅིག་ཡིན། བདེ་བའི་རྒྱུ་ནི་དགེ་བ་ཡིན་ལ། སྡུག་བསྔལ་གྱི་རྒྱུ་ནི་མི་དགེ་བ་ཡིན། སེམས་ཅན་རྣམས་བདེ་བ་འདོད་ཀྱང་བདེ་བའི་ཐབས་མི་ཤེས་པས་སྡུག་བསྔལ་ཁོ་ན་མྱོང་བཞིན་ཡོད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱམས་པས་སེམས་ཅན་ལ་བདེ་བ་སྦྱིན་ཞིང་། སྙིང་རྗེས་སྡུག་བསྔལ་སེལ་བ། ཤེས་རབ་ཀྱིས་བླང་དོར་ལ་རྨོངས་པ་སེལ་བར་མཛད། གཞན་དགའ་བར་བྱེད་པ་ནི་ཚེ་འདི་དང་ཕྱི་མ་གཉིས་ཀར་བདེ་བ་འཐོབ་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།
  2. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ།
  3. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ།
  4. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ།
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༢༠༣
  6. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
  7. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
  8. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
  9. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༦༥
  10. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༦༤
  11. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༢༠
  12. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༡༨༠
  13. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༦༤-༦༥
  14. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༢༨
  15. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༡༠༥
  16. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས ཤིང་དཔར། ཤོག་ངོས་ ༡༠༥
  17. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
  18. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
  19. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
  20. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ།
  21. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ།
  22. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
"https://bo.wikipedia.org/w/index.php?title=བདེ་བ་&oldid=149781"ལས་སླར་རྙེད་སོང།