Jump to content

བདེ་གཤེགས་

ཡོང་ཁུངས་Wikipedia

བདེ་གཤེགས་ཞེས་པ་ནི་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག་སྟེ། བདེ་བ་ཆེན་པོའི་ལམ་ནས་གཤེགས་པའམ། ཡང་ན་བདེ་བ་ཆེན་པོའི་གནས་སུ་གཤེགས་པའི་དོན་ཡིན་ནོ། །རྒྱ་གར་སྐད་དུ་སུ་ག་ཏ་ཞེས་བརྗོད་ཅིང་། སངས་རྒྱས་ཀྱི་མཚན་མན་ངག་གསུང་རབ་གསར་རྙིང་དུ་རྒྱ་ཆེར་སྤྱད་པའི་ཐ་སྙད་ཅིག་ཡིན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

བདེ་གཤེགས་ཞེས་པ་ནི་བདེ་བ་དང་གཤེགས་པ་གཉིས་ཀྱི་ཚིག་སྦྱོར་ལས་གྲུབ་པ་ཡིན། བདེ་བ་ནི་སྡུག་བསྔལ་མཐའ་དག་ལས་གྲོལ་བའི་གནས་སྐབས་ལ་གོ་ཞིང་། གཤེགས་པ་ནི་མངོན་པར་གཤེགས་པའམ་ཕྱིན་པའི་དོན་ཏེ། "བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡི་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་ནི།"[] ཞེས་གསུངས་པ་ལྟར། མྱ་ངན་ལས་འདས་པ་སྟེ་སྡུག་བསྔལ་ཐམས་ཅད་ལས་འདས་པའི་བདེ་བ་མཆོག་གི་གནས་སུ་གཤེགས་པའི་དོན་ནོ། །

རྒྱ་གར་སྐད་དུ་སུ་ག་ཏ་ཞེས་བརྗོད་ཅིང་། སུ་ཞེས་པ་ནི་བདེ་བའམ་ལེགས་པའི་དོན་ལ། ག་ཏ་ནི་གཤེགས་པའི་དོན་ཡིན་ཏེ། མདོར་ན་ལེགས་པར་གཤེགས་པ་ཞེས་པའི་དོན་ཡིན་ནོ། །

གོ་དོན།

[རྩོམ་སྒྲིག]

སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཁོར་བའི་སྡུག་བསྔལ་དང་ཉོན་མོངས་པ་ཐམས་ཅད་ལས་ཐར་ནས། མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་ལ་གཤེགས་པའི་ཕྱིར་བདེ་གཤེགས་ཞེས་བྱ་བ་ཡིན་ནོ། །

མཚན་ཉིད།

[རྩོམ་སྒྲིག]

ཉོན་མོངས་པ་མཐའ་དག་སྤངས་ནས་ཕྱིར་མི་ལྡོག་པའི་གོ་འཕང་ཐོབ་པ་ལ་བྱ་སྟེ། "བདེ་གཤེགས་ནི་ཉོན་མོངས་པའི་སྟོབས་ཀྱིས་འཁོར་བར་སླར་མི་ལྡོག་པའོ། །"[]ཞེས་གསུངས་པ་ལྟར། ཉོན་མོངས་པའི་དབང་གིས་འཁོར་བར་སླར་ལྟུང་བའི་ཉེན་ཁ་མེད་པའི་ས་ལ་གནས་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ཤིང་ཡེ་ཤེས་ཀྱི་བདེ་བ་ལ་གཤེགས་པས་བདེ་གཤེགས་ཞེས་བྱ་བ་སྟེ། དེ་ལ་ནི་འདུ་ཤེས་དང་ཚོར་བ་འགོག་པ་དང་། མྱ་ངན་ལས་འདས་པ་ཞེས་བྱ་བ་གཉིས་སུ་འགྲུབ་པར་བསྟན་ཏོ། །

ནང་དོན།

[རྩོམ་སྒྲིག]

སྤངས་པ་དང་རྟོགས་པ། སངས་རྒྱས་བཅོམ་ལྡན་འདས་ལ་བདེ་གཤེགས་ཞེས་བྱ་བའི་རྒྱུ་མཚན་ནི་སྤངས་རྟོགས་གཉིས་ཀ་ཕུན་སུམ་ཚོགས་པའི་ཕྱིར་ཡིན། གཤེགས་པ་ཞེས་པ་ནི་འཁོར་བའི་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་སྤངས་ནས་དེའི་ཕ་རོལ་དུ་སོང་བའི་དོན་ཡིན་ལ། བདེ་བ་ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བདེ་བ་ལ་གནས་པའི་དོན་ཡིན་ནོ། །

སླར་མི་ལྡོག་པ། ཕྱི་རོལ་པའི་སྟོན་པ་ཁ་ཅིག་ནི་སྲིད་རྩེའི་བར་དུ་ཕྱིན་ཀྱང་སླར་ཡང་འཁོར་བར་ལྡོག་པ་ཡིན། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ནི་ཡང་སྐྱེ་བ་དང་ཉོན་མོངས་པའི་རྒྱུ་ངར་འཛིན་པའི་ས་བོན་མ་རིག་པ་རྣམ་པ་ཐམས་ཅད་དུ་སྤངས་པས། སླར་ཡང་འཁོར་བར་མི་ལྡོག་པར་བདེ་བར་གཤེགས་པ་ཡིན་ནོ། །

མཐར་ཐུག་གི་གོ་འཕང་། ཉན་ཐོས་དང་རང་སངས་རྒྱས་ལ་ནི་ཤེས་བྱའི་སྒྲིབ་པའི་བག་ཉལ་ཡོད་པས་མཐར་ཐུག་གི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་མ་ཡིན། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ནི་ཉེས་པ་ཐམས་ཅད་ཀྱི་བག་ཆགས་མ་ལུས་པ་སྤངས་ཤིང་། ཡོན་ཏན་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པའི་ཕྱིར་མཐར་ཐུག་པར་བདེ་བར་གཤེགས་པ་ཡིན་ནོ། །

དབྱེ་བ།

[རྩོམ་སྒྲིག]

སྐུ་གསུམ་གྱི་སྒོ་ནས་དབྱེ་བ། སྐུ་གསུམ་གྱི་སྒོ་ནས་དབྱེ་བ་ཡོད་དེ། "ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གཉིས་པོ་དག་གིས་འཇིག་རྟེན་མགོན་གྱི་དབྱེ་བ་རྣམ་པ་གཉིས་སོ། །"[]ཞེས་གསུངས་པ་ལྟར། འགྲོ་བའི་དོན་དུ་སྣ་ཚོགས་སུ་སྟོན་པའི་དབྱེ་བ་ཡོད་དོ། །

བདེ་བར་གཤེགས་པ་ཞེས་བྱ་ལ་དེའི་རང་བཞིན་ནི་ཆོས་ཀྱི་སྐུ་སྟེ། "ང་ནི་འཇིག་ཚོགས་ཀྱི་ལུས་སུ་མ་ལྟ་བར་ཆོས་ཀྱི་སྐུར་ལྟོས་ཤིག །"[]ཞེས་གསུངས་སོ། །

དུས་གསུམ་གྱི་སྒོ་ནས་དབྱེ་བ། དུས་གསུམ་གྱི་སྒོ་ནས་དབྱེ་བ་ཡང་ཡོད་དེ། "འདས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལྟ་བུ་མ་བྱོན་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་དེ་བཞིན་ཉིད་ལ། ད་ལྟར་གྱི་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་ཡིན་ཞིང་། ད་ལྟར་གྱི་དེ་བཞིན་གང་ཡིན་པ་དེ།"[] ཞེས་གསུངས་པ་ལྟར། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དེ་བཞིན་ཉིད་གཅིག་ཏུ་མཉམ་པའོ། །

སྲས་བཅས་ཀྱི་འབྲེལ་བ། "བདེ་གཤེགས་ཆོས་ཀྱི་སྐུ་མངའ་བ་དེ་འཐོབ་པའི་ཆེད་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དེའི་སྲས་ཡིན་ཏེ་སངས་རྒྱས་ཀྱི་གདུང་འཚོབ་པའི་ཕྱིར་རོ། །"[]

ཐོབ་ཐབས།

[རྩོམ་སྒྲིག]

བདེ་གཤེགས་ཀྱི་གོ་འཕང་ཐོབ་པའི་ཐབས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་དགོས་ཏེ། "རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕར་ཕྱིན་འདི་མེད་ན་ཐོབ་བྱ་བྱང་ཆུབ་ཆེན་པོ་དེ་ནམ་ཡང་ཐོབ་པར་འགྱུར་བ་མ་ཡིན་"[]ཞེས་གསུངས་པ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཆེན་པོའི་རྩ་བའི་རྒྱུ་ཡིན་ནོ། །

མཆོད་པའི་རྣམ་པ།

[རྩོམ་སྒྲིག]

སངས་རྒྱས་ལ་མཆོད་པ་ཕུལ་བའི་ཚུལ་ཡང་རྣམ་པ་གསུམ་དུ་ཡོད་པར་བསྟན་ཏེ། བདེ་གཤེགས་ནི་སངས་རྒྱས་ཀྱི་མཚན་ཡིན་པར་གསལ་ལོ། ། "བདེ་གཤེགས་མཆོད་པ་ཡང་རྣམ་པ་གསུམ་མོ། །"[]ཞེས་པ་ལས། དགེ་བའི་ཚོགས་བསགས་པའི་ཐབས་སུ་བདེ་གཤེགས་ལ་མཆོད་པ་ཕུལ་བའི་ཚུལ་འཆད་པ་ན། བདེ་གཤེགས་ནི་སངས་རྒྱས་ལ་ཟེར་བ་ཡིན་ནོ། །

སྔོན་གྱི་བདེ་གཤེགས་ཀྱི་དཔེ།

[རྩོམ་སྒྲིག]

སྤྱོད་འཇུག་ལས།"ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །"ཞེས་པ་ལས། སྔོན་གྱི་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལྟར། དེང་ཕྱིན་ཆད་ཀྱང་དེ་བཞིན་དུ་སེམས་བསྐྱེད་པར་བྱ་བ་ཡིན་ནོ། །

བྱང་ཆུབ་སེམས་དཔའི་སྨོན་ལམ།

[རྩོམ་སྒྲིག]

སྤྱོད་འཇུག་ལས། "བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །"ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔས་འགྲོ་བ་ཐམས་ཅད་བདེ་གཤེགས་ཀྱི་གོ་འཕང་ལ་འགོད་པའི་དམ་བཅར་བྱེད་པ་ཡིན་ནོ། །

ཐུགས་རྗེའི་ཕྲིན་ལས།

[རྩོམ་སྒྲིག]

"ཐུབ་པ་དེ་བཞིན་གཤེགས་པའི་འོད་ཀྱིས་ཁ་ཕྱེ་ཞིང་རྒྱས་པར་བྱས་པའི་པདྨ་ལས་བྱུང་བའོ། །"[]ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་ཐུགས་རྗེའི་འོད་ཀྱིས་སེམས་ཅན་རྣམས་ཀྱི་ཞིང་ཁམས་འདི་ཁ་ཕྱེ་ཞིང་རྒྱས་པར་མཛད་པ་ཡིན་ནོ། །

མཐར་ཐུག་གི་འབྲས་བུ།

[རྩོམ་སྒྲིག]

"སྐྱོབ་པ་ཐམས་ཅད་ཀྱི་སྤྱན་སྔར་ཏེ་དེ་དག་དཔང་དུ་བཞག་ནས་འགྲོ་བ་རྣམས་མཐར་ཐུག་བདེ་གཤེགས་ཏེ་སངས་རྒྱས་ཀྱི་བདེ་བ་ཉིད་དང་ནི་བར་དུ་སྟེ་གནས་སྐབས་ཀྱི་བདེ་བ་ལ་མགྲོན་དུ་བོས་"[༡༠]ཞེས་གསུངས་པ་ལས། སེམས་ཅན་ཐམས་ཅད་མཐར་ཐུག་ཏུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ནི་བདེ་གཤེགས་ཏེ་བདེ་བར་གཤེགས་པ་ཡིན་པར་བཤད་དོ། །

བསྟན་པ་དང་འབྲེལ་བ།

[རྩོམ་སྒྲིག]

བདེ་གཤེགས་ཞེས་པ་བསྟན་པ་དང་འབྲེལ་ཏེའང་དྲངས་ཡོད་དེ། "བདེ་གཤེགས་བསྟན་ལ་རབ་ཞུགས་སྐྱེས་བུ་རྣམས།" ཞེས་པ་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་དང་། "བདེ་གཤེགས་བསྟན་དང་འགྲོ་ཀུན་ལེགས་སྐྱོང་བའི་བཤེས་གཉེན་མཆོག།" ཅེས་པ་ལྟར་བདེ་གཤེགས་ཀྱི་བསྟན་པ་སྐྱོང་བའི་དགེ་བའི་བཤེས་གཉེན་རྣམས་ལའང་སྨོན་ལམ་གདབ་པར་དྲངས་ཡོད་དོ། །

རྩོད་སྤོང་།

[རྩོམ་སྒྲིག]

དཀོན་མཆོག་གསུམ་གྱི་གོ་རིམས་འཆོལ་བ། "སངས་རྒྱས་ལས་ཆོས། ཆོས་ལས་འཕགས་པའི་དགེ་འདུན་ཏེ་ཞེས་པའི་གོ་རིམས་མ་ཡིན་ནམ། དེ་ཅིའི་ཕྱིར་སངས་རྒྱས་ཀྱི་དེ་མ་ཐག་ཏུ་འཕགས་པའི་དགེ་འདུན་དང་། དེའི་རྗེས་ལ་ཆོས་ཞེས་གོ་རིམས་འཆོལ་བར་བསྟན་ཞེ་ན། བདེན་ཏེ་འདིར་ཚིགས་སུ་བཅད་པ་སྦྱར་བའི་ངོར་བྱས་པའི་ཕྱིར་གོ་རིམས་འཆོལ་བར་བསྟན་པར་རིག་པར་བྱའོ། །"[༡༡]

ལུང་ཁུངས།

[རྩོམ་སྒྲིག]
  1. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
  2. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
  3. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
  4. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  5. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར།
  6. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  7. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན། ལག་བྲིས།
  8. ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ།
  9. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  10. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  11. ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།