བདུད་ལྷ་རྒྱལ་

ཡོང་ཁུངས་Wikipedia

བོད་པས་མི་རིགས་ཀྱི་སློབ་གསོ་བ་དང་ཤེས་ཡོན་པ་གླེང་དུས་དང་ཐོག་དགོན་སྡེའི་མཁན་པོ་དང་སྤྲུལ་སྐུ་དག་ལས་མགོ་བརྩམས་ཏེ་གླེང་སྲོལ་ཞིག་འདུག་ཅིང་། དགོན་སྡེའི་བླ་སྤྲུལ་མཁན་གསུམ་སྤྱི་ཚོགས་སུ་འཁྱེར་ཡོང་ནས་ཤུགས་རྐྱེན་ཐེབས་པའི་ཚུལ་མང་པོ་གླེང་གིན་འདུག དེ་ལོས་ཡིན་ཏེ། བོད་ཀྱི་སྤྱི་ཚོགས་ནི་ཆོས་སྲིད་མཉམ་བསྲེས་ལ་ཤིན་ཏུ་དགའ་བས། དོན་ཆེ་ཕྲ་གང་མང་ཞིག་ཆོས་ལུགས་དང་ཆོས་ལུགས་པའི་ལག་ཏུ་འཇོག་སྟེ་ཕལ་ཆེར་རྣམ་གཡེང་དང་བསླུ་བྲིད་ཤོར་བ་ལྟ་བུའི་ངང་དབུགས་རྒྱུན་ཆད་ལ་ཉེ་བའི་མི་རིགས་ཤིག་གྱུར་ཞིང་གནས་སུ་ལྷུང་ཡོད་པ་འདི་རེད།


འདི་དག་བསམ་དུས་ངས་ནི་ཆོས་དང་སྲིད་གཉིས་སོ་སོར་འཇོག་ཅིང་། ཆོས་ལུགས་པའི་མི་སྣ་སྤྱི་ཚོགས་མི་སྣ་གལ་ཆེན་དུ་བགྲང་གི་མེད་ལ། སྤྱི་ཚོགས་ལ་རྒྱུགས་ཆེ་བའི་སྐྱ་བོའི་ཁྲོད་ཀྱི་མི་སྣ་ཆོས་ལུགས་ལ་མི་རླབས་པོ་ཆེ་ཞིག་གཏན་ནས་འཇོག་ཅིང་མེད། དེར་བརྟེན། ངས་བོད་ཀྱི་མཁས་པ་དང་སློབ་གསོ་བ་ནི་དགོན་སྡེའི་བླ་སེར་དག་ལ་འཇོག་ཅིང་མེད་ལ། སྤྱི་ཚོགས་སུ་ཤུགས་རྐྱེན་ཟབ་པའི་འབུམ་རམས་པ་རྣམས་དང་། གཙིགས་སུ་འཛིན་འོས་པའི་སྤྱི་ཚོགས་སློབ་གསོ་བ་ངེས་ཅན་རེ་ལ་ངོས་འཛིན་བྱེད་ཀྱིན་ཡོད། དེ་དག་གི་ཁྲོད་ན་སྐུ་ཞབས་བདུད་ལྷ་རྒྱལ་ནི་ང་ལ་མཚོན་ན་ཆེས་དམིགས་གསལ་བའི་མི་སྣ་ཞིག་ཡིན་ལ། ངས་རྟག་པར་ནུབ་བྱང་སློབ་ཆེན་གྱི་སློབ་མ་དག་ལ་དགེན་བདུད་ལྷ་རྒྱལ་གྱི་གནས་ཚུལ་སྐོར་ཞིབ་འདྲི་བྱེད་ཀྱིན་ཡོད། དགེན་བདུད་ལྷ་རྒྱལ་ནི། སྤྱིར་བཏང་གི་མི་དཀྱུས་པ་ཞིག་ལས་མ་རེད་ལ། འཚོ་བའི་ཐད་ལའང་རྒྱས་སྤྲོས་ཕུན་སུམ་ཚོགས་པ་དེ་འདྲ་གང་ཡང་མ་ཡིན་པར་བཤད། ཁོང་ནི་དུས་རབས་ཀྱི་ཁུགས་སོ་ཞིག་ལ་མི་རིགས་ཀྱི་ཁ་ལོ་བ་དང་། ལོ་རབས་ཀྱི་རྒྱུད་རིམ་ཞིག་ལ་རྩོམ་རིགས་ཀྱི་སྣེ་ཁྲིད་པ་ཞིག་རེད།


ཁོང་གི་དཀའ་སྤྱད་སྡུག་རུས་ཀྱིས་ལོ་ངོ་དུ་མར་བོད་པའི་སློབ་ཆེན་ཁྲོད་དུ་མི་ཚེ་བསྐྱལ་ཞིང་། མི་རིགས་རིང་ལུགས་ཀྱི་ལྟ་བ་ལ་ཤུགས་སྣོན་དང་རྒྱས་སྤྲོས་གང་མཚམས་དར་སྤེལ་མཛད་མྱོང་བ་ད་ཆར་བོད་ཀྱི་སྤྱི་ཚོགས་ཟུར་སྣེ་ཡོང་ལ་བལྟོས་དང་གསལ་ཡོང་བ་འདི་རེད། འགའ་རེས་དགེན་བདུད་ལྷ་རྒྱལ་ནི་ལྟ་ལོག་པ་ཞིག་རེད། ཁོས་ཆོས་ལུགས་ལ་ལོག་རྟོག་གི་སྐད་ཆ་གང་མང་བཤད་ཀྱིན་འདུག་ཟེར། སྐད་ཆ་འདི་ནི་བོད་ཀྱི་སྒེར་ཚུགས་ཀྱི་བསམ་བློ་དང་ཁ་དབུགས་དྭངས་བའི་གཤིས་ཀ་ཅན་གྱི་མི་སྣ་སུ་ལའང་ཉེས་མེད་ཞྭ་ནག་བཟོ་སྤྱད་ཅིག་རེད་ལ། དཔེར་ན་དགེ་ཆོས་དང་མདའ་སྨྱུག་དག་ལའང་སྐད་ཆ་དེ་སྤང་ལ་མེ་ཤོར་བ་ལྟ་བུར་བཤད་མྱོང་པ་རེད། དགེན་བདུད་ལྷ་རྒྱལ་ནི།དགའ་སྐྱོ་ཆགས་སྡང་ཅན་གྱི་མི་སྣ་ཞིག་དང་། མི་རིགས་རིང་ལུགས་ལ་དགའ་ཞེན་ཡོད་པ། མི་རིགས་ཀྱི་མ་འོངས་པར་ཕུགས་བསམ་རྒྱང་དུ་བསྲིངས་མཁན། འགྲོ་བ་མིའི་རིགས་ཀྱི་རང་དབང་དང་། དམངས་གཙོ། འདྲ་མཉམ་དག་ལ་བརྩི་སྲུང་བྱེད་མཁན་གྱི་སྤྱི་ཚོགས་སྟེང་གི་མཁས་པ་ཞིག་ཡིན་པ་ལས། ཆོས་ལུགས་ཁྲོད་ཀྱི་དགེ་བཤེས་དང་། མཁན་པོ། སྤྲུལ་སྐུ་གང་ཡང་མ་ཡིན་པས་ལྟ་ལོག་རེད་ཅེས་ཁྲི་འབུམ་བརྗོད་ཀྱང་། ལུག་རྫི་རྒན་པོ་ལ་སྤྱང་ཀིའི་རྫིའུ་ཞེས་འབོད་པ་དང་ཁྱད་ཏིལ་ཙམ་མེད་པ་རེད།


དེ་བས་ན། ཁོང་ལ་ལྟ་ལོག་པ་ཞེས་ཡང་ཡང་བོས་ཀྱང་། ཁོང་ནི་བོད་ཀྱི་གཞོན་ནུའི་སྣེ་ཁྲིད་པ་དང་། མི་རིགས་ཀྱི་སྲོག་རྩ་ལྟ་བུར་གྱུར་པའི་དགེ་རྒན་ཚད་ལྡན་ཞིག་ཡིན་པས། ལྟ་ལོག་དང་དམ་ལོག་ཅེས་སུས་བཏགས་པར་འདོད་ཀྱང་མི་འདི་ལྷག་པར་རང་རེའི་བོད་དང་གཞོན་ནུ་དག་ལ་མ་ཡོད་ཐབས་མེད་ཀྱི་མི་སྣ་ཞིག་རེད། ངས་ཁོང་ལ་གཙིགས་ཆེན་གྱི་འདུ་ཤེས་བཟུང་སྟངས་དངོས་སུ་གླེང་ཙམ་བྱས་ན་འདི་འདྲ་ཞིག་ཡིན་ཏེ། སྤྱིར་མི་སུ་དང་གང་ཡིན་ཀྱང་ཐུན་མིན་གྱི་རང་གཤིས་ཤིག་དང་། གཞན་དང་མི་མཐུན་པའི་ལྷན་སྐྱེས་ཀྱི་གཤིས་ཀ་རེ་ཡོད་ཆོག་པ་འགྲོ་བ་མིའི་རིགས་ཀྱི་ལྡོག་མེད་ཀྱི་ཐོབ་ཐང་རེད་ལ། བོད་ཀྱི་སྤྱི་ཚོགས་ནང་ཁུལ་དུའང་ཐོབ་ཐང་དེ་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་དང་གཅིག་མཚུངས་ཡིན་པ་དོད་བཞག་ཡོད་པ་རེད། ང་ཚོས་ནམ་ཞར་དགེ་རྒན་དང་བླ་མའི་བར་ལྟ་བ་འདྲ་སའི་ཆ་མེད་ན་དེ་ལ་དོགས་པ་དང་། དགེ་རྒན་དེ་ག་རེ་ཡིན་ན་དྲན་གྱིན་ཡོད་ཀྱང་། འདི་ཚོར་བོད་ཀྱི་བསམ་བློའི་མཁའ་དབུགས་དྭངས་མ་ཐུབ་པར་སྨག་རུམ་དུ་ཚུད་ཡོད་པས་ང་ཚོས་སྨག་རུམ་དེ་གཏོར་མ་ཐུབ་པར་དེ་སྲིད་དུ་གུ་དོགས་ཀྱི་བློ་དེ་འདོར་མ་ཐུབ་པར་ཡིན་ངེས།


དེའི་དབང་གིས་དགེན་བདུད་ལྷ་རྒྱལ་ནི་བོད་ཀྱི་རྒྱུན་ལྡན་བསམ་བློ་ལ་དཔྱད་པ་གཏོང་མཁན་ཞིག་རེད། ལྷ་ཆོས་རིག་པའི་གཞུང་ལུགས་ཀྱི་སྐད་ཆ་འགའ་རེ་མི་རིགས་ཀྱི་ཁེ་དབང་དང་འཚམ་མིན་དཔྱད་པ་གཏོང་མཁན་ཞིག་རེད། དེ་བཞིན་ལྷ་ཆོས་རིག་གཞུང་ལས་བྱུང་བའི་ལྐོག་གྱུར་ཅན་གྱི་ཐ་སྙད་འགའ་རེ་རང་དང་ཁ་ཐག་ཇི་ཙམ་ཉེ་མིན་ལ་བསམ་གཞིགས་གཏོང་མཁན་ཞིག་རེད། མི་དེ་རང་བཞིན་གྱི་བོད་དམངས་རྨོངས་དད་ཅན་དང་རྦད་དེ་ལྡོག་པ་རེད་བཞག རྩོམ་རིགས་ཀྱི་ངོས་ནས་འཕྲོས་ཀྱང་། མི་དེ་སྲོལ་རྒྱུན་ལྟ་བའི་ཚུལ་གླེང་ཞོར་དེང་རབས་རྩོམ་རིགས་ལ་དཔྱད་བརྗོད་གཏོང་མཁན་ཞིག་རེད་ལ། བོད་ཀྱི་དེང་རབས་རྩོམ་པ་པོའི་རྩོམ་ཡིག་ཚད་ལྡན་དག་ལ་སློབ་ཁྲིད་དང་དཔྱད་བརྗོད་བྱས་ཏེ་རང་བཞིན་གྱི་རྩོམ་ཡིག་འབྲི་རྒྱུར་དགའ་བ་དག་ལ་རྩོམ་འབྲིའི་སྣེ་ཁྲིད་ཆེན་པོ་བསྐྲུན་མྱངས་པ་རེད། དགེ་རྒན་ཞིག་གི་ཚད་ལས་བསམ་བློ་གཏོང་ནའང་། ཏག་ཏག་“དགེ་རྒན”ཞེས་པའི་མིང་དེ་མི་བོར་བའི་ཐོག་ནས་ལོ་དུ་མར་བོད་ཀྱི་སློབ་ཆེན་གཞོན་ནུ་དག་དང་མི་ཚེ་མཉམ་བསྐྱལ་བྱས་ཏེ་བོད་ཀྱི་རྩོམ་འབྲིའི་གཞུང་ལུགས་དང་། སྤྱི་ཚོགས་རིང་ལུགས། བསྡུས་ཏེ་བཤད་ན། ད་ལྟར་བོད་ཀྱི་སྤྱི་ཚོགས་ལ་ཆེས་མཁོ་བའི་བསམ་བློ་མང་པོ་གསར་འཛུགས་བྱས་ཡོད་པས། ང་ཚོས་ཅིས་ཀྱང་བཀའ་དྲིན་དང་སྐུ་དྲིན་ཞུ་ས་ནོར་མི་རུང་བའོ།། དེའི་དབང་གིས། དགེན་བདུད་ལྷ་རྒྱལ་ནི་འདྲ་འདྲའི་ནང་གི་མ་འདྲ་བའི་མི་སྣ་ཞིག་ཏུ་གདེངས་འཇོག་བྱེད་ཆོག་པ་ད་རུང་ཟུར་འགའ་རེ་ནས་གླེང་ཆོག་ཀྱང་རེ་ཞིག་དེ་ཙམ་བྱའོ། །