བདུད་བཞི་
བདུད་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལས་རྒྱལ་དགོས་པའི་གེགས་ཀྱི་གཙོ་བོ་རྣམས་ཡིན་ཏེ། "རང་གི་ཕུང་པོ་ལ་སོགས་པ་བདུད་བཞི་དག་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་གཉིས་སུ་ལྷུང་བའི་འཇིགས་པ་ལས་ཀྱང་རབ་ཏུ་འདས་ཤིང༌།"[༡] ཞེས་གསུངས་པ་ལྟར་རོ། །"བྱང་སེམས་མཁས་པ་དེ་ཡང་སེམས་ཅན་ཁམས་རྣམས་ཀུན་ཏུ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་བྱམས་པ་ཆེན་པོའི་སྟོབས་ཀྱིས། ལྷའི་བུའི་བདུད་ལ་སོགས་པ་བདུད་བཞི་དག་དང་ཉན་རང་གིས་གཉིས་ལས་ཀྱང་རབ་ཏུ་འདས་ནས།"[༢] ཞེས་གསུངས་སོ། །
མཚན་ཉིད།
[རྩོམ་སྒྲིག]"འདི་ལྟར་ལྷའི་བུ་ལ་སོགས་པའི་བདུད་བཞི་ལས་འདས་ཤིང་ཉན་ཐོས་དང་རང་རྒྱལ་གྱིས་གཉིས་ལས་ཀྱང་རབ་འདས་ནས་སངས་རྒྱས་ཐོབ་པར་བྱེད་པའི་ཏིང་ངེ་འཛིན་མཆོག་ལ་གནས་ཤིང་།"[༣] ཞེས་གསུངས་པ་ལྟར་རོ། །
སྒྲ་བཤད།
[རྩོམ་སྒྲིག]བདུད་ཅེས་པ་ནི་གེགས་བྱེད་པའམ་བར་ཆད་བྱེད་པའི་དོན་ཏེ། བཞི་ཞེས་པ་ནི་གྲངས་ཀྱི་མིང་སྟེ། དེས་ན་བདུད་བཞི་ཞེས་པ་ནི་བར་ཆད་བྱེད་པའི་གེགས་ཀྱི་རིགས་བཞིའོ། །
དབྱེ་བ།
[རྩོམ་སྒྲིག]"དེ་བས་ན་ཕུང་པོ་ལ་སོགས་པའི་བདུད་བཞིས་རབ་ཏུ་བསྐྱོད་པར་མི་ནུས་སོ། །"[༤]ཞེས་གསུངས་པ་ལྟར་རོ། ། ལྷའི་བུའི་བདུད། "དེ་ལྟར་ལྷའི་བུའི་བདུད་ལས་འདས་པར་ལན་མང་དུ་བསྟན་ནས་ཕྱིར་བདུད་བཞི་ལས་འདས་པར་བསྟན་པའི་ཕྱིར།"[༥] ཞེས་གསུངས་པ་ལྟར། ལྷའི་བུའི་བདུད་ནི་བདུད་བཞིའི་ནང་ནས་གཅིག་ཡིན་ནོ། །
རྩོད་སྤོང་།
[རྩོམ་སྒྲིག]"གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་ཀུན་ཡོངས་སུ་བསྔགས་པ་བཟུང་སྟེ་བདུད་དུ་གྱུར་ལ། བ་སྤུ་ཉག་རེ་ལས་ཀྱང་བདུད་ཀྱི་ཚོགས་དེ་སྙེད་སྤྲུལ་བྱས་ཀྱང་། དེ་དག་ཀུན་གྱིས་མཁས་ལ་བར་ཆད་བྱ་མི་ནུས།"[༦] ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་རྣམས་ལ་བདུད་ཀྱིས་བར་ཆད་བྱེད་མི་ནུས་སོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག ༨༩
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག ༣༦a-༣༦bb
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག ༡༠༤
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག ༡༢༦
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག ༡༢༦
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག ༡༢༦