Jump to content

བདུད་ཀྱི་སྤྱོད་ཡུལ་

ཡོང་ཁུངས་Wikipedia

བདུད་ཀྱི་སྤྱོད་ཡུལ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལ་བར་ཆད་བྱེད་པའི་གནས་ཏེ། ཁྱད་པར་དུ་ང་རྒྱལ་དང་ལྷག་པའི་ང་རྒྱལ་གྱིས་རང་ཉིད་དབེན་པར་གནས་པར་རློམ་ཞིང་། གཞན་བྱང་ཆུབ་སེམས་དཔའ་གྲོང་དུ་གནས་པ་རྣམས་ལ་བརྙས་སྨོད་བྱེད་པའི་གནས་སྐབས་ལ་གོ །

མཚན་ཉིད།

[རྩོམ་སྒྲིག]

བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་དང་འདྲེས་ཤིང་། ལུས་དབེན་པར་གནས་པ་ཙམ་གྱིས་ལྷག་པའི་ང་རྒྱལ་སྐྱེས་ནས། གཞན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྙས་སྨོད་བྱེད་པའི་གནས་སྐབས།

དབྱེ་བ།

[རྩོམ་སྒྲིག]

ང་རྒྱལ་གྱི་རྣམ་པ། "བྱང་ཆུབ་སེམས་དཔའ་གཞན་གྱི་དྲོ་ཚད་མི་རིག་པར་དྲོད་ཉོན་མོངས་པ་དེ་ནི་བདག་ཉིད་ཉམས་པར་འགྱུར་རོ། །"[]ཞེས་གསུངས། བརྙས་སྨོད་ཀྱི་རྣམ་པ། "དེས་ང་རྒྱལ་གྱིས་འདི་སྐད་དུ་ང་དབེན་པར་གནས་ཀྱི་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་ལ་བརྩོན་པ་བསམ་གཏན་དང་སྟོབས་དང་དབང་པོ་ལྔ་དང་རྣམ་ཐར་བརྒྱད་ཀྱི་ཏིང་ངེ་འཛིན་ཐོབ་པ་གྲོང་དུ་གནས་པ་དེ་ལ། བྱང་སེམས་འདི་ནི་དགོན་པའི་དབེན་པར་སྤྱོད་པ་མ་ཡིན་སྙམ་དུ་བརྙས་སྨོད་བྱེད་པ་དེ་ནི་བདུད་ཀྱི་སྤྱོད་ཡུལ་ལ་གནས་ཞེས་རྒྱལ་བས་གསུངས་སོ། །"[]ཞེས་སོ། །

རྩོད་སྤོང་།

[རྩོམ་སྒྲིག]

ལུས་དབེན་པ་དང་སེམས་དབེན་པའི་ཁྱད་པར། "བྱང་ཆུབ་སེམས་དཔའ་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་སྙམ་དུ་རློམ་ན་ལྷག་པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཉིད་ཐོབ་པ་མ་ཡིན་ནོ། །"[]ཞེས་གསུངས་པ་ལྟར། ལུས་དབེན་པར་གནས་ཀྱང་སེམས་ཉན་རང་གི་ཐེག་པའི་ཡིད་བྱེད་དང་མ་བྲལ་ན་བྱང་ཆུབ་སེམས་དཔའི་དབེན་པ་མ་ཡིན་པར་བསྟན། ཡང་དག་པའི་དབེན་པའི་མཚན་ཉིད། "ཐོས་བསམ་ཉན་རང་གི་ཐེག་པ་གཉིས་ཀྱི་སེམས་དང་བྲལ་ཞིང་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་ན། འདི་ནི་འགྲོ་དོན་བྱེད་པ་ལ་ཞུགས་པ་རྣམས་ཀྱི་དབེན་པ་མ་ནོར་བ་སྟེ།"[] ཞེས་གསུངས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་༩༩
  2. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་༤༠བ།
  3. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༡༡༢
  4. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་༩༩