Jump to content

བདག་སྒྲ་

ཡོང་ཁུངས་Wikipedia

བདག་སྒྲ་བཤད་པ། པ་བ་པོ་བོ་ཅན་ལྡན་རྣམས་ཏེ། པ་བ་པོ་བོ། རྣམས་དོན་ཕོ་བརྗོད་པ་ལ་གཙོ་ཆེར་སྦྱོར་བས་ན། སྐྱེས་པའི་རྟགས་སམ་ཕོའི་རྟགས་ཞེས་བྱ་ཞིང་། ཕོའི་རྟགས་དེ་རྣམས་མིང་མཐར་སྔར་མེད་པ་ལ་གསར་དུ་སྦྱོར་ཚེ་བདག་པོའི་སྒྲར་འགྱུར་བ་ཡིན་ལ། པ་བ་པོ་བོ་ཅན་ལྡན་རྣམས་མིང་མཐར་གང་ལ་སྦྱོར་ཚུལ་ནི། ག་ད་ན་བ་མ་ས་དང་། ། ད་དྲག་ཅན་མཐར་པ་དང་པོ། ། ང་འ་ར་ལ་མཐའ་མེད་མཐར། ། བ་དང་བོ་ཉིད་སྦྱོར་བ་སྟེ། ། ཅན་ལྡན་ངེས་མེད་སྐབས་དང་སྦྱར། ། ཞེས་པ་ལྟར་ག་ད་ན་བ་མ་ས་དང་ད་དྲག་ཅན་རྣམས་ལ་པ་དང་པོ་སྦྱར་ཞིང་། ང་འ་ར་ལ་དང་མཐའ་མེད་ཅན་རྣམས་ལ་བ་དང་བོ་སྦྱར་ལ། ཅན་ལྡན་དག་མིང་གི་མཐའ་ངེས་པ་མེད་པར་སྐབས་ཐོབ་ཀྱིས་སྦྱར་བར་བྱའོ། དཔེར་ན། དབུས་པ། སོ་ནམ་པ། ལྷོ་བྲག་པ། རི་དྭགས་པ་ལྟ་བུ་དང་། ཞིང་བ། མདའ་བ། མགར་བ། བྱ་ཡུལ་བ། བཟོ་བ། སློབ་གྲྭ་བ་ལྟ་བུ་དང་། ཡི་གེའི་བྱེད་པོ། སྤྱི་ནོར་ལེན་པོ། བྱེད་པ་བོ། གཏོང་བ་བོ། ལྟ་བུ་དང་། ཡོན་ཏན་ཅན། སྨ་ར་ཅན། དབྱུག་པ་ཅན། བློ་ལྡན། འབྱོར་ལྡན། ཤེས་ལྡན། ལྟ་བུའོ། ། འདི་ལ་བཤད་ཚུལ་མང་ཡང་འདི་ལྟར་རྟགས་མཐའ་འདྲེན་ཚུལ་ལ་སྦྱར་ན་ལེགས་པར་སེམས། ཡོད་པ། མེད་པ། བུམ་པ། ཀ་བ། སྤྱི་བོ། ལྟ་བུའི་པ་བ་དང་པོ་བོ་མིང་གི་ཆ་ཤས་ཡིན་པས། བདག་སྒྲ་མིན་ལ། གྲངས་ལྡན་རི་ཡི་འཕྲེང་བ། ལྟ་བུ་དང་། ལྷ་ཁང་ཀ་བ་ཤིང་ལོ་ཅན། ལྟ་བུའི་ལྡན་དང་ཅན་དག་ཀྱང་བདག་སྒྲ་དང་མཚུངས་པའི་ཚིག་ཕྲད་ཡིན་མོད། བདག་སྒྲ་དངོས་མིན་ཏེ། བདག་སྒྲ་ནི་བདག་པའམ་ལྡན་པའི་གང་ཟག་དེ་སྟོན་བྱེད་ཅིག་དགོས། པ་བ་པོ་བོ་ཅན་ལྡན་ཡོད་ཚད་བདག་སྒྲ་ཡིན་མི་དགོས་པ་ཤེས་དགོས་སོ། །