བཏང་སྙོམས་
བཏང་སྙོམས་ཞེས་པ་ནི་ཆོས་ཀྱི་སྒྲུབ་པ་སོ་སོར་གང་ལ་སློབ་པའི་སྐབས་སུ་དུས་དང་གནས་སྐབས་ངེས་ཅན་དུ་ཚུལ་ཁྲིམས་ཀྱི་བསླབ་པ་ཆུང་ངུ་གཅིག་འགའ་ཞིག་རེ་ཞིག་སོར་བཞག་ནས་སྐྱབས་འགྲོ་དང་སྦྱིན་པ་སོགས་འགའ་ཞིག་ལ་དམིགས་པར་ལ་སློབ་པའི་ཐབས་ཤིག་ཡིན།
ནང་དོན།
[རྩོམ་སྒྲིག]ལམ་གྱི་གོ་རིམ་ལ་སློབ་ཚུལ། དགེ་བའི་ཆོས་ལ་སློབ་པའི་སྐབས་སུ་སློབ་པ་ཀུན་ལ་ཡིད་གཞོལ་ནས་ཐམས་ཅད་དུས་གཅིག་ཏུ་སྒྲུབ་པར་འདོད་ན། སྔ་ཕྱི་གཉིས་ཀ་མཐར་མ་ཕྱིན་པར་འགྱུར་སྲིད་པས། ལམ་རིམ་པ་བཞིན་དུ་ཐོག་མར་གང་ཞིག་བསམས་ཏེ་བྱ་བ་བརྩམས་པ་དེ་ཉིད་རེ་ཞིག་རྫོགས་པར་བྱས་ནས་གཞན་ལ་འཇུག་དགོས། དཔེར་ན། "དགེ་བ་སྟོབས་མཉམ་རྣམས་ནི་གང་ཞིག་བསམས་ཏེ་ཐོག་མར་བྱ་བ་བརྩམས་པ་དེ་ལས་གཞན་དུ་སྟེ་དོར་ནས་གཞན་མི་བྱ་སྟེ། དེར་གཏད་པའི་བསམ་པ་ཡིས་དེ་ཉིད་རེ་ཞིག་བསྒྲུབ་པར་བྱ་ཞིང་། དེ་ཟིན་ནས་གཞན་བྱ་སྟེ་དེ་ལྟ་ན་ནི་སྔ་ཕྱི་ཀུན་ལེགས་པར་བྱས་པར་འགྱུར་གྱི་གཞན་དུ་ན་སྔ་ཕྱི་གཉིས་ཀ་མཐར་ཕྱིན་པར་མི་འགྱུར་རོ། །"[༡]ཞེས་གསུངས་པ་ལྟར། སྔོན་བརྩམས་པའི་ལམ་དེ་ཉིད་རེ་ཞིག་བསྒྲུབ་པར་བྱ་དགོས།
གནང་བ་ཁྱད་པར་ཅན། ཆོས་སྒྲུབ་པའི་སྐབས་སུ་འཇིགས་པ་དང་དགའ་སྟོན། སེམས་ཅན་གྱི་དོན་ཆེན་པོ་སོགས་ལྟ་བུའི་གནས་སྐབས་བྱུང་ཚེ། ཤིན་ཏུ་བསྡམས་པའི་སྤྱོད་ལམ་མི་ནུས་ན་རེ་ཞིག་གནས་སྐབས་དེ་དག་དང་རྗེས་སུ་མཐུན་པའི་སྤྱོད་ལམ་ཅི་བདེར་བྱ་བར་གནང་སྟེ། "འཇིགས་པ་ནི་མེའི་སྲེག་པ་ལ་སོགས་པའོ། དེ་བཞིན་དུ་དཀོན་མཆོག་གསུམ་ལ་མཆོད་པ་ལ་སོགས་པ་ནི་དགའ་སྟོན་ནོ། དེ་བས་ཆེས་ལྷག་པའི་སེམས་ཅན་གྱི་དོན་ལ་སོགས་པའང་རུང་སྟེ། དེ་དག་བྱུང་བ་ན་གལ་ཏེ་གནས་པར་མི་ནུས་ན་དེའི་ཚེ་འདོད་པ་བཞིན་དུ་སྤྱོད་དོ་ཞེས་གནང་བ་སྟེ། ལྟུང་བ་དང་བཅས་པར་མི་འགྱུར་རོ། །"[༢]ཞེས་གསུངས་པ་ལྟར། དེ་འདྲའི་གནས་སྐབས་སུ་རེ་ཞིག་ཅི་བདེར་བྱ་བར་གནང་བ་ཡིན།
སྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲེལ་བ། སྦྱིན་པ་ལ་སློབ་པའི་དུས་དག་ཏུ་གཉིས་ཀ་དུས་གཅིག་ཏུ་སྒྲུབ་མི་ནུས་པའི་གནས་སྐབས་སུ་ཚུལ་ཁྲིམས་ཕྲ་མོ་བཏང་སྙོམས་སུ་བཞག་པར་གསུངས། "སྦྱིན་པ་ལ་སློབ་པ་གཙོ་བོར་གྱུར་པའི་སྦྱིན་པའི་དུས་དག་ཏུ་ཚུལ་ཁྲིམས་ཕྲ་མོ་སྒྲུབ་མི་ནུས་པ་བཏང་སྙོམས་སུ་བཞག་པར་གསུངས་སོ། ལམ་གྱི་གོ་རིམས་ལ་མཁས་པར་བྱས་ནས་རིམས་ཅན་དུ་རྫོགས་པར་བྱ་དགོས་པའི་དོན་ནོ། །"[༣]ཞེས་གསུངས་པ་ལྟར། འདི་ནི་ལམ་གྱི་གོ་རིམ་མ་ནོར་བར་རིམ་པ་བཞིན་དུ་སློབ་པའི་དགོས་པ་ཡོད།
དཔེ་མཚོན་ཁྱད་པར་ཅན། "དཔེར་ན་གསད་བྱའི་སེམས་ཅན་ལ་མི་འཇིགས་པ་སྦྱིན་པའི་ཕྱིར་དུ་དེ་མཐོང་བཞིན་དུ་མ་མཐོང་ཞེས་བརྫུན་དུ་སྨྲ་བ་ལྟ་བུ་ཡིན་"[༤]ཞེས་གསུངས་པ་ལྟར། སེམས་ཅན་གྱི་སྲོག་སྐྱོབ་པའི་ཆེད་དུ་ཚུལ་ཁྲིམས་ཀྱི་བསླབ་པ་ལས་ཅུང་ཟད་ལོག་ཀྱང་ལྟུང་བ་མི་འབྱུང་བར་གསུངས།
དམིགས་བྲལ་དང་དམིགས་པ། "གཏན་པ་མེད་པའི་སྦྱིན་པ་རྒྱ་ཆེན་པོ་སྦྱིན་པའི་དུས་དག་ཏུ་ལག་པ་ཆེར་བཀྱོད་པའམ་ཆང་སྦྱིན་པ་ལ་བུའི་ཚུལ་ཁྲིམས་ཀྱི་བསླབ་པ་ཆུང་ངུ་བཏང་སྙོམས་སུ་བཞག་པ་བྱ་"[༥]ཞེས་གསུངས་པ་ལྟར། ཆེ་བའི་སྦྱིན་པ་སྒྲུབ་པའི་སྐབས་སུ་ཆུང་ངུའི་ཚུལ་ཁྲིམས་རེ་ཞིག་བཏང་སྙོམས་སུ་བཞག་པ་གནང་བ་ཡིན།
སེམས་དགེ་བའི་དམིགས་པ་ལ་བཏགས་ཚུལ། "ཅི་ནས་ཀྱང་དགེ་བའི་དམིགས་རྣམ་ལ་དེ་ལྟར་བཏགས་པ་དེ་ལས་གཞན་དུ་མ་ཡེངས་པའི་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་བརྩོན་པ་དེ་ནི་སྐད་ཅིག་གཅིག་ཀྱང་དགེ་སེམས་དེ་ལས་གཞན་དུ་རྣམ་པར་གཡེང་ནས་ལོག་པའི་ཡུལ་གྱི་དབང་དུ་མི་འཆོར་བར་བྱས་ཏེ་དུས་དང་དུས་སུ་བདག་གི་ཡིད་འདི་དགེ་མི་དགེ་སོགས་གར་སྤྱོད་པར་བྱེད་ཅེས་ཤེས་བཞིན་གྱི་བྱ་རབས་དེ་ལྟར་རང་གི་ཡིད་ལ་ཡང་དང་ཡང་དུ་སོ་སོར་བརྟགས་ནས་གཞན་དུ་སོང་ན་དེ་ལས་བཟློག་ནས་སྔར་གྱི་དགེ་བའི་དམིགས་རྣམ་དེ་ཉིད་ཀྱི་སྟེང་དུ་བཞག་ནས་སེམས་དབང་དུ་བྱ་ལ་སྔར་བཞིན་དུ་རང་གི་ངང་གིས་འཇུག་ན་བཏང་སྙོམས་སུ་བཞག་པར་བྱའོ། །"[༦] ཞེས་གསུངས་པ་ལྟར། དགེ་བའི་དམིགས་པ་ལ་སེམས་འདོགས་ཐབས་དང་། ཡེངས་སོང་ཚེ་སླར་བཞག་ཚུལ། མི་ནུས་པའི་སྐབས་སུ་རེ་ཞིག་བཏང་སྙོམས་སུ་བཞག་ཚུལ་བཅས་གསལ་བར་བསྟན། "གཟིག་སོགས་ཀྱིས་སྲོག་གི་འཇིགས་པ་དང་དཀོན་མཆོག་གི་མཆོད་པའི་དགའ་སྟོན་དུས་མཆོད་ལྟ་བུ་ལ་སོགས་པ་དང་གཞན་དོན་ཆེན་པོ་སྒྲུབ་པ་དང་འབྲེལ་བར་ཤིན་ཏུ་བསྡམས་པའི་སྤྱོད་ལམ་དེ་ལྟ་བུའི་རྩེ་གཅིག་ཏུ་མཉམ་པར་བཞག་པར་གལ་ཏེ་མི་ནུས་པར་གྱུར་པའི་ཚེ་ན་རེ་ཞིག་དྲན་ཤེས་བརྟེན་ཏེ་སེམས་མ་ཡེངས་པར་ཅི་བདེར་བྱ་བ་གནང་སྟེ་"[༧]ཞེས་གསུངས་པ་ལྟར། སྲོག་གི་འཇིགས་པ་དང་། དཀོན་མཆོག་མཆོད་པ། གཞན་དོན་ཆེན་པོ་སོགས་ལ་འབྲེལ་བའི་སྐབས་སུ་རེ་ཞིག་ཅི་བདེར་བྱ་བར་གནང་བ་ཡིན།
དོན་བསྡུས།
[རྩོམ་སྒྲིག]བཏང་སྙོམས་ཞེས་པ་ནི་སྤྱིར་ལམ་རིམ་པ་བཞིན་དུ་སློབ་པའི་སྐབས་སུ་གལ་ཏེ་གཉིས་ཀ་དུས་གཅིག་ཏུ་སྒྲུབ་མི་ནུས་ཤིང་སྦྱིན་པ་སོགས་ལ་གཙོ་བོར་སློབ་དགོས་པའི་གནས་སྐབས་སུ་ཚུལ་ཁྲིམས་ཀྱི་བསླབ་པ་ཕྲ་མོ་རེ་ཞིག་སྒྲུབ་མི་ནུས་པ་རྣམས་སེམས་མཉམ་པར་གཞག་པའི་ངང་དུ་སོར་བཞག་པའམ། ཡང་ན་སྲོག་གི་འཇིགས་པ་དང་དཀོན་མཆོག་མཆོད་པ། སེམས་ཅན་གྱི་དོན་ཆེན་པོ་སོགས་དང་འབྲེལ་བའི་གནས་སྐབས་སུ་ཤིན་ཏུ་ཕྲ་བའི་སྤྱོད་ལམ་མི་ནུས་པར་གྱུར་ཚེ་རེ་ཞིག་ཅི་བདེར་བྱ་བར་གནང་བ་ལ་ཟེར། འདི་ལྟར་བྱས་པས་ལྟུང་བ་མི་འབྱུང་ཞིང་ལམ་གྱི་གོ་རིམ་ཤེས་བཞིན་མ་ཡིན་པའི་ཉེ་བའི་ཉོན་མོངས་པ་འཕེལ་བར་མི་འགྱུར་བ་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།