Jump to content

བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་

ཡོང་ཁུངས་Wikipedia

བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་[The Heart of the Perfection of Wisdom Sutra] ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་མདོ་སྡེ་གཙོ་བོ་ཞིག་ཡིན་ཞིང་། ཐེག་པ་ཆེན་པོའི་གཞུང་ལུགས་ནང་གི་རྩ་བའི་མདོ་ཞིག་ཡིན། མདོ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཚོགས་ཧ་ཅང་རྒྱས་པ་རྣམས་ཀྱི་ནང་དོན་སྙིང་པོ་ཤོག་ལྷེ་གཅིག་གི་ནང་དུ་བསྡུས་པ་ཞིག་ཡིན་པས། མདོ་འདི་ལ་སྙིང་པོ་ཞེས་མིང་བཏགས་པ་ཡིན། ཤེས་རབ་སྙིང་པོ་འདི་ནི་ཤོག་ལྷེ་གཅིག་ལས་མེད་ཀྱང་ནང་དོན་རབ་ཏུ་ཟབ་ཅིང་རྒྱ་ཆེ་བ། ཐེག་པ་ཆེན་པོའི་ལྟ་གྲུབ་ཀྱི་སྙིང་དོན་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་མདོར་བསྡུས་ནས་གསལ་བར་སྟོན་པའི་གཞུང་ཞིག་ཡིན། དེའི་ཕྱིར་མདོ་འདི་ནི་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ནང་པ་ཚོས་ཉིན་ལྟར་འདོན་པ་དང་དོན་གཉེར་བྱེད་པའི་མདོ་གལ་ཆེན་གྲས་ཤིག་ཡིན། རྒྱ་གར་སྐད་དུ་མདོ་འདིའི་མཚན་ལ་བྷ་ག་ཝ་ཏི་པྲ་ཛྙཱ་པཱ་ར་མི་ཏ་ཧྲྀ་ད་ཡ་ཟེར་བ་དེ་བོད་སྐད་དུ་བསྒྱུར་ན་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་[]ཞེས་འབོད། སྤྱིར་བཅོམ་ལྡན་འདས་ཞེས་པ་ནི་འཁྲུལ་པ་དང་བྲལ་ཞིང་ཡོན་ཏན་དཔག་ཏུ་མེད་པའི་སྣོད་དུ་གྱུར་པ་སྟེ་སངས་རྒྱས་ལ་གོ། འདིར་ཞེས་པ་སྦྱར་བ་ནི་ཤེར་ཕྱིན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཡིན་པའི་རྒྱུ་མཚན་གྱིས་ཡིན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་འདི་ནི་ཆོས་ཐམས་ཅད་ཀྱི་དངོས་པོའི་གནས་ལུགས་མཐའ་དག་མངོན་སུམ་དུ་གཟིགས་ཤིང་། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པས་མ་འམ་ཡུམ་ཞེས་བརྗོད། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་ཡིན་པ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་རྟོགས་པའི་བློ་ལ་གོ། ཕ་རོལ་ཏུ་ཕྱིན་པ་ནི་འཁོར་བའི་འདི་ངོགས་ནས་མྱ་ངན་ལས་འདས་པའི་ཕ་རོལ་གྱི་ངོགས་སུ་སླེབས་པ་ལ་ཟེར། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་ཀྱིས་འཁོར་བ་ལས་བརྒལ་ཏེ་མྱ་ངན་ལས་འདས་པའི་གནས་སུ་བགྲོད་པའི་དོན་ཡིན། སྙིང་པོ་[]ནི་གནད་དོན་བསྡུས་པའམ་མདོར་བསྡུས་པའི་དོན་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྒྱས་པ་ཡི་གེ་འབུམ་ཕྲག་མང་པོ་ཡོད་པ་ལས་ནང་དོན་སྙིང་པོ་ཚིག་ཉུང་ངུར་བསྡུས་པ་ཡིན་པས་སྙིང་པོ་ཞེས་བརྗོད། མདོ་འདི་ཧ་ཅང་ཐུང་ངུ་ཡིན་ནའང་སྟོང་ཉིད་ཀྱི་ལྟ་བ་ཟབ་མོ་ཡོངས་རྫོགས་འདུས་ཡོད་པ་ནི་ཁྱད་ཆོས་ཐུན་མོང་མིན་པ་ཞིག་ཡིན།རོང་སྟོན་ཤེས་བྱ་ཀུན་རིག་གི་འགྲེལ་པ་ལས་ཤེས་རབ་སྙིང་པོའི་མཚན་གྱི་སྐོར་གསལ་བཤད་རྒྱས་པར་གནང་ཡོད། རྒྱ་གར་སྐད་དུ་མདོ་འདིའི་མཚན་ལ་བྷ་ག་ཝ་ཏི་པྲ་ཛྙཱ་པཱ་ར་མི་ཏ་ཧྲྀ་ད་ཡ་ཟེར། མཚན་གྱི་ཚིག་རེ་རེ་བཞིན་བཤད་ན། བྷ་ག་ཝ་ཏི་བཅོམ་ལྡན་འདས་མ། པྲ་ཛྙཱ་པཱ་ར་མི་ཏ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཧྲྀ་ད་ཡ་སྙིང་པོ། དེས་ན་བོད་སྐད་དུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་འབོད།

ལོ་རྒྱུས་དང་ཁུངས།

[རྩོམ་སྒྲིག]

ཤེས་རབ་སྙིང་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཚོགས་ཁོངས་ནས་བྱུང་བ་ཞིག་ཡིན། ཤེས་རབ་ཕ་རོལ་ཕྱིན་གྱི་མདོ་ཚོགས་ནི་ཤོག་གྲངས་བརྒྱ་སྟོང་མང་པོ་འབྲི་དགོས་པའི་གཞུང་རྒྱས་པ་ཞིག་ཡིན་པ་དང་། དེ་དག་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ་ ༡༠༠ ཙམ་ནས་སྤྱི་ལོའི་དུས་རབས་ ༥ པ་ཙམ་གྱི་བར་ལ་རིམ་གྱིས་མཛད་པར་བཤད། ཤེས་རབ་སྙིང་པོ་ནི་རྒྱ་གར་དུ་སྤྱི་ལོའི་དུས་རབས་ ༡ པ་ནས་ ༥ པའི་བར་ལ་བྱུང་བའི་གཞུང་ཞིག་ཡིན་པར་བཤད་ཀྱང་། ལོ་རྒྱུས་ཐོག་གསལ་ཁ་མེད། མདོ་འདི་རྒྱ་ཡིག་ཏུ་བསྒྱུར་བ་དང་པོ་ནི་སྤྱི་ལོ་ ༤༠༠ ཙམ་ལ་ཀུ་མཱ་ར་ཛཱི་ཝས་བསྒྱུར་བར་བཤད། བོད་སྐད་དུ་དང་པོ་བསྒྱུར་ཚུལ་ནི་བསམ་ཡས་དགེ་བའི་འདུན་སར་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་སྡེས་བསྒྱུར་ཅིང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བློ་དང་ནམ་མཁའ་ལ་སོགས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པར་བཤད། ད་ལྟ་མདོ་འདི་ནང་པའི་གཞུང་ལུགས་ཁྲོད་ཤིན་ཏུ་རྒྱས་ཤིང་དར་ཁྱབ་ཆེ་བ་ཞིག་ཏུ་གྱུར་ཡོད། འཛམ་གླིང་ས་ཕྱོགས་མང་པོར་སྐད་ཡིག་འདྲ་མིན་གྱི་ཐོག་ཏུ་ཡོད་པ་དང་། ལྷག་པར་དུ་བོདརྒྱ་ནགཉི་ཧོང་ཀོ་རི་ཡ། ཝི་ཏི་ནམ་སོགས་ཤར་ཨེ་ཤི་ཡའི་ཡུལ་གྲུ་མང་པོར་ཧ་ཅང་དར་ཁྱབ་ཆེན་པོ་ཡོད།

མདོ་འདིའི་བརྗོད་དོན་གཙོ་བོ།

[རྩོམ་སྒྲིག]

ཤེས་རབ་སྙིང་པོའི་བརྗོད་དོན་གཙོ་བོ་ནི་སྟོང་པ་ཉིད་ཀྱི་ལྟ་བ་ཡིན། དེ་ཡང་མདོ་འདིའི་ནང་སྟོང་པ་ཉིད་ཀྱི་ལྟ་བ་གཙོ་བོ་འདི་ལྟར་གསུངས་ཡོད།

༡ ༽ ཕུང་པོ་ལྔ་སྟོང་པ་ཉིད།

མདོ་འདིའི་ནང་སྤྱན་རས་གཟིགས་དབང་ཕྱུག་གིས་"ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱི་སྟོང་པར་ཡང་དག་པར་རྗེས་སུ་ལྟའོ།།" ཞེས་གསུངས་པ་ལྟར། ང་ཚོའི་ཕུང་པོ་ལྔ་ནི་གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་བཅས་ཡིན་ལ། དེ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པར་གསུངས། དེ་ཡང་། "གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན།" ཞེས་དང་པོར་གཟུགས་ཕུང་ལ་མཚོན་ནས་བཤད་ཡོད། འདིའི་དོན་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མཐར་གཏུགས་ན་སྟོང་པ་ཉིད་ཡིན་ལ། དེ་ཡང་སྟོང་པ་ཉིད་དེ་ཉིད་གཟུགས་དང་ཁ་བྲལ་བ་མ་ཡིན་ཞིང་། གཟུགས་དེ་ཉིད་ཀྱང་སྟོང་པ་ཉིད་དང་ཁ་བྲལ་བ་མ་ཡིན་པར་གཟུགས་སྟོང་པ་དང་སྟོང་པ་གཟུགས་སུ་གསུངས། དེ་ལྟར་ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་བཅས་ལ་ཡང་ཤེས་དགོས།

༢ ༽ ཆོས་ཐམས་ཅད་སྟོང་པ་ཉིད།

མདོ་འདིའི་ནང་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་སྐོར་གསུངས་ཡོད། "ཤཱ་རིའི་བུ་དེ་ལྟར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ།།" ཞེས་པ་ལྟར། འཇིག་རྟེན་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས། དེ་ལ་མཚན་ཉིད་མེད། མ་སྐྱེས། མ་འགགས། དྲི་མ་མེད། དག་པ་མེད། འཕེལ་འགྲིབ་མེད་པར་གསུངས། སྟོང་པ་ཉིད་ཀྱི་ངོ་བོ་འདི་ལྟར་ཡིན་ཞེས་བརྗོད་དུ་མེད་པའི་དོན་ཡིན།

༣ ༽ དགག་པ་བཅུ་དྲུག

མདོ་འདིའི་ནང་དགག་པ་བཅུ་དྲུག་གི་རིམ་པ་དང་བསྟུན་ནས་སྟོང་པ་ཉིད་ཀྱི་ངོ་བོ་གསལ་བར་སྟོན་པ་ཡིན། ཚིག་གཞི་ནི་འདི་ལྟར་ཡིན། "ཤཱ་རིའི་བུ་དེ་ལྟ་བས་ན། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ།།" འདིའི་ནང་ཕུང་པོ་ལྔ། སྐྱེ་མཆེད་བཅུ་གཉིས། སོགས་ཐམས་ཅད་མེད་པར་གསུངས་ཡོད། "མེད་"ཟེར་བའི་དོན་ནི་རང་བཞིན་གྱིས་གྲུབ་པ་མེད་པའི་དོན་ཡིན་གྱི། གཏན་ནས་མེད་པ་མ་ཡིན། འདི་ནི་དབུ་མའི་ལྟ་བའི་ཁྱད་ཆོས་ཤིག་ཡིན་པས། ཡོད་མེད་ཀྱི་མཐའ་དང་བྲལ་བའི་དབུ་མའི་ལམ་སྟོན་པ་ཡིན།

༤ ༽ རྟེན་འབྲེལ་ཡན་ལག་བཅུ་གཉིས་སྟོང་པ་ཉིད་ཡིན་པ།

མདོ་འདིའི་ནང་འཁོར་བའི་རྩ་བ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱང་སྟོང་པ་ཉིད་ཡིན་པར་གསུངས་ཡོད། "མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས། རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ།།"ཞེས་པ་ལྟར། སེམས་ཅན་འཁོར་བར་འཁོར་བའི་རྒྱུ་རྐྱེན་ཡིན་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱང་སྟོང་པ་ཉིད་ཡིན་པས། དེ་དག་རང་བཞིན་གྱིས་གྲུབ་པ་མེད་པར་སྟོན་པ་ཡིན།

༥ ༽ བདེན་པ་བཞི་སྟོང་པ་ཉིད་ཡིན་པ།

མདོ་འདིའི་ནང་སངས་རྒྱས་པའི་བདེན་པ་བཞི་ཡང་སྟོང་པ་ཉིད་ཡིན་པར་གསུངས་ཡོད། "དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ།།"ཞེས་པ་ལྟར། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་སྟེ་བདེན་པ་བཞི་པོ་ཡང་སྟོང་པ་ཉིད་ཡིན་པར་གསུངས། དེ་བཞིན་དུ་ཡེ་ཤེས་དང་ཐོབ་པའང་སྟོང་པ་ཉིད་ཡིན་ཞིང་། མཐར་ཐོབ་པ་པོ་ཡང་སྟོང་པ་ཉིད་ཡིན་པས་སྟོང་པ་ཉིད་ལ་ཐོབ་པ་མེད་པ་ནས་མ་ཐོབ་པའང་མེད་པ་ཡིན།

༦ ༽ བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ།
མདོ་འདིའི་ནང་བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ་ཡང་གསུངས་ཡོད། "ཤཱ་རིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས། མྱ་ངན་ལས་འདས་པར་ཕྱིན་ཏོ།།" ཞེས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཤིང་། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་ཡང་མེད། དེའི་ཕྱིར་བདེན་པར་འཛིན་པའི་ཕྱིན་ཅི་ལོག་ལས་གྲོལ་ཏེ་མྱ་ངན་ལས་འདས་པར་བགྲོད་པར་གསུངས།

༧ ༽ སངས་རྒྱས་ཀྱི་བདེན་པ།
མདོ་འདིའི་ནང་སངས་རྒྱས་ཀྱི་བདེན་པའང་གསལ་བར་སྟོན་པ་ཡིན། "དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ།།" ཞེས་པ་ལྟར། འདས་པ་དང་། ད་ལྟ་དང་། མ་འོངས་པ་བཅས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཡིན་པར་གསུངས།

ཤེས་རབ་སྙིང་པོའི་སྔགས།

[རྩོམ་སྒྲིག]

ཤེས་རབ་སྙིང་པོའི་མཐའ་མཇུག་ཏུ་སྔགས་ཤིག་གསུངས་ཡོད། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་སྔགས་ཡིན་ལ། དེ་ནི་"ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོདྷི་སྭཱཧཱ།" ཞེས་པ་འདི་ཡིན། ཏདྱ་ཐཱ་དེ་ལྟར་ན། ཨོཾ་ཡི་གེ་ཨོཾ་ནི་སྔགས་ཀྱི་འགོ་འདྲེན་ཏེ་བཀྲ་ཤིས་པའི་དོན། ག་ཏེ་ག་ཏེ་ཕྱིན་པ་འམ་སོང་བ་གཉིས། པཱ་ར་ག་ཏེ་ཕ་རོལ་ཏུ་ཕྱིན་པ། པཱ་ར་སཾ་ག་ཏེ་ཕ་རོལ་ཏུ་ཡང་དག་པར་ཕྱིན་པ། བོ་དྷི་བྱང་ཆུབ། སྭཱཧཱ། བཀྲ་ཤིས་པར་གྱུར་ཅིག

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་སྙིང་པོའི་མདོ།
  2. ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད།