བཅའ་ཁྲིམས་དང་བཅས་ཁྲིམས་
【བཅས་ཁྲིམས】དང【བཅའ་ཁྲིམས】སྤྱིར་ན་བཅས་ཁྲིམས་ནི་སྡོམ་ལྡན་གྱི་བསླབ་བྱའི་འདུལ་ཁྲིམས་ཏེ་སངས་རྒྱས་ཀྱིས་ཉེས་སྤྱོད་རྣམས་སྡོམ་པའི་ཆད་དུ་བཅས་པའི་ཁྲིམས་ཤིག་གི་དོན་དུ་འདུས་པས། ཁྲིམས་བཅའ་མཁན་དེ་དང་ཁྲིམས་འཁུར་མཁན་དེ་གཉིས། ཁྲིམས་དེའི་མདུན་ནས་འདྲ་མཉམ་མིན། གཅིག་ནི་མངོན་རྟོགས་རྫོགས་པའི་སངས་རྒྱས་དང་། ཅིག་ཤོས་ནི་མངོན་རྟོགས་རྫོགས་པའི་གོ་འཕང་ཐོབ་ཆེད་སྡོམ་ལྡན་བསླབ་བྱ་འཁུར་པའི་དགེ་སློང་ཡིན་པས་རེད། དེས་ན། འུ་ཅག་གིས་རོ་མན་གོང་མ་ཚུགས་ཏེ། འགོ་རྟིང་མ་ལོག་དབར་གྱི་རོ་མན་གྱི་ཁྲིམས་དང་། 1688ལོའི་གསར་བརྗེའི་སྔོན་གྱི་དབྱིན་ཇིའི་ཁྲིམས་དག་ནིབཅས་ཁྲིམས་ལས་བཅའ་ཁྲིམས་མིན་པ་ཤེས་གལ་ཆེ། རྒྱུ་མཚན་ནི། གོང་མ་དང་མི་སེར། རྒྱལ་པོ་དང་འབངས་མི་གཉིས་ཁྲིམས་ཀྱི་མདུན་ནས་འདྲ་མཉམ་མིན་པས་སོ།། དེར་བརྟེན། རང་རེའི་རྩོམ་དུ་འབྲི་སྐབས་ཀྱང་དེ་བཞིན་དུ་བཀོལ་ན་ལེགས་པར་སྙམ། ད་རེབ་ཁོ་བོའི་རྩོམ་དུ་དེ་ལྟར་སྤྱད་ཡོད། བཅའ་ཁྲིམས་ནི་རྒྱལ་ཁབ་དེའི་སྲིད་འཛིན་དང་དཀྱུས་དམངས་སུ་ཞིག་ཡིན་རུང་ཁྲིམས་དང་འགལ་ཚེ། བྱས་ཉེས་རང་ལྡོག་གི་ངོས་ནས་ཐག་གཅོད་པ་ལས། མཚན་ཐོབ་དང་གོ་ཐོབ་བཅས་ཀྱི་ཕྱོགས་གཟུར་རིས་ལྟ་ཡོད་མི་ཆོག་པས། སྐྱེ་བོ་ཡོད་དོ་ཅོག་ལ་འདྲ་མཉམ་གྱིས་ཚད་འཇལ་བྱེད་པའི། ཁྲིམས་དེ་ནི་བཅའ་ཁྲིམས་སུ་གདགས་པའོ།། རྩ་ཁྲིམས་ནི་རྒྱལ་ཁབ་དེའི་གཞི་རྩའི་ཁྲིམས་ཤིག་སྟེ། ཁྲིམས་ལུགས་ཀྱི་ནུས་པ་བླ་མེད་མཐོ་བས། བཅའ་ཁྲིམས་གཞན་དག་གཏན་འབེབ་བྱེད་པའི་གཞི་འཛིན་གཙོ་བོ་ཡིན། དཔེར་ན། རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་ལ། རྩ་བ་དང་ཡན་ལག་ལྟ་བུའི་འབྲེལ་ཆོས་དེ་ཚང་ཡོད། ཡིན་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། དབྱིན་ཇིའི་རྒྱལ་ཁབ་ལ་བཅའ་ཁྲིམས་ལས་གཅིག་གྱུར་གྱི་རྩ་ཁྲིམས་མེད། དབྱིན་ཇིར་མཚོན་ན། ཁྲིམས་བཟོ་ལྷན་ཚོགས་ནི། ཆེས་བླ་ན་མེད་པའི་དབང་ཚད་མཐོ་ཤོས་དེ་ཡིན་པས་རེད། ཨ་རི་ལྟ་བུར་མཚོན་ན། ཆེས་བླ་ན་མེད་པའི་དབང་ཚད་མཐོ་ཤོས་ནི་ཆེས་མཐོའི་ཁྲིམས་ཁང་རེད་ལ། དེ་ནི་ཨ་རིའི་ཆེས་བླ་ན་མཐོ་བ་ནི་རྩ་ཁྲིམས་ཐུ་མོ་ཆེ་དེ་ཡིན་པས་རེད། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་དུ་དབུ་བཞུགས་ཁྲིམས་དཔོན་གཅིག་དང་གཞོན་གྲས་ཁྲིམས་དཔོན་བརྒྱད་བཅས་ཁྲིམས་དཔོན་དགུ་ཡོད་པ་རེད། དེ་དག་ཨ་རིའི་སྲིད་འཛིན་གྱིས་བསྐོ་བཞག་བྱས་ཏེ་རྒྱལ་ཡོངས་གྲོས་ཁང་གོང་མས་ཆོག་མཆན་ཕབ་དགོས། ཁྲིམས་དཔོན་དེ་རྣམས་ཀྱི་ལས་ཁུར་མི་བརྗེ་བར་ཧ་ལམ་མི་ཚེའི་རིང་བྱེད་སྲོལ་འདུག་ཀྱང་། གལ་སྲིད་ཁྲིམས་དང་མི་མཐུན་པའི་ཕྱོགས་ལྷུང་བྱས་པ་སྣང་དུ་ཡོད་ཚེ། རྒྱལ་ཡོངས་གྲོས་ཁང་གོང་མས་ཉེས་འཛུགས་ཀྱིས་གོ་གནས་བརྗེ་སྤོར་བྱས་ཆོག དེ་མིན་ཁོང་ཚོ་སྒེར་གྱིས་རེ་འདུན་ཞུས་ཚེ་རང་ལོ་བདུན་ཅུར་སོན་པ་དང་། ལས་འཁུར་བཞེས་ནས་ལོ་བཅུ་ལོན་པའམ། ཡང་ན་ལོ་དྲུག་ཅུ་རེ་ལྔར་སོན་པ་དང་ལས་འཁུར་བཞེས་ནས་ལོ་བཅོ་ལྔ་ལོན་པ་ན་རྒན་ཡོལ་ལས་ཁྱུར་བྱས་ཆོག ཆེས་མཐོའི་ཁྲིམས་ཁང་དེའི་འོག་ཏུ། རྒྱལ་ཡོངས་མངའ་སྡེ་ལྔ་བཅུ་ཡོངས་རྫོགས་ཚོ་ཁག་བཅུ་གཅིག་ཏུ་ཆ་བགོས་བྱས་པའི་ས་ཁུལ་དུ། གོང་གཏུག་ཁྲིམས་ཁང་རེ་ཁྱོན་རྫོང་བདའ་གོང་གཏུག་ཁྲིམས་ཁང་ཁག་བཅུ་གཅིག་ཡོད་པ་རེད། གོང་གཏུག་ཁྲིམས་ཁང་དེ་ཚོའི་གཤམ་དུ། རྫོང་གཞིས་ཁྲིམས་ཁང་ཞེས་པ་ཡོད་ལ། དེ་ཉིད་མངའ་སྡེའི་ལྔ་བཅུ་སོ་སོའི་མི་འབོར་མང་ཉུང་ལ་དམིགས་ནས་མངའ་སྡེ་རེ་རེར་རྫོང་གཞིས་ཁྲིམས་ཁང་གཅིག་ནས་བཞི་བར་ཡོད་པ་རེད། དེ་དག་མངའ་སྡེའི་ཁྲིམས་ཁང་གིས་ཐེ་གཏོགས་མེད་པར་དབུས་གཞུང་གི་ཁོངས་སུ་གཏོགས་པ་རེད་འདུག་པས། ཨ་རིའི་སྲིད་ལུགས་ནི་སྲིད་འཛིན་ལམ་ལུགས་ཡིན་པ་རེད། དབྱིན་ཇི་ནི་དེ་ལས་ལྡོག་འདུག་པས་དེའི་སྲིད་ལུགས་ནི་གྲོས་ཚོགས་ལམ་ལུགས་ཡིན་པ་རེད།