Jump to content

བག་ཡོད་

ཡོང་ཁུངས་Wikipedia

བག་ཡོད་ནི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལ་ཉེས་པ་མི་འབྱུང་བར་ཤེས་བཞིན་གྱིས་སྲུང་བ་དང་། དགེ་བའི་ལས་ལ་བརྩོན་པའི་སེམས་ཀྱི་ཆ་རྐྱེན་གཉིས་ཀ་ཚང་དགོས་པའི་སེམས་ཀྱི་གནས་སྟངས་ཤིག་ཡིན།

བག་ཡོད་བསྟེན་ཚུལ།

[རྩོམ་སྒྲིག]

བག་ཡོད་ཀྱི་ཁྱད་ཆོས་གཙོ་བོ་ནི་རྒྱུད་ལ་དགེ་བའི་དམིགས་པ་དྲན་པ་གོམས་པར་བྱེད་པ་ཡིན། "ཅི༷་ནས༷་ཀྱང་དགེ་བའི་ལ༷ས་གང་དང་གང་བྱེད༷་ལ་དེ་དང་དེའི་སྔོན༷་རོ༷ལ་ན༷ས་ལས་དེ་ཐམ༷ས་ཅ༷ད་ཡང་དག་པར་འགྲུབ་པ་ལ༷་ནི༷་མཐུ་སྟོབས་ནུས་པ་ཡོ༷ད་པ༷་དེ༷་ལྟར༷་བྱ་བའི་ཆེད་དུ་བསྒྲུབ་བྱ་བསླབ་པ་ལ་བསམ་སྟེ་བག་ཡོད་པར་བྱ་བ་ལ་སོགས་པའི་བ༷ག་ཡོ༷ད་པ་སྟེན་ཚུལ་གྱི་གཏམ༷་སྔར་བསྟན་པ་རྣམས་དྲན༷་པར་བྱས་ཏེ༷། བད༷ག་ཉིད༷་དགེ་བའི་ལས་ལ་ལྡང༷་བ༷་ཡ༷ང་བ༷ར་ཞེས་ཤིན་ཏུ་དགའ་ཞིང་སྤྲོ་བས་མྱུར་དུ་འཇུག་པར་བྱ༷་སྟེ།"[] ཞེས་དྲན་པ་གོམས་པ་བྱས་ནས་དགེ་བར་བསྐུལ་བ།

འཇིགས་པ་བསྲུང་ཚུལ།

[རྩོམ་སྒྲིག]

བག་ཡོད་ཀྱི་ཉེས་པ་ལ་འཇིགས་ནས་སྲུང་བའི་ཁྱད་ཆོས་ནི་གཡང་སའི་དཔེ་དང་སྦྱར་ནས་གོ་བཤད་གནང་ཡོད། ཆུང་ངུའི་གཡང་ས་ལའང་བག་ཡོད་དགོས་ན། ཆེན་པོའི་གཡང་ས་ལ་བག་ཡོད་དགོས་པ་ནི་སྨོས་མ་དགོས། "གཡང་ས་ཐ་མལ་བ་ཆུང་ངུ་ལའང་ལྷུང་དོགས་ནས་བག་ཡོད་པས་གནས་པར་བྱ་དགོས་ན། དཔག་ཚད་སྟོང་ཕྲག་དུ་མས་མཚོན་པའི་གཡང་སར་ཡུན་རིང་པོར་གནས་དགོས་པ་ལ་བག་ཡོད་བྱ་དགོས་པ་སྨོས་ཅི་དགོས་པས་ཉོན་མོངས་ཀྱི་གཉེན་པོ་བསྟེན་པ་ལ་འབད་པར་བྱའོ། །"[]ཞེས་གསུངས་པ་ལྟར་དོན་ཆུང་དོན་ཆེན་གང་ལའང་བག་ཡོད་བྱེད་པ་གལ་ཆེ་བ།

སེམས་དབང་དུ་བྱ་བ།

[རྩོམ་སྒྲིག]

བག་ཡོད་ཀྱི་དགེ་བ་ལ་སྤྲོ་བས་འབད་པའི་ཁྱད་ཆོས་ནི་རླུང་གིས་ཤིང་བལ་གཡོ་བའི་དཔེ་ལྟར་ཡིན། སེམས་དགེ་བ་ལ་སྤྲོ་བས་ལུས་ངག་ཡིད་གསུམ་རང་དབང་དུ་བྱས་ཚེ་དགེ་བའི་ལས་ཐམས་ཅད་འགྲུབ་པར་འགྱུར། "དེའི་དགོས་པ་ནི། ཇི་ལྟར་རླུང་ནི་ཕར་འགྲོ་བ་དང་ཚུར་འོང་བས་ཤིང་བལ་ལ་ཕན་ཚུན་ཅིང་བདེར་རང་དབང་བསྒྱུར་བ་དེ་བཞིན་དུ་རང་གི་སེམས་དགེ་བ་ལ་སྤྲོ་བས་ལུས་ངག་ཡིད་གསུམ་དབང་བ་མྱུར་བར་བྱ་དགོས་ཏེ། དེ་ལྟར་ན་ནི་དགེ་བའི་ལས་ལ་དོན་གཉེར་གྱིས་འཇུག་ཅིང་གང་བརྩམས་པ་ཐམས་ཅད་ཀྱང་མཐར་ཕྱིན་ཏེ་ཡང་དག་པར་འགྲུབ་པར་འགྱུར་བའོ། །"[]ཞེས་གསུངས།

བསམ་གཏན་དང་འབྲེལ་བ།

[རྩོམ་སྒྲིག]

བག་ཡོད་ནི་བསམ་གཏན་སྒོམ་པའི་སྐབས་སུ་སྒྲིབ་པ་སེལ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། གཉིད་དང་རྨུགས་པ་སོགས་སྒྲིབ་པ་ལྔ་བཟློག་པའི་ཆེད་དུ་བག་ཡོད་ཀྱི་གཏམ་དྲན་པར་བྱ་དགོས། "བག་ཡོད་ཀྱི་ལེའུར་བཤད་པའི་གཏམ་རྣམས་དྲན་པར་བྱས་ལ་བསམ་གཏན་གྱི་སྒྲིབ་པ་རྣམས་བཟློག་ཅིང་རྩེ་གཅིག་པས་རྣལ་འབྱོར་དུ་བྱའོ། །"[]ཞེས་གསུངས་པ་ལྟར་སེམས་རྕེ་གཅིག་བྱེད་དགོས་སོ། །"བག་མེད་པ་ནི་ལུས་དང་སེམས་ཀྱི་རྣམ་པར་གཡེང་བ་ཡིན་ལ་དེ་ལས་བཟློག་པ་ནི་བག་ཡོད་པ་ཡིན།"[] ཞེས་གསུངས།

བསྡུས་དོན།

[རྩོམ་སྒྲིག]

བག་ཡོད་ནི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལ་ཉེས་པ་མི་འབྱུང་བར་ཤེས་བཞིན་གྱིས་སྲུང་བ་དང་། དགེ་བའི་ལས་ལ་ཤིན་ཏུ་སྤྲོ་བས་འབད་པའི་སེམས་ཀྱི་གནས་སྟངས་ལ་གོ། དེའི་ཁྱད་ཆོས་གཙོ་བོ་ནི་རྒྱུད་ལ་དགེ་བའི་དམིགས་པ་དྲན་པ་གོམས་པར་བྱེད་པ་དང་། རླུང་གིས་ཤིང་བལ་གཡོ་བའི་དཔེ་བཞིན་དུ་སེམས་དབང་དུ་བྱས་ན་དགེ་བའི་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༤༡༡
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༤༧
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༤༡༢
  4. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༦༣༥
  5. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༢༨༥