བག་མེད་
བག་མེད་ཅེས་པ་ནི་དྲན་པ་དང་ཤེས་བཞིན་མ་བྱས་པ་སྟེ་བློ་རྨོངས་པ་དང་སེམས་རྣམ་པར་གཡེངས་པ་སོགས་ཀྱིས་བླང་དོར་ལ་འཇུག་ལྡོག་ཕྱིན་ཅི་ལོག་ཏུ་སྤྱོད་པའི་སེམས་ཀྱི་གནས་སྟངས་ཤིག་ལ་གོ
སྒྲ་བཤད།
[རྩོམ་སྒྲིག]བག་དང་མེད་ཅེས་པའི་སྒྲ་གཉིས་ཀྱིས་གྲུབ་སྟེ། བག་ནི་བག་ཡོད་པ་སྟེ་འབད་རྩོལ་དང་ཉེས་པ་བཤགས་པ་དང་རེ་བ་ལ་སྲེད་པ་སོགས་ལ་ཟེར་ལ། མེད་ཅེས་པ་ནི་དེ་དག་མེད་པ་སྟེ་རྣམ་པར་གཡེངས་ཤིང་མ་བརྟགས་པར་སྤྱོད་པའོ།
དབྱེ་བ།
[རྩོམ་སྒྲིག]སེམས་ཀྱི་རང་བཞིན་གྱི་བག་མེད་འདི་ནི་སེམས་གཉིད་ཀྱིས་ནོན་པ་དང་རྣམ་པར་གཡེངས་པ་སོགས་ཀྱིས་དྲན་པ་དང་ཤེས་བཞིན་བརླགས་པའི་གནས་སྟངས་ཤིག་ཡིན་ཏེ། "གཉིད་ལོག་གམ་ནི་སེམས་གཉིད་ཀྱིས་ནོན་པ་ཡིན་ལ། བག་མེད་པ་ནི་རྣམ་པར་གཡེངས་པས་ཏེ། སེམས་ཀྱང་གཉི་ག་དང་འབྲེལ་ཏོ། །"[༡]ཞེས་གསུངས། སྤྱོད་པའི་བག་མེད་འདི་ནི་རང་དོན་གཙོ་བོར་བསམས་ཏེ་གཞན་ལ་གནོད་པ་བྱེད་པ་སྟེ། "བག་མེད་པ་ཉོན་མོངས་པའི་དབང་གིས་ནི་བདག་ལའང་བདག་རང་ཉིད་ཀྱིས་ཁ་ཅིག་ཐར་པའི་དོན་དུ་ཚེར་མ་ལ་འགྲེ་བ་དང་གཡང་དུ་མཆོང་བ་ལ་སོགས་གནོད་པ་བྱེད་པ་དང༌། ཁ་ཅིག་བུད་མེད་དང་ནོར་ལ་སོགས་པ་ཐོབ་པར་བྱ་བའི་ཕྱིར་རྔམ་ཞིང་ཁྲོས་པས་ཟས་གཅོད་པ་ལ་སོགས་པ་བྱེད་པ་"[༢]ཞེས་གསུངས།
ནང་དོན།
[རྩོམ་སྒྲིག]སྒོ་གསུམ་གྱི་བག་མེད་"སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ལ་འཇུག་ལྡོག་ཕྱིན་ཅི་ལོག་ཏུ་བྱེད་པའི་བག་མེད་པའི་དབང་དུ་གྱུར་པ་"[༣]ཞེས་གསུངས། བདག་འཛིན་གྱི་བག་མེད་འདི་ནི་རང་དོན་འབའ་ཞིག་ལ་བློ་གཏད་ནས་གཞན་དོན་ལ་ལྟ་མེད་བྱེད་པ་སྟེ། "རང་དོན་འབའ་ཞིག་སེམས་ཤིང་བག་མེད་པར་གྱུར་ནས་ཁྱོད་སེམས་ཅན་རྣམས་ལ་མ་བྱིན་ན། ཁྱོད་ཀྱིས་སྡིག་པའི་ལས་བསགས་ནས་ཁོ་བོ་དམྱལ་བ་ཡི་བསྲུང་མ་རྣམས་ལ་བྱིན་དུ་ངེས་པས་བདག་གཅེས་འཛིན་ཁྱོད་གཞོམ་པར་བྱའོ། །"[༤]ཞེས་གསུངས། འཇུག་སེམས་ཀྱི་བག་མེད་འཇུག་པའི་བྱང་ཆུབ་ཀྱི་སེམས་བླངས་ནས་ཀྱང་ཕར་ཕྱིན་དྲུག་ལ་སྦྱོར་བ་མེད་པའི་བག་མེད་ནི་"འཇུག་སྡོམ་བླངས་ནས་སྦྱིན་སོགས་ལ་དུས་དང་དུས་སུ་ཅུང་ཟད་ཅུང་ཟད་ཙམ་དུའང་མི་སྦྱོར་ན་དགེ་བ་མི་འཕེལ་བར་མ་ཟད་དགེ་བ་ལ་མི་སྦྱོར་བའི་རྩ་ལྟུང་གི་ཉེས་པ་ཆེན་པོ་འབྱུང་བར་གསུངས།"[༥]ཞེས་གསུངས།
འབྲས་བུ།
[རྩོམ་སྒྲིག]དུས་དེ་རིང་གི་འབྲས་བུ་བག་མེད་པའི་འབྲས་བུ་ལ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གཉིས་ཡོད་པ་ལས། དང་པོ་ནི་"མི་རྟག་ཅིང་རིང་དུ་མི་གནས་ལ་སྙིང་པོ་ཅུང་ཟད་ཀྱང་མེད་པའི་ཚེ་ཐུང་འདིའི་རིང་ལ་ཟས་གོས་ལོངས་སྤྱོད་སོགས་འཚོ་བའི་ཐབས་ཙམ་སྒྲུབ་པ་དང་དགྲ་གཉེན་སོགས་དང་བཅས་པའི་ཆེད་དག་ཏུ་དགོས་པ་མེད་ལ་ཉེས་དམིགས་ཆེ་བའི་སྡིག་པ་མང་པོ་ཞིག་ཉེ་བར་བསྒྲུབས་ཤིང་བསགས་སོ་ཞེས་འགྱོད་པ་སྐྱེད་པ་"[༦]ཞེས་གསུངས། ཕྱི་མའི་འབྲས་བུ་ཕྱི་མའི་འབྲས་བུ་ནི་"གལ་ཏེ་ཡང་ཇི་ལྟར་བག་མེད་པར་གྱུར་ཏེ། བློ་སྟོར་བས་བག་མེད་པའམ་དྲན་པ་ཉམས་ཏེ་སེམས་ཅན་རྣམས་ལ་སེམས་ཁྱོད་མ་བྱིན་ཏེ། རང་ཉིད་ཀྱིར་བྱས་ན་དེའི་ཚེ་ཁྱོད་ཀྱིས་ཁོ་བོ་དམྱལ་བའི་སྲུང་མ་རྣམས་ཏེ། དམྱལ་བའི་སྡུག་བསྔལ་སྐྱེད་པ་ལ་སྦྱར་བ་གཤིན་རྗེའི་སྐྱེས་བུ་རྣམས་ལ་བྱིན་པར་ངེས་ཏེ་ཐེ་ཚོམ་ཡོད་པ་མ་ཡིན་ནོ། །"[༧]ཞེས་གསུངས།
གཉེན་པོ།
[རྩོམ་སྒྲིག]བག་མེད་ཀྱི་གཉེན་པོ་ནི་བག་ཡོད་ཡིན་ཏེ། "བག་ཡོད་གཏམ་ནི་དྲན་བྱས་ནས། །གཉིད་དང་རྨུགས་པ་བཟློག་པར་བྱ། །རྒྱལ་སྲས་ཐུགས་རྗེ་ཆེ་རྣམས་ལྟར། །རིགས་པའི་སྲན་ནི་གཟུགས་བྱས་ཏེ། །ཉིན་མཚན་ཕྱད་པར་མ་འབད་ན། །བདག་གིས་སྡུག་སྔལ་ནམ་མཐར་ཕྱིན། །"[༨]ཞེས་གསུངས།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་43
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་338
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་161
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་670
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་43
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་161
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་1361
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་262