བག་ཆགས་དོང་སྤྲུགས་

ཡོང་ཁུངས་Wikipedia

རྩོམ་པ་པོ། ཞོགས་དུང་།

གཞུང་དངོས།[རྩོམ་སྒྲིག]

སྣོད་བཅུད་གཉིས་ཀྱིས་གྲུབ་པའི་འཇིག་རྟེན་འདི་ཅི་འདྲའི་ཕུན་སུམ་ཚོགས་པ་ཞིག་དང་།འཚོ་གནས་ཀྱི་ཕྱིར་དུ་མངོན་པར་རྒྱུག་པའི་མི་ཚེ་འདི་ཅི་འདྲའི་མཚར་སྡུག་ལྡན་པ་ཞིག་རེད་ཨང་།གཡོལ་མི་ཐུབ་པའི་མཚར་སྡུག་གི་བསླུ་བྲིད་དེས།ང་ཚོའི་འཚོ་གནས་ཀྱི་མོས་པ་སེམས་གཏིང་ནས་ཡང་དག་པར་བསླངས་ཤིང་།ང་ཚོའི་འཚོ་གནས་ཀྱི་དྲན་ཤུགས་ཇེ་དྲག་ནས་ཇེ་དྲག་ཏུ་བསྐྱེད།འཚོ་གནས་ཙམ་པོ་བས་ང་ཚོའི་ཞེ་འདོད་གཏན་ནས་སྐོང་མི་ཐུབ་ཅིང་།འཚོ་གནས་ཙམ་པོ་བས་ང་ཚོའི་བློ་ཡིད་ཀུན་ནས་ཚིམ་མ་ནུས།
འུ་ཚོ་མི་ཡུལ་འདིར་འཚོ་དགོས་ལ་གནས་ཀྱང་དགོས།སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར།འུ་ཚོ་ཡུན་ནས་ཡུན་དུ་འཚོ་གནས་བྱ་ཕྱིར།དགྲ་འདྲེ་འཕུང་སྦྱོར་གྱི་ཡོ་ལང་འཁྲུགས་པའི་བག་ཆགས་རྙིང་པར་མངན་བགྲང་ལ་མཚང་འབྲུ།གཡུལ་བཤམས་ལ་འཐབ་མོ་སྦྲན།
འུ་ཚོའི་འཕུང་དགྲ་དེ་ཡུལ་གཞན་ལ་བཙལ་རྒྱུ་མེད།འུ་ཚོའི་འཕུང་དགྲ་ནི་འུ་ཚོ་རང་ཉིད་ཀྱི་བག་ཆགས་རྙིང་པ་ཡིན། བག་ཆགས་རྙིང་པས་ད་རེག་བར་དུ་འུ་ཚོའི་འཚོ་གནས་ཀྱི་སྲོག་དབུགས་ཚར་གཅོད་བཏང་ནའང་། ད་ལྟ།ང་ཚོས་བག་ཆགས་རྙིང་པའི་རྩ་ལག་དང་བཅས་པ་བཅོམ་བརླག་བྱ་ཆེད།འགས་གཏོར་གྱི་མདའ་ཁ་རང་སེམས་ལ་གཏོད་ཅིང་།ཕྱིར་རྒོལ་གྱི་དབུ་སྒོ་རང་ཉིད་ནས་རྩོམ།བག་ཆགས་རྙིང་པའི་ངོས་ཀྱི་དགྲ་འདྲེ་འཕུང་སྦྱོར་གྱི་དཔུང་ཚོགས་དེ་དག་དབྱེ་ན་རིགས་དང་རྣམ་གྲངས་མཐའ་ཡས་པ་ཡོད་སྲིད་ནའང་།ང་ཚོས་གནས་སྐབས་སུ་རིམ་པ་བཞི་རུ་ཕྱེས་ནས་རེ་རེ་བཞིན་གཞོམ་གཞིག་གཏོང་དགོས་ཏེ།
རིམ་པ་དང་པོ། ཡ་ཐོག་ལྷ་འདྲེ་བག་ཆགས།
དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ།།ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས།།དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ།།མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས།།དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ།།ཡུལ་གྱི་མིང་ལ་བོད་ཡུལ་གླིང་དགུར་བཏགས།།དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ།།ཡུལ་མིང་བོད་ཁམས་སྤུན་དགུས་དབང་བྱས་ཏེ།།ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས།།ཞེས་པ་ལྟར་མཐོ་སྒང་གི་ཡུལ་འདི་རིམ་པ་བཞིན་གནོད་སྦྱིན་དང་།བདུད་སྲིད།ཀླུ་བཙན།མ་སངས་སོགས་ཀྱིས་བཟུང་བར་རློམ་པའི་ལོ་རྒྱུས་ཀྱི་བཤད་རྒྱུན་ནི་འུ་ཚོའི་མེས་པོ་རྣམས་ཀྱི་ཡ་ཐོག་ལྷ་འདྲེ་བག་ཆགས་ཀྱི་ཐོག་མ་རེད།དེ་ནས་བཟུང་མི་མངོན་པའི་ཚུལ་དུ་འཚུབ་རྒྱུག་འདུར་བའི་ལྷ་འདྲེའི་ཁྱུ་ཚོགས་གནམ་ས་བཀང་བ་བསྐྱེད་པ་སྟེ། གདོན་ཆེན་པོ་གསུམ་དང་། ལྷ་ཆེན་པོ་བཞི།འགོ་བའི་ལྷ་ལྔ།ལྷ་སྲིན་སྡེ་བརྒྱད།སྲིད་པ་ཆགས་པའི་ལྷ་དགུ།ཕྱོགས་སྐྱོང་བཅུ།བརྟན་མ་བཅུ་གཉིས།མགུར་ལྷ་བཅུ་གསུམ།ཕྱོགས་སྐྱོང་བཅོ་ལྔ།བྱིས་པའི་གདོན་ཆེན་བཅོ་ལྔ།གདོན་ཆེན་པོ་བཅོ་བརྒྱད་ཀྱིས་མཚོན་པའི་ལྷ་དང་གདོན་གྱི་ཚོགས་ཐམས་ཅད་དང་།ཡུལ་ལྷ་གཞི་བདག་གི་ལྷ་ཚོགས།ཆོས་སྐྱོང་སྲུང་མའི་ལྷ་ཚོགས། དཔའ་བོ་མཁའ་འགྲོའི་ལྷ་ཚོགས་སོགས་བློ་ཡུལ་དུ་ཤོང་དཀའ་བའི་ལྷ་འདྲེའི་ཁྱུ་ཚོགས་ཀྱིས་དབང་བྱེད་པའི་བག་ཆགས་རྙིང་པ་དང་།ལྷ་དང་།ཀླུ་དང་།གཉན་དང་།མི་མ་ཡིན་དང་།གནོད་སྦྱིན་དང་།སྲིན་པོ་དང་།ཤ་ཟ་དང་།བཙན་དང་།འབྱུང་པོ་དང་།ཡི་དྭགས་དང་།མ་མོ་དང་།བདུད་དང་།གདོན་དང་།འདྲེ་དང་།དྲི་ཟ་དང་།རོ་ལངས་དང་།ཐེའུ་རང་དང་།རྒྱལ་པོ་ལ་སོགས་པ་དང་།ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་།ཡེ་འབྲོག་སུམ་བརྒྱ་དྲུག་ཅུ།བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་ཀྱིས་ཁ་ལོ་སྒྱུར་བའི་བག་ཆགས་རྙིང་པ།གཞན་ཡང་།ས་ལྷ་ཆུ་ལྷ་མེ་ལྷ་རླུང་ལྷ་ཁྱིམ་ལྷ་ལུས་ལྷ་དགྲ་ལྷ་ཐབ་ལྷ་ཟས་ལྷ་སོགས་བསྟན་མེད་ཐོགས་མེད་ཀྱི་ལྷ་འདྲེ་གྲངས་མེད་འཁྲུག་པའི་བག་ཆགས་རྙིང་པ་ནི་ཡ་ཐོག་ལྷ་འདྲེ་བག་ཆགས་ཡིན།བག་ཆགས་དེ་ཟབ་ཅིང་མཐུག་ལ་སྲ་ཞིང་མཁྲེགས་པར་མ་ཟད།རྒྱ་ཆེ་ཞིང་ཡུན་རིང་བས་བག་ཆགས་རྙིང་པ་ཀུན་གྱི་རྨང་གདན་དུ་གྱུར་ཡོད།བག་ཆགས་རྙིང་པའི་ཕུགས་ཀྱང་ཡ་ཐོག་ལྷ་འདྲེ་བག་ཆགས་འདི་ཡིན།
ཡ་ཐོག་ལྷ་འདྲེ་བག་ཆགས་ནི་འགྲོ་བ་མིའི་ཤེས་རིག་མ་རྒྱས་གོང་གི་འཇིག་རྟེན་ལྟ་ཚུལ་ཞིག་རེད།བག་ཆགས་དེ་འཛམ་གླིང་འདིའི་མི་རིགས་ཀུན་ལ་ཡོད་མྱོང་སྟེ།སྔོན་རྒྱ་གར་གྱི་ཨརྱཎ་པ་རྣམས་ཀྱིས་ནམ་མཁའ་ནི་ཡབ་ལྷ་དྱོོ་བྱ་བ་དང་། ས་གཞི་ནི་ཡུམ་ལྷ་བྲྀཐ་བྱ་བ། དེ་བཞིན་རྒྱ་མཚོ་དང་། ཉི་མ། མེ།འཚུབ་མ།སྐྱ་རེངས་སོགས་རིམ་བཞིན་སུ་མུར་བྱ་བའི་ལྷ་དང་།སུརྱ་བྱ་བའི་ལྷ།ཨགྷི་བྱ་བའི་ལྷ།བཡུ་བྱ་བའི་ལྷ།མརུཏྲ་བྱ་བའི་ལྷ།ཨུཤ་བྱ་བའི་ལྷ་མོ་ཡིན་པར་རློམ་པ་དང་།རིག་བྱེད་གཏམ་རྒྱུད་ན་ལྷ་ཚངས་པ་དང་།བརྒྱ་བྱིན། ཁྱབ་འཇུགདབང་ཕྱུག་སོགས་ལྷའི་འཁོར་ཚོགས་གང་མང་ཡོད་པ།གནའ་བོའི་ཀེ་རི་སེ་པས།ཨོ་ལེམ་ཕོ་སེ་རི་ན་ལྷའི་དབང་པོ་ཇོ་སིས་གཙོས་པའི་ཉི་མའི་ལྷ་ཨ་ཕོ་ལོན་དང་།འདོད་པའི་ལྷ་མོ་ཨ་ཧྥོ་རོ་ཏི་ཐི།དགྲ་ལྷ་ཨ་རོ་སི།ཟླ་བའི་ལྷ་མོ་ཨར་ཐི་མུ་སི།ཤེས་རབ་ལྷ་མོ་ཨ་ཧྥོ་རོ་ཏི་ཐི།ཟས་ལྷ་ཏི་མོ་ཐེར།མཚོ་ལྷ་ཕོ་སེ་ཏུང་།ཆང་ལྷ་ཏི་ཨའོ་ཉི་སོ་སི།ཐབ་ལྷ་ཧི་ཞི་ཐི་ཡ(ཀེ་རི་སེའི་ཡི་གེ་མ་ཤེས་པས་ལྷའི་མཚན་མིང་རྣམས་རེ་ཞིག་རྒྱ་ཡིག་གི་སྒྲ་འགྱུར་བ་ཡིན། ཀེ་རི་སེའི་སྐད་རྣལ་མ་མཁྱེན་མཁན་སུ་ཡིན་ཀྱང་དྲང་ཐད་དུ་དག་ཕུད་ཆོག་པ་ཡིན།)སོགས་ལུས་སེམས་གང་ཡང་མིའི་རྣམ་པ་ཅན་དུ་བཞེངས་པའི་ལྷ་རྣམས་དང་། རྒྱ་ནག་པ་རྣམས་ཀྱིས་གདོད་མའི་ལྷ་ཧྥུ་ཞི(伏羲)དང་། མིའི་བྱེད་པོའམ་གནམ་སའི་གོ་འབྱེད་མཁན་གྱི་ཡུལ་ལྷ་ཉི་ཝ(女娲)སེམས་ཅན་གྱི་མགོན་པོ་ཧོང་ཏིས(黄带)།ཟླ་བའི་ལྷ་མོ་ཁྲང་ཨི(嫦娥)སོགས་བློས་བསླངས་བྱས་པའི་ལྷ་ཇི་སྙེད་ཅིག་ཡོད་པ་དང་ཀུན་ནས་མཚུངས།ཤེས་རིག་འཕེལ་བའི་གོ་རིམ་དུ། ཡ་ཐོག་ལྷ་འདྲེ་བག་ཆགས་དེ་འགྲོ་བ་མིའི་རིགས་སྤྱི་ལ་ཆགས་མྱོང་བའི་ཐུན་མོང་གི་གདོད་མའི་ལྟ་ཚུལ་ཞིག་རེད།ཡིན་ནའང་།ཤེས་རིག་དར་བའི་མི་རིགས་གཞན་དག་གིས་དུས་སྔ་མོ་ནས་བཟུང་བག་ཆགས་རྙིང་པ་དེ་རིགས་རང་སེམས་ཀྱི་བས་མཐར་སྤྱུགས་ཚར་ན།འུ་ཚོ་སུས་སྦྲིད་ཅིང་འཐོམས་པར་བྱས་པ་ཡིན།འུ་ཚོས་ཡུན་རིང་བཅོམ་བརླག་དང་གཏོར་བཤིག་གཏོང་མ་ཐུབ་པའི་ཡ་ཐོག་ལྷ་འདྲེ་བག་ཆགས་ན།གནའ་བོའི་རྒྱ་གར་གྱིས་རྡོག་བསྐྲད་བཏང་བའི་ལྷ་འདྲེ་དང་།རྒྱ་ནག་གིས་བས་མཐར་སྤྱུགས་པའི་ལྷ་འདྲེ།བལ་བོ་དང་ཁ་ཆེ་སོགས་ནས་རྒྱང་ཕུད་བཏང་བའི་ལྷ་འདྲེ།དེ་མིན་ཡུལ་གྲུ་གཞན་དང་གཞན་ནས་བླུས་ཤིང་ཁྲིད་པའི་ལྷ་འདྲེ་ཡ་མ་གཟུགས་སྣ་ཚོགས་ཡོད།ཁོ་ཚོས་གར་འགྲོ་གར་འདུག་ལ་གཏོལ་གང་ཡང་མ་རྙེད་པས་འཕྲལ་ལེ་འཕྲུལ་ལེ་དང་།ཡ་ག་ཡོག་གེ།རྫ་ན་རྫུན་ནེ།རྫ་ས་རྫུས་སེའི་ངང་ལ་གངས་རིའི་འདབས་འདིར་རུལ་དྲི་ལ་སྦྲང་ཐལ་ཇི་བཞིན་འདུ་རུབ་བྱས།འུ་ཚོས་ད་དུང་སྣང་ཚུལ་དེ་བསྟན་ནས་ངེད་ཅག་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཡོད་ཅེས་ངོམ་སོར་འཁྱེར་བཞིན་པ་འདི་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་།
དོན་དངོས་སུ། ལྷ་འདྲེ་དེ་དག་གསོན་ཤུགས་རྒྱས་སུ་འཇུག་མཁན་འུ་ཚོ་རང་རེད།འུ་ཚོ་གདོད་མའི་བག་ཆགས་རྙིང་པའི་ལུང་གི་རྗེས་སུ་འབྲངས་ནས་ངོས་འཛིན་ཇི་འདྲ་བྱས་མེད་རྒྱུ་ན། ཁོ་ཚོའི་དབང་ཤེད་དང་དཔུང་ཤུགས་དེ་འདྲ་ཅི་ལྟར་རྒྱས། འུ་ཚོས་ཁོ་ཚོ་ད་རེག་བར་དུ་གསོས་ཤིང་བཀུར། གལ་སྲིད་ཁོ་ཚོའི་གཟུགས་པོ་འུ་ཚོའི་མིག་གི་སྤྱོད་ཡུལ་དུ་འགྱུར་བ་ཡིན་ན།ཁོ་ཚོ་གཅིག་ལས་གཅིག་ལྷག་ཚོན་པོ་རྒྱགས་པ་རྐྱང་རྐྱང་ཡིན་རྒྱུ་རེད།རྒྱུ་མཚན་ནི།འུ་ཚོས་མཆོད་བཀུར་གྱི་ཆོ་ག་ཆེ་ཆུང་གང་ལའང་ཁོ་ཚོར་བཟའ་བཏུང་གི་ཡང་ཕུད་ཀྱིས་མཆོད་ཅིང་བཟའ་བཏུང་གི་ཉིང་བཅུད་ཀྱིས་གསོལ་བས་སོ།།
འཇིག་རྟེན་གྱི་འཚོ་བ་ནི་མིའི་འཚོ་བ་ཡིན་ཕྱིར།དཀའ་སྡུག་མྱོང་མཁན་མི་ཡིན་ལ་སྐྱིད་པོ་གཏོང་མཁན་ཡང་མི་ཡིན།མིའི་འཚོ་གནས་ཀྱི་རྒྱལ་ཕམ་རྩོད་པའི་འཇིག་རྟེན་འདིར།ལྷ་འདྲེའི་ཁྱུ་ཚོགས་ཅིའི་ཕྱིར་དུ་འཚང་ཁ་རྒྱག་པ་ཡིན།མིའི་བདེ་སྡུག་ལ་ཁ་ཚོས་ཏིལ་འབྲུ་ཙམ་གྱི་རྔོ་ཡང་མི་ཐོགས་ན་འུ་ཚོས་ལྷོད་པ་མེད་པར་ཁོ་ཚོའི་ཁ་སྐེ་ཚུར་འཐེན་དོན་ཅི་ཡིན།
རིམ་པ་གཉིས་པ། ཡ་ཐོག་ཤེས་རིག་བག་ཆགས།
ཕྱྭ་གཤེན་ཐེག་པ་གཏོ་དཔྱད་ཇུ་ཐིག་དང་།།མོ་པྲ་དབྱངས་འཆར་རྩིས་དང་སྨན་ལ་སོགས།།ཞེས་པ་ལྟར། ལྷ་ཕྱྭ་དང་།ཁྱིམ་ཕྱྭ། མགྲོན་ཕྱྭ།གྲོགས་ཕྱྭ། སྲོག་ཕྱྭ། སྲིད་ཕྱྭ། གདོན་ཕྱྭ། ཚོང་ཕྱྭ། ལམ་ཕྱྭ་སོགས་ཕྱྭ་གཡང་འགུགས་པའི་རིག་པ་དང་། འགལ་བ་ནས་མཐུན་པ་དང་། ཉེས་པ་ནས་ལེགས་པ། མི་དགེ་བ་ནས་དགེ་བ། ལྟས་ངན་པ་ནས་བཀྲ་ཤིས་པ། རྐྱེན་ངན་ནས་ཕུན་ཚོགས་སུ་བགྲོད་པར་བྱེད་པའི་ཀླུང་རྟའི་རིག་པ།སྐྱེ་འགྲོའི་ལུས་སྲོག་ལ་འཚེ་ཞིང་བར་དུ་གཅོད་པའི་ལྷ་ཀླུ་གཉན་བཙན་བསྐང་ཞིང་དགྱེས་བྱེད་ཀྱི་མདོས་དང་གླུད་ཀྱི་རིག་པ།སྐྱེས་བུའི་བླ་ཉམས་པ་དང་ཡར་བ་དང་སྟོར་བ་དང་བྲོས་པ་དང་འཁྱམས་པ་དང་འཕྲོག་པ་དང་བརྐུས་པ་དང་བཀུག་པ་དག་ཕྱིར་བསླུ་ཞིང་། གཤིན་གསོན་ཀུན་ལ་ཟ་འདྲེ་དང་ཤི་གཤེད་ཀྱི་གནོད་འཚེ་འགོག་པའི་བླ་བསླུ་དང་གཤེད་འདུལ་གྱི་རིག་པ།ལྷ་མི་ཀླུ་གཉན་དག་ལ་དམེ་རྨུགས་མནོལ་གྲིབ་ཐན་ལྟས་བྱུར་ཡུགས་མི་གཙང་བས་འབགས་པ་སེལ་ཅིང་བསང་བ་སེལ་བསང་ཚན་ཁྲུས་ཀྱི་རིག་པ།ས་བདག་ཀླུ་གཉན་བདུད་བཙན་མ་མོ་གཤིན་རྗེ་བརྟན་སྐྱོང་རྣམས་ལ་ཕོག་ཐུག་དང་འགྲམས་འཁྲུགས་སུ་ཤོར་བ་ཞི་ཞིང་།བྱད་ཁ་དང་ཕུར་ཁ་དང་རྦོད་གཏོང་དང་མནན་གཏད་སོགས་ལས་འགྲོལ་བྱེད་དབྱིངས་ཀྱི་ལྷ་ཚོགས་མཆོད་པའི་རིག་པ་དང་།མཁི་དབལ་མོ་བསྐངས་བའི་རིག་པ།ཀློང་གི་དམ་ཅན་བརྟེན་པའི་རིག་པ།ས་བདག་ཀླུ་གཉན་བཅོས་པའི་གཏོ་དཔྱད་ཀྱི་རིག་པ་སོགས་དང་།སྐྱེས་བུའི་བླ་སྲོག་དང་འབྱུང་ཁམས་ཀྱི་འབྲེལ་བ་སྟོན་ཞིང་།ལེགས་སྤེལ་ཉེས་སེལ་གཏན་ལ་འབེབས་པའི་གབ་རྩེ་དང་ཇུ་ཞག་གི་རིག་པ། ལོ་ཟླ་དང་གཟའ་སྐར་གྱི་ལེགས་ཉེས་བརྩི་བའི་སྨེ་བ་དང་སྤར་ཁའི་རིག་པ།བཟང་ངན་དང་ཕན་གནོད་ཀྱི་ལྐོག་གྱུར་སྟོན་པའི་ཇུ་ཐིག་གི་རིག་པ།དཀར་དམར་གསུར་གྱི་མཆོད་སྦྱིན་རིག་པ་རྣམས་དང་།ཡང་ན།བདག་སྐྱེས་པའི་སྐྱེས་སྐར་དང་།བདག་རྒ་བའི་བདེ་སྡུགབདག་འཆི་བའི་ལམ་བུ།དེ་མིན་རུ་གཞན་དུ་སྤོ་སའི་གནས་དང་།ཡུལ་བྱེས་སུ་གྱེར་བའི་དུས།ཞིང་མཐོང་ཁ་འབྱེད་པའི་ཉིན།ཁྱིམ་གཞི་མཁར་རྡུང་སའི་ས།ཟོག་བོར་སྟོར་བྱུང་བའི་ཕྱོགས། ཆས་གཡོར་བསྐྱི་བགྱི་བའི་གཡང་།ད་དུང་ས་རྐོ་རྡོ་སློག་གི་བཟོ་བཀོད་རྩོམ་པ་ནས་དབུ་སྐྲ་གསིལ་ལེན་གྱི་འདུ་བྱེད་སྐྱོང་བའི་བར་གྱི་བྱ་དངོས་ཆེ་མ་ཆུང་གསུམ་མཐའ་དག་ལ་མོ་འདེབས་པ།ཕྲ་འབེབས་པ།རྩིས་རྒྱག་པ།ལྷ་འབེབས་པ།རྨི་ལམ་དང་སྣང་མཐོང་རྟེན་འབྲེལ་བརྟག་པའི་ཡ་ཐོག་ལྷ་ཆོས་རིག་པ་དང་། ཡ་ཐོག་ཀླུ་ཆོས་རིག་པ། ཡ་ཐོག་འདྲེ་ཆོས་རིག་པ་སོགས་ནི་ཡ་ཐོག་ཤེས་རིག་བག་ཆགས་རེད།
ཡ་ཐོག་ཤེས་རིག་བག་ཆགས་འདི་ཡ་ཐོག་ལྷ་འདྲེ་བག་ཆགས་ལ་ལྟོས་ནས་བྱུང་བས་འདི་ཡང་རྩ་བ་སྦོམ་ལ་ཡལ་ག་སྟུགའུ་ཚོའི་བག་ཆགས་ངོས་ཀྱི་ཡ་ཐོག་ཤེས་རིག་འདི་གནོན་ཤུགས་ཆེ་ཞིང་དབང་ཤེད་བཙན་ཕྱིར་འུ་ཚོའི་སྔ་མ་རྣམས་ཀྱི་བློ་རིག་ལ་རང་དབང་ཏོག་ཙམ་མ་བྱིན་ཞིང་།ཤེས་རིག་གསར་པའི་གཡོ་འགུལ་གང་ལའང་གཟུར་བ་མེད་པའི་འབུར་འཇོམས་རི་རབ་ཇི་བཞིན་ལྕི།ཇི་སྲིད་ཡ་ཐོག་ཤེས་རིག་བག་ཆགས་མ་དོར་བ་དེ་སྲིད་དུ་འཇིག་རྟེན་པའི་བདག་གི་ལང་ཚོ་རྒྱས་མི་ཐུབ་ཅིང་།ཇི་སྲིད་འཇིག་རྟེན་པའི་བདག་གི་ལང་ཚོ་མ་རྒྱས་པ་དེ་སྲིད་དུ་ཤེས་རིག་གསར་པའི་མྱུ་གུའང་འབུས་མི་ཐུབ།ཇི་སྲིད་ཤེས་རིག་གསར་པའི་མྱུ་གུ་མ་འབུས་པ་དེ་སྲིད་དུ་དཔལ་ཡོན་དང་སྟོབས་འབྱོར་དང་མཚར་སྡུག་ཅེས་པའང་མིང་གི་ལྷག་མ་ཙམ་རེད།གང་ཞིག་ཡ་ཐོག་ཤེས་རིག་བག་ཆགས་ཇི་ལྟར་མཐུག་ན་དེ་ལྟར་རྗེས་སུས་ཡིན་ཞིང་།གང་ཞིག་རྗེས་ལུས་ཇི་ལྟར་ཡིན་ན་དེ་ལྟར་ཡ་ཐོག་ཤེས་རིག་གི་བག་ཆགས་ཟབ་པ་ཡིན།
ཡུལ་འདིར།གཞན་གྱི་ཁ་རྗེ་དང་བསོད་ནམས་དང་ཀླུང་རྟ་དང་དབང་ཐང་དང་དཔལ་ཁ་དང་ཕྱྭ་གཡང་རྣམས་སྤེལ་ཅིང་།ཆག་ཆེ་དང་ཉམ་ང་དང་ནད་ཡམས་དང་གོད་ཁ་དང་ལྟས་ངན་དང་རྟགས་ངན་དང་བསམ་ངན་དང་སྨེ་བ་ངན་པ་དང་སྤར་ཁ་ངན་པ་དང་ཡས་ཀྱི་བདུད་དང་མས་ཀྱི་སྲི་དང་ཀག་དང་ཕུང་སྲི་ལངས་པ་ཡོད་རྒུ་བསྐྲད་ཅིང་བཟློག་གི་ཡིན་ཟེར་མཁན་གྱི་ལྷ་པ་དང་། མོ་པ། རྩིས་པ། པྲ་པ།ལུང་སྟོན་མཁན།ཆོ་འཕྲུལ་སྟོན་མཁན།རྫུ་འཕྲུལ་སྟོན་མཁན།སྒྱུ་མཁན་སོགས་གཡོ་སྒྱུ་ཁྲམ་གསུམ་དང་རྫུ་འཕྲུལ་རྫུན་གསུམ་ཆེ་བའི་ཁྱུ་ཚོགས་རྣམས་ཀྱི་ལས་སྒོ་ཡོད་ཚད་དུས་རབས་དང་ལོ་རྒྱུས་རླབས་རྒྱུན་གྱི་འཕེལ་འགྲིབ་གང་གི་ཁྲོད་དུའང་གཞོམ་གཞིག་ནུབ་གསུམ་གྱི་འགྱུར་བ་ཅི་ཡང་མེད་པའི་ཁར་ད་དུང་མ་ཉམས་དར་མུས་ཡིན་པ་འདི་ཡང་འུ་ཚོ་རང་ཉིད་ལན་པ་མིན་ནམ་སུ་ལན་པ་ཡིན།
རིམ་པ་གསུམ་པ། དམ་པ་ལྷ་ཆོས་བག་ཆགས།
སེམས་ཅན་རྣམས་ནི་སངས་རྒྱས་ཉིད།།འོན་ཀྱང་གློ་བུར་དྲི་མས་བསྒྲིབས།།དྲི་མ་དེ་བསལ་སངས་རྒྱས་དངོས།།ཞེས་པ་ལྟར།དམ་པ་ལྷ་ཆོས་ཀྱི་གཞུང་ཤིང་ནི་སེམས་རེད།སེམས་ཀྱི་ངོ་བོ་འོད་གསལ་བའི་ཆ་དེ་རང་སར་གྲོལ་བ་ལ་དང་པོ་སྐྱབས་འགྲོ་ནས་བཟུང་སྟེ་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་བར་དུ་འཁོར་བའི་རྩ་བ་མ་རིག་པ་དང་།བདེན་པ་གཉིས།སྒྲིབ་པ་གཉིས།བདག་མེད་གཉིས།ཚོགས་གཉིས།ཐེག་ཆེན་གཉིས་དང་།དུག་གསུམ།ཤེས་རབ་གསུམ།ཐེག་པ་གསུམ།བསླབ་པ་གསུམ་དང་།སྦྱིན་པ་བཞི།བདེན་པ་བཞི།ལྟ་བ་བཀར་བཏགས་བཞི།ཚད་མེད་བཞི་དང་།ཉོན་མོངས་ལྔ།སྒྲིབ་པ་ལྔ།ལམ་ལྔ།ཡེ་ཤེས་ལྔ།སྐུ་ལྔ་དང་།ཕ་རོལ་ཏུ་ཕྱིན་པའི་མི་མཐུན་ཕྱོགས་དྲུགཕར་ཕྱིན་དྲུགརྩ་ཉོན་དྲུག་དང་།འཕགས་པའི་ནོར་བདུན། ཡན་ལག་བདུན། རྒྱུ་འབྲས་མན་ངག་བདུན། ཆེན་པོ་བདུན་དང་། ཞུགས་གནས་བརྒྱད།དངོས་པོ་བརྒྱད།འཕགས་ལམ་ཡན་ལག་བརྒྱད།རིག་གྲོལ་ཡོན་ཏན་བརྒྱད་དང་།སྙོམས་འཇུག་དགུ།བསམ་གཏན་ས་དགུ།བསྟན་བཅོས་དགུ་དང་།དགེ་བ་བཅུ།མི་དགེ་བ་བཅུ།སྤང་བྱ་ཡན་ལག་བཅུ།ཆོས་སྤྱོད་བཅུ།མཉམ་ཉིད་བཅུ་དང་།བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་བྱ་ཚུལ་བཅུ་གཉིས།རྟེན་འབྲེལ་ཡན་ལག་བཅུ་གཉིས།སྐྱེ་མཆེད་བཅུ་གཉིས།སྦྱངས་པའི་ཡོན་ཏན་བཅུ་གཉིས།གསུང་རབ་ཡན་ལག་བཅུ་གཉིས་དང་།དགེ་སློང་གི་སྤང་བྱ་ལྷག་མ་བཅུ་གསུམ།ཐེག་ཆེན་གྱི་ས་བཅུ་གསུམ་དང་།དམ་ཚིག་བཅུ་བཞི། ས་བཅུ་བཞི་དང་།ལམ་བཅོ་ལྔ།ཉན་ཐོས་ཀྱི་ཡོན་ཏན་བཅོ་ལྔ་དང་།སྟོང་ཉིད་བཅུ་དྲུགབདེན་བཞིའི་རྣམ་པ་བཅུ་དྲུགམཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་བཅུ་དྲུག་དང་།གཞི་བཅུ་བདུན། ཡུམ་སྲས་བཅུ་བདུན།ས་བཅུ་བདུན་དང་།ཁམས་བཅོ་བརྒྱད།སྟོང་ཉིད་བཅོ་བརྒྱད།བྱང་ཆུང་སེམས་དཔའི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་།ཉེ་ཉོན་ཉི་ཤུ་དང་།ས་ཉེར་གཅིགསེམས་བསྐྱེད་ཉེར་གཅིག བཏགས་གྲོལ་ལས་བྱུང་བའི་ཡེ་ཤེས་ཉི་ཤུ་རྩེ་ལྔ་དང་།བྱང་ཕྱོགས་སོ་བདུན་དང་། ཆོས་བརྒྱད་དང་།བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སོགས་བསླབ་པར་བྱ་བ་དང་།ཤེས་པར་བྱ་བ་དང་། རྟོགས་པར་བྱ་བ་དང་།སྦྱང་བར་བྱ་བ་དང་། མྱང་བར་བྱ་བ་དང་། མངོན་དུ་བྱ་བ་དང་། འབྱང་བར་བྱ་བ་དང་། ཆུབ་པར་བྱ་བ་དང་།གཞུག་པར་བྱ་བ་དང་།བསམ་པར་བྱ་བ་དང་།བསྒོམ་པར་བྱ་བ་དང་།གོམས་པར་བྱ་བ་དང་།བརྩོན་པར་བྱ་བ་དང་།གཞོམ་པར་བྱ་བ་དང་།དགག་པར་བྱ་བ་དང་།སྤང་བར་བྱ་བ་དང་།འདོར་བར་བྱ་བ་དང་།ཡང་དག་པར་རྫོགས་པར་བྱ་བའི་ཆོས་མཐའ་ཡས་ཡོད་ཅིང་།ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོ་ལ་ཆོས་ཕུང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་པའི་དམ་པ་ལྷ་ཆོས་ཀྱི་རིག་གནས་འདི་ཡང་འུ་ཚོའི་བག་ཆགས་རྙིང་པའི་གྲུབ་ཆ་ཞིག་རེད།སྐུའི་ཡོན་ཏན་མཚན་དཔེ་བརྒྱད་དང་བཅུ་གཉིས།གསུང་གི་ཡོན་ཏན་ཚངས་དབྱངས་ཡན་ལག་དྲུག་ཅུ།ཐུགས་ཀྱི་ཡོན་ཏན་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིགཡོན་ཏན་དང་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ནམ།ཇི་ལྟར་ཇི་སྙེད་གཟིགས་ཤིང་ཐམས་ཅད་མཁྱེན་པའི་ངོ་བོ།སྒྲིབ་གཉིས་བག་ཆགས་དང་བཅས་སྤངས་པའི་ཤེས་པའམ་རྟོགས་པའི་གོ་འཕང་ནི་དམ་པ་ལྷ་ཆོས་ཀྱི་དམིགས་ཡུལ་མཐར་ཐུག་རེད།དམིགས་ཡུལ་དེ་ཆོས་པའམ་ཐར་པ་སྒྲུབ་མཁན་ཚོའི་མཐོ་སྙེག་བྱ་ཡུལ་ཅིག་ཡིན་པ་ལས་འཇིག་རྟེན་པའམ་འཚོ་གནས་འབུངས་མཁན་ཚོས་དོན་དུ་གཉེར་བྱ་ཞིག་མིན།དམ་པ་ལྷ་ཆོས་ཀྱིས་འབྲི་བཞེངས་བྱས་པའི་སྣོད་བཅུད་ཀྱི་འཇིག་རྟེན་པའམ་འཚོ་གནས་འབུངས་མཁན་ཚོས་དོན་དུ་གཉེར་བྱ་ཞིག་མིན།དམ་པ་ལྷ་ཆོས་ཀྱིས་འབྲི་བཞེངས་བྱས་པའི་སྣོད་བཅུད་ཀྱི་འཇིག་རྟེན་དེ་ནི་སྡུག་བསྔལ་མེད་པའི་མཐར་ཐུག་དང་བདེ་བ་ལྡན་པའི་མཐར་ཐུག་གི་འཇིག་རྟེན་བླ་ན་མེད་པ་གོང་ན་མེད་པ་བླ་མའི་ཡང་བླ་མར་གྱུར་པའི་འཇིག་རྟེན་ཞིག་རེད།དེ་ནི་ཞི་བདེ་ཚད་མེད་ཅིང་།མཉམ་གནས་ཚད་མེད་པ།རང་དབང་ཚད་མེད་པ།ཐོབ་ཐང་ཚད་མེད་པའི་རབ་ཀྱི་འཇིག་རྟེན་ཞིག་དང་།ཕུལ་གྱི་འཇིག་རྟེན་ཞིགགྱ་ནོམ་པའི་འཇིག་རྟེན་ཞིག ཕུན་སུམ་ཚོགས་པའི་འཇིག་རྟེན་ཞིགཡང་དག་པའི་འཇིག་རྟེན་ཞིགཡང་རབ་ཀྱི་འཇིག་རྟེན་ཞིགརྩེ་མོའི་འཇིག་རྟེན་ཞིགཤིན་ཏུ་རང་བྱུང་ཆེན་པོའི་འཇིག་རྟེན་ཞིག་ཡིན་ནའང་།སེམས་ཅན་འཚོ་གནས་འགྲན་རྩོད་ཆེ་བའི་འཇིག་རྟེན་འདིར་སྡིག་པ་ཅི་ཡང་མི་བྱ་མཁན་དང་།དགེ་བ་ཕུན་སུམ་ཚོགས་པ་སྒྲུབ་མཁན།རང་གི་སེམས་པ་ཡོངས་སུ་འདུལ་མཁན་གྱི་སེམས་ཅན་ཉིན་མོའི་སྐར་མ་ལྟར་ཤིན་ཏུ་དཀོན་པས་རང་བྱུང་ཆེན་པོའི་འཇིག་རྟེན་དེ་འབྱུང་འགྱུར་སྨོན་པ་གཏོང་ས་ཙམ་ལས་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་སླེབས་དཀའ།གལ་ཏེ་སྲིད་པ་འདི་དམ་པ་ལྷ་ཆོས་ཀྱི་བློས་བསླངས་པའི་བདེ་ལྡན་གྱི་འཇིག་རྟེན་དེ་ལྟ་བུ་ཆགས་ཐུབ་ན།བདེ་བ་ཅན་ཞེས་པ་ལོགས་སུ་བཙལ་རྒྱུ་མེད་དེ་ཁོ་རང་རེད།བློ་དཀྱེལ་དེ་ཇི་འདྲའི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་རེད་ཨང་།ཡིན་ནའང་།དམ་པ་ལྷ་ཆོས་ཀྱི་ཐུགས་སྨོན་ཅི་ཙམ་མཛེས་སྡུག་ལྡན་ཞིང་འུ་ཚོའི་འདུན་པ་དེ་ཙམ་ཡིད་དུ་འོང་ནའང་།ཚད་ངེས་ཅན་གྱི་ཐོག་ནས་བཤད་ན།ས་སྒང་འདིར་བཙན་པོ་གཉོམ་ཆུང་ལ་སྡང་།ཕྱུག་པོ་དབུལ་བོ་ལ་སྡང་།དཔའ་བོ་སྡར་མ་ལ་ལྡང་།མཐོ་བ་དམན་པ་ལ་སྡང་།སྟོབས་ཅན་ཉམ་ཆུང་ལ་སྡང་།འཁོས་ཞན་དང་གཉོམ་ཆུང་དང་ནུས་མེད་དང་འབྱོར་མེད་དང་ཤུགས་མེད་རྣམས་ནི་ནམ་ཡང་སྡུག་གྱོང་མྱོང་མཁན་དང་སྐལ་ཆད་པ་རྐྱང་རྐྱང་རེད།དེ་ནི་སྣོད་བཅུད་འཕེལ་འགྱུར་གྱི་ཆོས་ཉིད་ཡིན་པ་ལས་ཁས་ལེན་འཛིན་མིན་གྱི་ཁྱད་པར་མིན།ཁྱོད་ཀྱིས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་ཇི་བཞིན་ཁས་བླངས།ངེས་འབྱུང་བྱང་ཆུབ་ཀྱི་སེམས་བསྐྱེད།ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས།ཀུན་ལ་ཚད་མེད་པ་བཞི་བསྒོམས།སེམས་ཅན་རྣམས་རང་གི་མ་ལྟར་གཅེས།བདེན་པ་བཞིའི་ཟབ་དོན་ཇི་བཞིན་རྟོགས་ནའང་།འཇིག་རྟེན་འདིའི་སེམས་ཅན་གཞན་དང་གཞན་རྣམས་བསྡད་ཀྱིན་བསྡད་ཀྱིན་འདོད་རྔམ་སྟག་ལྟར་འཕྱོ།བདག་འཛིན་སྤྱང་ལྟར་འཇབ།ཞེ་སྡང་འབྲོང་ལྟར་ངར།འཁོན་འཛིན་ཁྱི་ལྟར་ཟུགསྲེད་པ་ཕག་ལྟར་ཉལ།གཡོ་སྒྱུ་ཝ་ལྟར་རྒྱུ།དེ་དག་གི་ཁ་རྩ་ན་འཇིག་རྟེན་འདིའི་ཕུན་ཚོགས་ལོངས་སྤྱོད་ཅི་ཡང་མི་མཁོ་ཟེར་བའི་འཚོ་གནས་པ་ཁྱོད་ཀྱི་ཐར་ས་གང་ཡིན།ཡང་གཅིག་བཤད་ན།འཚོ་གནས་ཀྱི་ཕྱིར་དུ་རྒྱུག་པའི་གྲོང་ཁྱིམ་པ་ཁྱོད་ཚོས་ཆོས་པའི་རྣམ་འགྱུར་ལ་ལད་མོ་བྱེད་དོན་མེད་ག
རིམ་པ་བཞི་པ། དཔེ་ལུགས་དང་གོམས་སྲོལ་བག་ཆགས།
འུ་ཚོའི་ཀུན་གཞི་ན་ཕན་ལས་གནོད་ཆེ་བའི་དཔེ་ལུགས་དང་གོམས་སྲོལ་རྙིང་པའི་བག་ཆགས་གང་ཇི་སྙེད་ཅིག་མཆིས་ཏེ།དཔེར་ན།ཡོན་ཏན་མི་གཙོ་རིགས་རུས་གཙོ་བའི་དཔེ་སྲོལ་དང་།འཇོན་ཐང་མི་གཙོ་ཐོབ་ཐང་གཙོ་བའི་དཔེ་སྲོལ།བསླབ་པ་མི་གཙོ་བགྲེས་པོ་གཙོ་བའི་དཔེ་སྲོལ།ཤེས་རིག་མི་གཙོ་གོམས་སྲོལ་གཙོ་བའི་དཔེ་སྲོལ།གནས་ལུགས་མི་གཙོ་ལུང་བསྟན་གཙོ་བའི་དཔེ་སྲོལ།དངོས་སྟོབས་མི་གཙོ་བཤད་རྒྱུན་གཙོ་བའི་དཔེ་སྲོལ།ཚི་དྲེག་ཆེ་བ་ན་བསོད་ནམས་ཡིན་ཟེར་བའི་དཔེ་སྲོལ།ཤིག་འབུ་མང་ན་ཚོགས་གསོག་ཡིན་ཟེར་བའི་དཔེ་སྲོལ།ཆེ་བར་འཕྲད་ན་ལྕེ་བསྣར་རྐུབ་འཕུར་གྱི་དཔེ་སྲོལ།བྱ་དངོས་ཀུན་ལ་ལས་ཀྱིས་འགྲེལ་བའི་དཔེ་སྲོལ།འགྲོ་འདུག་ཐམས་ཅད་རྟེན་འབྲེལ་བརྟག་པའི་དཔེ་སྲོལ།བློ་གཏད་མིན་ལ་མགོ་བོ་འདོགས་པའི་དཔེ་སྲོལ།བཙན་དང་ཆེན་པོར་ཁ་གསག་སྨྲ་བའི་དཔེ་སྲོལ།རྒྱུ་མཚན་མེད་པར་རང་སྣང་སྐྱིད་པའི་དཔེ་སྲོལ།རྒྱུ་རྐྱེན་མེད་པར་གླུ་ཡིས་བཟི་བའི་དཔེ་སྲོལ།བྱིས་པའི་གཉེན་དོན་ཕ་མས་སྒྲིག་པའི་དཔེ་སྲོལ།སྒྲིག་དང་ཁྲིམས་ལ་ཇི་མི་སྙམ་པའི་དཔེ་སྲོལ།ཆགས་པའི་འཁྲིག་པ་འཆལ་བོར་སྤྱོད་པའི་དཔེ་སྲོལ།སྲམ་དང་གཡུ་བྱུར་འདོགས་ཆར་དགའ་བའི་དཔེ་སྲོལ་སོགས་ཡོན་ལས་སྐྱོན་ཆེ་བའི་དཔེ་ལུགས་དང་གོམས་སྲོལ་སྣ་དགུས་ཁེངས་པའི་བག་ཆགས་རྙིང་པ་དེ་རྣམས་ནི་རིང་ནས་རིང་དུ་འདོར་བྱ་ཉིད་དོ།།
གཞན་ཡང་།མགོ་བོ་ཡོད་ཀྱང་ཀླད་པ་མི་སྤྱོད་པའི་རང་གཤིས་དང་།རྒོད་པོ་མགོ་ལ་ཐུར་མདའ་མེད་པའི་རང་གཤིས།ཕྱི་ལ་སྡར་ཞིང་ནང་ལ་བཙན་པའི་རང་གཤིས།བཙན་པོར་གཉོམ་ཞིང་གཉོམ་ལ་བཙན་པའི་རང་གཤིས།ཕྲག་དོག་ཆེ་ཞིང་རུ་ང་སྐྱེན་པའི་རང་གཤིས།ཆུང་ངུ་ཙམ་གྱིས་ཡིད་ཚིམ་སླ་བའི་རང་གཤིས།ཕག་པ་ལྟ་བུའི་ལེ་ལོ་ཆེ་བའི་རང་གཤིས།རི་དྭགས་ལྟ་བུའི་སོས་དལ་བག་ཕེབས་རང་གཤིས།འདོད་པ་ཆུང་ལ་ཆོག་ཤེས་ཆེ་བའི་རང་གཤིས།སྤྱི་ཡི་དོན་རྣམས་ཡལ་བར་འདོར་བའི་རང་གཤིས།རང་གི་དོན་ལ་འཆར་གཞི་མེད་པའི་རང་གཤིས།བྱས་པའི་ལས་ལ་ས་ཆོད་མེད་པའི་རང་གཤིས།ནང་དམེ་གྱོད་ལ་བག་མི་ཚར་བའི་རང་གཤིས།བཟང་ངན་ཀུན་ལ་རྟོག་དཔྱོད་མེད་པའི་རང་གཤིས།ཕྲན་བུའི་ཕྱིར་དུ་བླ་སྲོག་འཚོང་བའི་རང་གཤིས།ཧ་མ་ཧོལ་ལ་ཟེར་རྗེས་འབྲངས་པའི་རང་གཤིས།ཐུན་མོང་རྒྱུ་ལ་ཧབ་ཤ་རྒྱག་པའི་རང་གཤིས།རྫ་སེ་རྫ་སེར་དད་པ་ཆེ་བའི་རང་གཤིས།འཕྲལ་ལེ་འཕྲུལ་ལེར་དགའ་བོ་ཡོད་པའི་རང་གཤིས།གཡོ་དང་སྒྱུ་ལ་དོགས་སློང་བྲལ་བའི་རང་གཤིས།ཁྱི་དང་ཕག་གི་རྣམ་ཐར་སྐྱོང་བའི་རང་གཤིས་སོགས་འུ་ཚོ་ཐུར་འདྲེན་གྱི་གཏིང་རྡོ་ལྟ་བུའི་རང་གཤིས་འདི་རྣམས་ཀྱང་ཁད་དང་ཡུན་གྱིས་བཅོས་སྒྱུར་བྱ་བའི་ཆོས་ཁོ་ན་རེད།
དཔེ་སྲོལ་དང་རང་གཤིས་མི་རིགས་གང་ལའང་ཐུན་མིན་དུ་ཡོད། དཔེ་སྲོལ་དང་རང་གཤིས་ནི་མི་རིགས་གང་ཡིན་དེའི་རིག་གནས་ཀྱི་གྲུབ་ཆ་ཞིག་རེད།དེ་ལས་མི་རིགས་དེའི་བློ་ཁོག་དང་།སྤོབས་པ་དང་།སྙིང་སྟོབས་དང་།རང་བཞིན་དང་།རྒྱུད་སྤུས་དང་།དགའ་བ་དང་།མོས་པ་དང་། འདུན་པ་དང་།ཞེ་འདོད་སོགས་ཤེས་ཐུབ་པ་ཡིན།འུ་ཚོའི་བག་ཆགས་ངོས་ཀྱི་འབག་རྫོབ་ཆེ་བའི་དཔེ་ལུགས་སྐྱོན་ཅན་དང་།གོམས་སྲོལ་སྐྱོན་ཅན།འཇིག་རྟེན་ལྟ་ཚུལ་སྐྱོན་ཅན།མཛེས་དཔྱོད་ལྟ་ཚུལ་སྐྱོན་ཅན།རིན་ཐང་ལྟ་ཚུལ་སྐྱོན་ཅན།རང་བཞིན་གཤིས་རྒྱུད་སྐྱོན་ཅན་རྣམས་ཀྱང་འུ་ཚོའི་བག་ཆགས་རྙིང་པ་དང་ལྷ་ཆོས་རིག་གནས་ཀྱིས་བསྐྱེད་པ་རེད།ང་ཚོས་འདིར་གླེང་བ་ནི་དགེ་མཚན་ཅི་ཡང་མེད་པའི་དཔེ་ལུགས་དང་རང་
གཤིས་རྣམས་ཡིན་པས་བཙན་པོའི་སྐབས་ཀྱི་ཚུར་ལེན་གྱི་ཁོག་རྒྱ་དང་ཧུར་བརྩོན་གྱི་བློ་གཤོགས་སོགས་དགེ་མཚན་ཅན་གྱི་དཔེ་ལུགས་དང་རང་གཤིས་བཟང་པོའི་རིགས་འདིར་གླེང་གི་མེད།བཟང་ཆ་གང་ཡོད་རང་ལ་ཡོད་པས་ལབ་དགོས་མི་འདུགའུ་ཚོའི་བཟང་ཆ་ཁོ་ན་ལབ་རྐྱང་གིས་དགའ་ཀྲོག་ཀྲོག་ཏུ་སྦྲིད་བསྡད་ན་འུ་ཚོ་འཕེལ་རྒྱས་སུ་འགྲོ་བའི་དུས་ནམ་ཡིན།མིའི་རིགས་སྤྱི་ལ་དབང་བའི་དུས་ཀྱི་འཁོར་ལོའི་གོམ་འགྲོས་དེ་ཤེས་ཡོན་དཔལ་འབྱོར་གྱི་དུས་རབས་སུ་སླེབས་ནའང་འུ་ཚོས་ད་དུང་རང་ཉིད་ཀྱི་རྒུད་པའི་རྩ་བའམ་ན་བའི་རྒྱུ་རྐྱེན་མི་འཚོལ་བར་ཆོ་མེད་མདོ་མེད་དུ་སྡོད་དོན་ཅི་ཡིན།མཐར་ཕུགས་གང་ལ་གཏུགས་ཀྱང་འུ་ཚོ་ཐུར་ནས་ཐུར་ལ་འཐེན་མཁན་ནི་རང་སེམས་ཀྱི་བག་ཆགས་རྙིང་པ་འདི་དག་རེད།སེམས་དང་བློ་རིག་ལ་རང་དབང་ལྷད་མེད་འཐོབ་ཕྱིར་དང་།སྒོ་ཀུན་ནས་ཡར་རྒྱས་གོང་འཕེལ་འབྱུང་ཕྱིར།བག་ཆགས་རྙིང་པའི་རིམ་པ་དེ་ཕ་མ་ལྟར་དབང་བཙན་ནའང་འུ་ཚོས་ངེས་པར་གསད་དགོས་ལ་གཞོམ་ཡང་དགོས་སོ།།

བདག་དཔེ་ཚོགས་ཀྱི་སྔོན་འགྲོའི་ཚབ་ཏུ་བྲིས་པ།[རྩོམ་སྒྲིག]

གཅིག
དེ་ཡང་། རྫིང་ཆུ་ལྟར་ལྷིང་འཇགས་པའི“ཤེས་རྨོངས་ཀྱི་གྲོག་རོང”དུ། མི་རྣམས་སོས་དལ་བག་ཡངས་ཀྱིས་ཉེ་བར་འཚོ། “རྟག་བརྟན་གྱི་རི་བོ”ལེ་དབར་ཁྲི་ཡི་བར་དུ་བརྗིད་ཀྱིས་ཉལ་ཏེ། ཡན་ལག་ཕྱོགས་མཚམས་ཀུན་ཏུ་བསྐྱངས།“ཤེས་རིག་གི་ཆུ་རྒྱུན”ཕྲན་བུ་མི་ལོ་སྟོང་གི་གཅོང་རོང་རིང་མོ་ཡི་ཟབས་ནས་འཛུམ་ཞིང་ལྷུང་ལྷུང་དལ་གྱིས་བཞུར། གང་དེ“འདས་པའི་ལྷུན་པོ”མཐོན་པོའི་རྕེ་མོ་ནས་བབས་ཤིང“མ་འོངས་ནེའུ་གསིང”མཉེན་མོའི་མངལ་སྦུབས་སུ་ཐིམ།དེ་ལ་རྦ་རླབས་ལང་ལོང་འཕྱུར་བའི་གཙང་པོའི་འཇོ་སྒེག་མེད་ནའང་བརྟན་གཡོ་ཐམས་ཅད་ལ་ནི་དགོས་འདོད་ཡིད་བཞིན་སྐོང་བའི་མ་མ་ཉིད་དུ་གྱུར། ཉི་མ་ནུབ་པའི་ས་སྲོས་ལ། འགྲེང་དུད་ཡོད་རྒུ་བཏུང་བས་ངོམས་ཤིང་དྲན་རིག་བྲལ་བའི་སོ་ཚིས་ཀྱིས་དུས་འདའ་འོ།། “ཤེས་ཡོན་རྒན་པོ”ཚོ་ཉིན་མཚན་ཐོག་ཐག་ཏུ་མུན་ནག་གི་གྲུ་ཟུར་ལ་ཡིབས་ནས། རྫོགས་མཐའ་བྲལ་བའི་ངོ་མཚར་གྱི་གཏམ་རྒྱུད་གྱེར་ཞིང་ཀློག
ཁོང་ཚོས་བུ་རབས་ཚ་རྒྱུད་རྣམས་ལ་གཏམ་རྒྱུད་ཡང་ཡང་གསུངས་ནའང་། དེ་དག་གཏམ་རྒྱུད་ལ་ཉན་པ་ལས་རི་ལས་བཏུས་པའི་རྡེའུ་ལ་དགའ།
ཁོང་ཚོས་ནམ་ཡང་སེའུ་བཅུ་པའི་ངག་བཞིན་རྡབ་རྡིབ་སྨྲ་ནའང་། ཁོང་ཚོའི་གསུང་ནི་མི་ལོ1000གི་ཡར་སྔོན་གྱི་ཡབ་མེས་རྣམས་ལས་བརྒྱུད་དེ་འོངས་པས། བཀར་བཏགས་བླ་མེད་ཀྱི་གསུང་བཞིན་རྩི།
“ཤེས་རྨོངས་ཀྱི་གྲོག་རོང”དུ། གནའ་བོའི་སྲོལ་རྒྱུན་ཡོད་རྒུ་ཚད་མ་ཉིད་དུ་བཀུར་ཞིང་སུ་ཞིག་ཡབ་མེས་རྣམས་ཀྱི་ཤེས་ཡོན་ལ་རྒོལ་ན། དེ་ཉིད་ཚུལ་དང་ལྡན་པ་རྣམས་ཀྱིས་མ་རངས་ངན་དམོད་བྱ་བའི་གཞི་རུ་འགྱུར།
དེའི་ཕྱིར། ཁོ་ཚོའི་འཚོ་བ་ལྷིང་འཇགས་སུ་འདུག
ཡིན་ནའང་། ཁོ་ཚོ་རྟག་ཏུ་སེམས་ཁྲལ་གྱིས་ནོན་ཏེ། ཤིང་འབྲས་ཀྱི་བགོ་སྐལ་མ་ལོན་ན་ཅི་ལྟར་བྱ་ཨང་ཟེར། ས་རུབ་ལ་ཉེ་དུས། མི་རྣམས་ཀྱིས་ཁྲོམ་སྲང་གང་དུའང་མགོ་མཇུག་མེད་པའི་གཏམ་རྒྱུད་གང་མང་གླེང་གིན་འདུག དེ་ནི་དོགས་སློང་པ་དག་གི་གཏམ་རྒྱུད་རྐྱང་རྐྱང་རེད། ……
ཁོ་ཚོ་རྒྱང་དུ་ཕྱིན་ཀྱང་ཕྱིར་འབྱོར་མེད་པར་གྱུར།
ཁ་ཤས་དགུང་ལ་ཟུག་པའི་རི་རྩེར་འགོ་འདོད་ཀྱང་། དེ་ལས་ལྡོག་སྟེ། གཡང་གཟར་བྲག་རིའི་འདབས་རོལ་ཏུ་ཁོ་ཚོའི་རུས་གོང་གིས་བཀང་འདུག
ལོ་ཟླ་འགྲོས་ཀྱིས་ཕྱིན། དུས་བཞི་རེས་ཀྱིས་འཁོར།
རྫིང་ཆུ་ལྟར་ལྷིང་འཇགས་པའི“ཤེས་རྨོངས་ཀྱི་གྲོག་རོང”དུ། མི་རྣམས་སྔར་བཞིན་སོས་དལ་བག་ཡངས་ཀྱིས་ཉེ་བར་འཚོ། ……
མི་ཞིག་མུན་ནག་ཁྲོད་ནས་གློ་བུར་དུ་སླེབས།
ལུས་པོར་རྨ་ཁ་གྲངས་མེད་ཀྱིས་བཏབ་ཅིང་ཁྲག་གི་རྐང་རྗེས་རིང་ནས་རིང་དུ་འཐེན།
ཁོ་པ་བརྡབ་འཆོས་ཀྱིས་བགྲོད་བགྲོད་མཐར། རྩྭ་ཡི་སྤྱིལ་བུའི་སྒོ་རྡུང་། དྲན་མེད་བརྒྱལ།
འཇིགས་རུང་གི་མཚན་མོར། འོད་ཆུང་སྒྲོན་མེའི་རམ་འདེགས་འོག་རྩྭ་ཡི་སྤྱིལ་བུར་བསྐྱོར་ཏེ་བསྙལ།
“ཁོ་སླེབས་བྱུང་།” སང་ནངས་མོར་སྡེ་མི་ཀུན་གྱིས་ཤེས།
ཁྱིམ་མཚེས་རྣམས་འཚང་ཁ་ཤིག་ཤིག་གིས་འོངས་ནས་མགོ་བོ་ཌ་རུ་བཞིན་དུ་གཡུག ཁོ་ཚོས་མཇུག་འབྲས་འདི་འདྲ་འབྱུང་ངེས་པའི་ཁོ་ཐག་སྔར་ནས་བཅད་འདུག
རི་ཆེན་ཕ་རོལ་ཕྱིན་འདོད་ཀྱི་མི་བུ་དག་རང་སྡུག་རང་ཉོ་དང་རང་ཉེས་རང་འཁུར་གྱི་ལས་ལས་ག་ལ་ཐར།
མི་སྡེའི་ཟུར་ལོགས་སུ། “ཤེས་ཡོན་རྒན་པོ”ཚོས་ཀྱང་དབུགས་རིང་ནར་ནར་དུ་འབྱིན་བཞིན་ཕན་ཚུན་ལ་སྡིགས་སྐད་གཏོང་།
ཁོང་ཚོས་རྐང་བཙུགས་ཏེ་སྡུག་ལ་སྦྱོར་བ་མིན་ཡང་། ཁྲིམས་ལུགས་ནི་ཁྲིམས་ལུགས་རང་རེད།
མི་འདི“ཤེས་ཡོན་རྒན་པོ”ཚོའི་ཐུགས་དགོངས་དང་འགལ་བས་སྡིག་ཉེས་ཤིན་ཏུ་ལྕི།
རྨས་སྐྱོན་སོས་པ་ན་ཅི་བྱས་ལ་འདྲི་གཅོད་གཏོང་།
ཁོང་ཚོས་ཀྱང་ཉེས་ཆད་ཡང་མོ་གཅོད་པའི་བཟོ་སྟོན།
ཁོང་ཚོས་ཁོ་པའི་ཨ་མའི་སྐྱབས་རེའི་མིག་འབྲས་མཐོང་གི་འདུག་ཅིང་། མ་ཟད་ལོ་ངོ30ལ་མྱ་ངམ་ཐང་ནས་རྗེས་མེད་དུ་གྱུར་པའི་ཁོ་པའི་ཕ་དེའང་དྲན་གྱིན་འདུག དེ་ལྟ་ནའང་། ཁྲིམས་ལུགས་ནི་ཁྲིམས་ལུགས་རང་རེད། དེ་བས་ངེས་པར་དུ་ལག་ཏུ་བསྟར་དགོས་སོང་།
“ཤེས་ཡོན་རྒན་པོ”ཚོས་ཁྲིམས་གཅོད་ལ་ལྟ་སྐུལ་བྱེད།
ཁོང་ཚོས་ཡུལ་བྱོལ་པ་ཁྲོམ་རར་དྲུད། མི་རྣམས་འཚང་ཁ་ཤིག་ཤིག་ཏུ་འཚོགས་ཀྱང་སྐད་འབྱིན་ཕོད་མཁན་མེད།
ཁོ་པ་བཀྲེས་སྐོམ་ཚད་མེད་ཀྱིས་མནར་ཞིང་ལུས་པོའི་སྟོབས་ཤུགས་ཡོངས་སུ་ཟད་ནའང་། “རྒན་པ”་རྣམས་ཀྱིས་ཕྱག་ཚོལ་ཟེར།
ཁོས་བཀའ་མ་བརྩིས།
ཁོང་ཚོས་སྨྲ་བ་གཅོད་པའི་བཀའ་བབས་ཀྱང་ཁོས་ངག་མ་བསྡམས།
ཁོས“རྒན་པ”རྣམས་ལ་ཡ་ལན་སྟེར་བ་ལྟ་ཞོག མིག་ཟུང་རིག་རིག་གིས་རང་གི་ལམ་གྲོགས་དག་འཚོལ།
“ང་ལ་ཉོན” ཁོས་སྐད་ཤུགས་དམའ་མོས། “ང་ལ་ཉོན། སྙིང་རུས་སྐྱེད་ཅིག ང་ནི་རི་བོའི་ཕ་རོལ་ནས་ཐོན། ངས་ནི་ངོ་མཚར་ཆེ་བའི་ས་གཞིར་རྐང་པ་སྤོས་མྱོང་།
རིགས་རུས་གདུང་རྒྱུད་གཞན་ལ་ལག་པས་རེག་མྱོང་། མཛེས་སྡུག་ཡུལ་ལྗོངས་སྐྱིད་པོ་མིག་གིས་ཀྱང་མཐོང་མྱོང་།
“ང་ཡི་བྱིས་པའི་དུས་སྐབས་ཕ་མས་ཁ་ལོ་བསྒྱུར།
“ཤར་ལྷོ་ནུབ་བྱང་གང་ལ་བལྟས་ཀྱང་དུས་ལོ་ལོན་པའི་རི་རྒྱུད་ཀྱི་གྲིབ་གཟུགས་ཙམ་ལས་མ་མཐོང་།
“ངས་རི་བོའི་ཕ་རོལ་ན་ཅི་ཡོད་ཀྱི་དྲི་བ་དྲིས་ཐེངས་རེར། ཕ་ལགས་འཇིགས་ཤིང་མགོ་བོ་འཕྲེད་དུ་གཡུག་བཞིན་སྐད་སྒྲ་མ་མཐོ་ཟེར། ངས་རྒྱུ་མ་ཕུ་འདེད་དུ་དྲིས་ཚེ། ཁོང་གིས་ང་རང་བྲག་གཡང་མཐོན་པོའི་ཉེ་ལོགས་སུ་ཁྲིད་དེ། ལྷ་དང་ལས་ཀྱི་མཐུ་སྟོབས་ལ་རྒོལ་མཁན་དག་གི་རུས་གོང་ལ་བལྟ་རུ་བཅུག
“ངས‘འདི་ནི་རྫུན་ཏེ། ལྷ་དང་ལས་དབང་ནི་དཔའ་ངར་ཅན་ལ་དགའ་འོ’ཞེས་དུས། ‘ཤེས་ཡོན་རྒན་པོ’སླེབས་ཏེ་རྡོ་རྗེའི་བཀའ་ལུང་བསྒྲགས། ལྷ་དང་ལས་ཀྱི
ཐུགས་བསྐྱེད་ལས་འདི་སྣང་གི་ཆོས་ཀུན་བྱུང་། ཡབ་མེས་ཚོའི་སྨོན་ལམ་ལས་གྲོག་རོང་འདིའི་སྲོག་ཆགས་དང་། མེ་ཏོག་ཤིང་འབྲས། ཉ་ཁྱུ་སྲོགས་བསྐྱེད་དེ་འུ་ཚོ་ལ་དབང་བར་བྱས། སྣང་སྲིད་ཐམས་ཅད་ལྷ་ཡིས་བདག་བྱེད་པས་ན་རི་ཡི་ཕ་རོལ་གྱི་རྣམ་པ་ག་འདྲ་མི་བུས་ཅི་ལྟར་ཤེས། བསྐལ་པ་འཇིག་དུས་ཀྱང་ཤེས་མི་སྲིད་ཅེས་གསུངས་བྱུང་།
“ཁོང་ཚོས་རྟག་ཏུ་ཁ་ལབ་ལྡབ་ལྡིབ་སྨྲ་བར་མ་ཟད་རྫུན་ཡང་བཤད། ཁོང་ཚོས་ང་ལ་རྫུན་ལབ་པ་ནང་བཞིན་ཁྱོད་ཚོའང་རྫུན་གྱིས་མགོ་བསྐོར།
“རི་བོའི་ཕ་རོལ་ན་སྔོ་ལྗང་ལྡེམ་ལྡེམ་གཡོ་བའི་རྩྭ་ཐང་མུ་མེད་པ་འདུག་པར་མ་ཟད། འུ་ཚོ་དང་འདྲ་བའི་ཤ་ཁྲག་ལུས་ཅན་གྱི་ཕོ་མོ་གང་མང་འདུག ལོ་ངོ་བརྒྱ་སྟོང་གི་སྔོན་ལ་བཞེངས་པའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཡང་འདུག
“ངས་མཚར་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་རྙེད་ཡོད། ཀུན་ནས་ལེགས་པའི་འཚོ་བའི་མདུན་ལམ་ཡང་མཐོང་ཡོད། ངའི་རྗེས་སུ་འབྲོངས་དང་། ཁྱོད་ཚོ་ཁྲིད་ནས་བདེ་ལྡན་གྱི་ཡུལ་དེར་འགྲོ།
“ས་གང་ལ་ཕྱིན་ཀྱང་། ལྷ་ཆེན་པོའི་འཛུམ་ཞལ་ནི་ཀུན་ལ་རིས་མེད་དུ་སྟོན་ནོ།།”
……
ཁོའི་བཤད་གཏམ་རྫོགས་པ་ན། མི་ཚོགས་འཇིགས་སྣང་གིས་སྐད་ཅོར་བརྒྱབ། “སྨྱོན་གཏམ་མི་བཤད་རྒུ་བཤད། མི་འདིས་ལྷ་དང་ལས་དབང་ཁྱད་དུ་གསོད་གི་འདུག བཀའ་ཆད་ནན་མོ་གཅོད་འོས། བདུད་ཀྱི་གྲིབ་མནོལ་བའི་སྙིང་ཁམས་ཆེན་པོ་ཁྱོད། ལོ་ངོ་སྟོང་གི་ཡབ་མེས་ཀྱི་བཀའ་ཁྲིམས་ལས་འདའ་ན། སྲོག་ཐོག་གཏོང་ངོ”ཞེས“ཤེས་ཡོན་རྒན་པོས”དེ་སྐད་སྨྲས། ཁོ་ཚོས་རྡོ་བའི་མཚོན་ཆ་བསྣམས།
ཁོ་པ་ལྔ་ལམ་དུ་བཏང་ངོ་།།
ཡབ་མེས་ཀྱི་ཤེས་ཡོན་ལ་རྒོལ་མཁན་དག་ལ་ཐ་ཚིག་སྒྲོག་པའི་དན་རྟགས་སུ། ཁོ་ཚོས་ཁོ་པའི་བེམ་པོ་བྲག་གཡང་དུ་བསྐྱུར།
……
ཕྱིས་སུ། ཡུལ་དེར་ཐན་སྐྱོན་ཆེན་པོ་བྱུང་། “ཤེས་རིག་གི་ཆུ་རྒྱུན’’ཕུ་མགོ་ནས་སྐམ། ནོར་ཕྱུགས་ཐམས་ཅད་སྐོམ་གདུང་གིས་ཤི ཞིང་ས་ཡོད་རྒུ་ཚ་གདུང་གིས་བཅོམ། “ཤེས་རྨོངས་ཀྱི་གྲོག་རོང”སྔ་ན་མེད་པའི་བཀྲེས་ལྟོགས་ཀྱིས་མནར་ཏེ་སྡུག
འོན་ཀྱང་། “ཤེས་ཡོན་རྒན་པོ”ཚོ་ད་དུང་ཡིད་མ་ཆད། ཁོང་ཚོས་ལུང་བསྟན་པ། གསུང་རབ་ལྟར་ན་གང་ཞིང་ཟག་པ་ནི་འདུས་བྱས་ཀྱི་ཆོས་ཉིད་རེད་གསུངས། ཡིན་ཀྱང་། ཁོང་ཚོ་རྒས་ཤིང་འཁོགས་པས་ཁ་ཟས་ཟན་སྒྲིལ་ཙམ་གྱིས་ཀྱང་ཆོག་འདུག
……
དགུན་ཁ་སླེབས་བྱུང་།
གྲོང་སྡེ་ནི་མི་མེད་ཁང་སྟོངས་སུ་འགྱུར་ལ་ཉེ།
སྟབས་ལེགས་སུ་སྲོག་ཐར་བྱུང་བ་རྣམས་ཀྱི་གསོན་རེ་ཉག་གཅིག་ནི་རི་བོའི་ཕ་རོལ་ཏུ་བརྒལ་རྒྱུ་དེ་རེད།
འོན་ཀྱང་། ཡབ་མེས་ཀྱིས་བཀའ་རྒྱ་མཛད་ཡོད་པས།
ཁྲིམས་ལས་འདའ་མཁན་མ་བྱུང་།
……
མཚན་མོ་ཞིག་ལ། དྲག་པོའི་ཟིང་འཁྲུག་ལངས་སོང་།
རེ་ཐག་ཆད་པས་མི་རྣམས་ལ་དཔའ་ངར་སྐྱེས་བྱུང་། ད་ནས་བཟུང་ཁོ་ཚོ་འཇིགས་པ་མེད་ཅིང་ལྷིང་འཇགས་སུ་སྡོད་ཐབས་བྲལ།
“ཤེས་ཡོན་རྒན་པོ”ཚོས་ནུས་མེད་ཀྱི་རྒོལ་གཏམ་གཏོང་།
ཁོང་ཚོར་ཁ་ཡ་བྱེད་མཁན་མ་བྱུང་བས་སྡུག་ཡུས་ཁོ་ན་རྗོད་ཅིང་། བུ་ཚ་རྣམས་ཀྱིས་དྲིན་ལན་ལོག་འཇལ་བྱས་ཞེས་སྨྲེ་སྔགས་འདོན། འོན་ཀྱང་། གྲོང་སྡེ་ནས་ཆེས་མཐའ་མཇུག་གི་ཤིང་རྟ་འཁོར་ལོ་དེ་ཡང་འབྲལ་བར་རྩོམ་པ་ན། ཁོང་ཚོས་སྔུན་བཀག་ནས་ཁོང་ཚོ་འཁྲིད་དགོས་ཞེས་བཙན་ཚུགས་བྱས།
གར་འགྲོ་གཏོལ་མེད་ཀྱི་ཡུལ་བྱོལ་དེ་ལྟར་འགོ་བརྩམས།
……
དེ་ནི“ཡུལ་བྱོལ་པ”ཕྱིར་འབྱོར་བ་ནས་དུས་ཡུན་རིང་པོ་འགོར་བའི་ལོ་ཞིག་རེད། ཁོས་བཏབ་པའི་རི་བོའི་ཕ་རོལ་ཏུ་བགྲོད་སའི་ལམ་རྟགས་རྙེད་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན།
མི་བུ་ཁྲི་སྟོང་མང་པོ་བཀྲེས་སྐོམ་གྱིས་ཤི་ཚར་བའི་མཐར། ད་གཟོད་ལམ་རྟགས་རྙེད་བྱུང་། ཞིབ་ཚགས་གཟབ་ནན་གྱི་ལམ་བུ་གསར་གཏོད་མཁན་དེས། སྟུག་པོའི་ནགས་ཚལ་དང་མུ་མེད་བྱེ་ཐང་གང་ལའང་ལམ་རྟགས་གསལ་པོ་བརྒྱབ་འདུག
དེ་ནས་བཟུང་། བགྲོད་ལམ་དུ་དཀའ་སྡུག་ཅི་ཡང་མེད།
གོམ་པ་རེ་རེ་བཞིན། མི་རྣམས་ཀྱིས་ལམ་རྟགས་དེད་དེ་སྔོ་ལྗང་ཡོངས་སུ་བཀླུབས་པའི་ས་གཞི་གསར་པར་འབྱོར།
མི་རྣམས་སྨྲ་བ་མེད་ཅིང་ཕན་ཚུན་ལ་ཅེར་ཏེ་སྡོད།
“ཁོ་འགྲིག་འདུག ཁོ་ནོར་མེད། ‘ཤེས་ཡོན་རྒན་པོ’ཚོ་གཞི་ནས་འཕྱུགས་འདུག……”
“ཁོས་བཤད་པ་བདེན་འདུག ‘ཤེས་ཡོན་རྒན་པོ’ཚོས་རྫུན་སྨྲ......”
“ཁོ་པའི་བེམ་རོ་བྲག་གཡང་དུ་བསྐྱུར་ནས་ཙག་བསེར་བུའི་ཁྲོད་ནས་དཀའ་སྡུག་མྱོང་མོད། ‘ཤེས་ཡོན་རྒན་པོ’ཚོ་ཤིང་རྟ་ལ་བསྡད་དེ་གནའ་བོའི་སྙན་ཚིག་གྱེར་ཞིང་སྣང་བ་སྐྱིད་པོར་སྡོད……”
“ཁོས་འུ་ཚོ་བསྐྱབས་ནའང་། འུ་ཚོས་དེ་ལས་ལྡོག་སྟེ་ཁོ་བསད་སོང......”
“འུ་ཚོ་མནོང་འགྱོད་སྐྱེ་འོས......”
ཤིང་རྟ་ལས་བབས། ནོར་ལུག་དེད་ནས་རྩྭ་སར་ཕྱིན། ཁོ་ཚོས་ཁང་པ་བརྩིགས་ཤིང་ས་རྒོད་བཏུལ། བདེ་སྐྱིད་ཀྱི་དཔལ་ལ་རོལ་ནས་ཡུན་རིང་འགོར།
……
ལོ་དུ་མའི་རྗེས་སུ། མི་རྣམས་ཀྱིས་དཔའ་མཛངས་ལྡན་པའི་ལམ་བུ་གསར་གཏོད་མཁན་དེ“མཛངས་མི་རྒན་པོ”ཡི་ཕྱིར་དུ་བཞེངས་པའི་ཁང་ཚོམས་སུ་འཇུག་རྒྱུར་ཐག་བཅད།
གཟི་ཉམས་ཆེ་བའི་རུ་དཔུང་དབེན་འཇགས་ཀྱི་གྲོག་རོང་དུ་སྐྱོད། ཁོ་ཚོ་ལམ་བུ་གསར་གཏོད་མཁན་གྱི་བེམ་རོ་བསྐྱུར་སར་འབྱོར་དུས། བེམ་རོ་མཐོང་བ་མིག་ལམ་དུ་མ་གྱུར།
འཕར་སྤྱང་གིས་དྲུད་ཀྱང་སྲིད།
དེ་བས། རི་འདབས་སུ་རྡོ་རིང་ཆུང་ཆུང་ཞིག་བཞེངས། (ད་ལྟ་ས་དེར་མྱུར་བགྲོད་གཞུང་ལམ་ཆེན་པོ་ཞིག་ལས་འདུག)རྡོ་རིང་ངོས་སུ་གསར་གཏོད་མཁན་གྱི་མཚན་བཀོད་ཅིང་། བཀའ་དྲིན་སྙིང་ལ་བཅངས་པའི་ཕྱི་རབས་པ་ཞིག་གིས་བཞེངས་ཚུལ་བྲིས་འདུག
གསར་གཏོད་པ་དེས། ཤེས་རྨོངས་འཇིག་རྟེན་གྱི་སྨག་ནག་གི་འཇིགས་དངངས་ལ་ཐོག་མར་རྒོལ་ཞིང་།
གསར་གཏོད་པ་དེས། མི་རྣམས་བདེ་སྐྱིད་རང་དབང་གི་རྒྱལ་ས་ལ་མངོན་པར་ཁྲིད་དོ།།
……
ང་ཚོས་འདས་ད་མ་འོངས་གང་ལའང་སྐྱོ་གར་མི་འབྱུང་བའི་སྨོན་འདུན་འཆའ་འོ།།
འགྲོ་མིའི་ལོ་རྒྱུས་ལས་རིང་བའི་གཏམ་རྒྱུད་འདི་ནི། ཨ་རིའི་རྩོམ་མཁན་ཧྥན་ལུན་གྱི<<འགྲོ་བ་མིའི་རིགས་ཀྱི་བཅིངས་འགྲོལ>>༡ཞེས་པའི་དཔེ་དེབ་ཀྱི་སྔོན་འགྲོའི་གཏམ་རེད།
ཁོ་བོས་འདི་ནས། ཀློག་པོར་ཤེས་བྱའི་མཁོ་བ་འབད་མེད་དུ་སྦྱིན་ཞོར། ཡིད་ཀྱི་སྤྲོ་བ་ལིང་ལིང་དུ་བསྐྱེད་ཅིང་། བློ་ཡི་དང་བ་བུལ་བུལ་དུ་འདྲེན་ལ། གཏམ་རྒྱུད་ཀྱི་ཆ་ནས་མྱོང་རོལ་བྱེད་ཆོག་ཅིང་། ལོ་རྒྱུས་ཀྱི་ཆ་ནས་གོ་བ་བླངས་ཀྱང་ཆོག་པའི་སྔོན་འགྲོའི་གཏམ་འདི་རྫོགས་པར་དྲངས་དེ་འགོད་པ་ལ་འཆར་སྒོ་འདི་འདྲ་ཡོད་དེ། དང་པོ། འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ལོ་རྒྱུས་མདོ་རུ་དྲིལ་བ་གཏམ་རྒྱུད་ཀྱི་ཚིག་འགྲོས་ལ་དྲངས་ནས་བརྗོད་པས་རྩོམ་ལ་བརྐྱང་བསྐུམ་གྱི་ཁྱད་ཡོན་ལྡན་པ་དང་། གཉིས་པ། བརྗོད་དོན་གང་ཞིག་གཏམ་རྒྱུད་ལ་སྦྱར་ཏེ་བྲིས་པ་བསྟན་ན། བོད་མི་རྣམས་གཏམ་རྒྱུད་ལ་དགའ་བའི་སེམས་ཁམས་དང་མཐུན་པས་ཀློག་པོའོ་ཡིད་ལ་བདེ་བླག་ཏུ་འཇགས་པའི་དགོས་པ་ཡོད་པ། གསུམ་པ། ཁོ་བོ་རྩོམ་ལ་འཇུག་དུས། ཞལ་རྒྱུན་ལུང་གི་མདུད་རྒྱས་བཅིངས་པའི་རྩོམ་ཡིག་གྱོང་པོ་རེངས་པོ་འབྲི་མི་འདོད་པར། རྩོམ་ཐུང་འདི་བཞིན་ཐབས་རྩལ་བདེ་ལྕག་འཁྱུག་པོའི་ཚུལ་ལ་གློ་བ་མཉེས་པ་བཅས། རྩོམ་པོ་དང་། ཀློག་པོ། འདྲེན་པོ་སུམ་ཆ་ནས་ཀྱི་རང་བཞིན་དང་དགོས་མཁོ་གང་ལའང་མི་འགལ་བ་གཞི་བྱས། ལྷག་དོན། འགྲོ་མིའི་ལོ་རྒྱུས་ཀྱི་བདེན་པའི་ཟུར་ཞིག་ཇི་མ་ཇི་བཞིན་བོད་མི་རྣམས་ལ་ངོ་སྤྲོད་དང་སྒྲོག་འདོན་བྱ་བའི་དགོས་པ་ཡོད་པར་གཞིགས་ནས། ད་རེས་བསམ་བཞིན་བསྒྱུར་ཏེ་ཐོག་མར་བཀོད་པས། ཁྱད་མཚར་ལ་མྱོང་རོལ་ཡོད་པ་ཞུ།
གཉིས།
གལ་ཏེ། གཏམ་རྒྱུད་འདི་དུམ་བུ་གཉིས་ལ་བགོས་ཏེ་ཟློས་གར་མི་འདྲ་བ་གཉིས་རྩོམ་པའི་དབང་དུ་བཏང་ན། དུམ་བུ་དང་པོ་དེ་སྐྱོ་གར་ཞིག་དང་། དུམ་བུ་གཉིས་པ་དེ་སྤྲོ་གར་ཞིག་ཡིན་གྱི་རེད།
ཡང་། གཏམ་རྒྱུད་འདི་དུམ་བུ་གཉིས་སུ་བགོས། ཟློས་གར་མི་འདྲ་བ་གཉིས་བརྩམས་ཏེ་སོ་སོ་གང་ལ་གཏོགས་པ་བཤད་དགོས་པའི་དབང་དུ་བཏང་ན། འུ་ཚོ་ཏག་ཏག་ཟློས་གར་དང་པོ་དེར་རང་བཞིན་གྱིས་མི་གཏོགས་སམ།
རྒྱུ་མཚན་ནི། དཀྱེལ་ཡངས་ལ་སྒམ་ཆེ་བའི་བཙན་པོའི་སྙིང་སྟོབས་ཀྱི་ཉི་མ་ནུབ་ཏུ་ཡོལ་བ་ན། སེམས་ཀྱི་སྤྲོས་པ་གཅོད་པའི་རིག་གནས་མ་གཏོགས། ཕྲིན་ལས་མཐའ་དག་གི་རྩ་ལག་སིལ་བ་ནས་སིལ་བུར་འཐོར་ཞིང་། བོད་པ་རྣམས་སླར་ཡང་ཀླ་ཀློའི་དུས་རབས་སུ་ལྡོག་འགྲོས་སུ་བསྐྱོད་དེ། “ཤེས་རྨོངས་གྲོག་རོང”གི་འཇིག་རྟེན་ན་རང་སེམས་རང་གིས་གསོས་ཏེ་སྡོད། “ཤེས་རིག་གི་ཆུ་རྒྱུན”ནམ་འཚོ་གནས་རྒྱུན་ཤེས་ཀྱི་དུས་ཡུན་ཇི་ལྟར་རིང་ནའང་། སྲོལ་རྒྱུན་ཀྱི“ཤེས་ཡོན་རྒན་པོ”ཚོའི་ཐབས་ཤེས་དང་བསྡུར་ན་སྟག་མཆོངས་སར་ཝས་མི་སླེབས་པའི་ཚུལ་དུ་འདུག དུས་ནམ་ཞིག་ནས“ཤེས་ཡོན་རྒན་པོ”ཚོས་བསམ་གཞིག་ཡོད་ཚད་ཀྱི་ཁ་ལོ་རང་སེམས་ལ་བསྒྱུར་ཅིང་། མུན་ནག་གི་གྲུ་ཟུར་སོ་སོ་ན་གཟུངས་སྔགས་ཐར་ཐོར་རེ་ཟློ་བཞིན་བུ་རབས་ཚ་རྒྱུད་རྣམས་ཀྱི་བློ་རིག་དང་དཔའ་ངར་ཀུན་ལ་འབུར་འཇོམས་ཡང་ཡང་གཏོང་བཞིན་མཆིས། “ཤེས་རྨོངས་གྲོག་རོང”གི་འཇིག་རྟེན་མཐའ་འཁོབ་ཅིང་། “ཤེས་ཡོན་རྒན་པོ”ཚོའི་འཇུག་ལྡོག་མཐུ་བཙན་པའི་རི་ཚོགས་ཀྱི་མྱ་ངན་ཐང་དུ། འཚོ་གནས་ལ་དུངས་ཤིང་མི་ཡུལ་ལ་དགའ་བའི“དོགས་སློང་པ་དང་གསར་གཏོད་པ”རྣམས་ཇི་འདྲའི་དཔའ་ངར་ཆེ་ཞིང་སྙིང་རུས་ལྡན་པ་ན་ཡང་། མཇུག་མཐར། འདྲི་གཅོད་ཚ་ནན་གྱི་རྡོག་ཕྲེས་རི་བཞིན་ཁུར་ཏེ་མཚར་སྡུག་གི་རྨི་ལམ་དང་ལྷན་དུ་གཡང་གཟར་གྱི་བྲག་ལ་མི་ལྕེབས་ཐུ་མེད་ཡིན་སོང་།
ཇི་འདྲའི་ཡིད་སྐྱོ་ཞིང་ཞེ་མུག་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་གསོན་པོ་ཞིག་རེད་ཨང་། འདི་ནི་རི་ཚོགས་ཀྱི་ཕ་ས་འདིའི་ད་ལྟའི་རང་གཟུགས་མ་ཡིན་ནམ།
འོ། བསམ་ཞིང་བསམ་ན་གཏམ་རྒྱུད་འདི་འུ་ཚོར་བལྟས་ཏེ་བྲིས་པ་འདྲ། སྟབས་ལེགས་པ་ཞིག་ལ། གཏམ་རྒྱུད་འདི་དུམ་བུ་གཉིས་སུ་བཅད་མི་ཆོག་པའི་ཟློས་གར་གཅིག་ཡིན་སོང་།
དགའ་འོས་པ་ཞིག་ལ། གཏམ་རྒྱུད་ད་དུང་བཤད་མ་ཚར། གཏམ་རྒྱུད་ད་ལྟ་འགོ་བརྩམས་མ་ཐག་རེད།
གཏམ་རྒྱུད་ཀྱི་མཚར་སྡུག་རྗེས་ན་ཡོད།
གསུམ།
གཏམ་རྒྱུད་ད་དུང་མ་མཇུག་མ་གྲིལ།
གཏམ་རྒྱུད་དེ་དུམ་བུར་གཅོད་མི་རུང་བའི་ཟློས་གར་གཅིག་རེད། མི་ཡུལ་གྱི་གཏམ་རྒྱུད་ཡོད་རྒུ་སྐྱོ་གར་དང་སྤྲོ་གར་རེས་མོས་སུ་འཁོར་ཏེ་འཁྲབ་ཅིང་། གཏམ་རྒྱུད་ཀྱི་མཇུག་གང་ཡང་སྤྲོ་གར་གྱིས་བསྡུས་ཏེ་འགྲོ། སྐྱོ་གར་འདྲེས་མའི་སྤྲོ་གར་གྱི་འགུག་ཤུགས་ནི། ཆེས་མཐའ་མཇུག་གི་རེ་བས་ཁེངས་པའི“རྩྭ་ཐང”དེ་རེད།
“རྩྭ་ཐང”དེ་མི་ཡུལ་གྱི་མཚར་སྡུག་ཡོངས་སུ་རྫོགས་པའི“དག་ཞིང”རེད་ལ། “རྩྭ་ཐང”དེ་འཇིག་རྟེན་དུ་འཚོལ་ཞིང་སྙེག་པའི “ཤམྦྷ་ལ”ཡང་རེད།
“རྩྭ་ཐང”དེའི་ཕྱིར་དུ། འགྲོ་བ་མི་རྣམས་དོགས་སློང་གིས་ཁེངས། རྒྱབ་འགལ་དུ་སོང་། འཐབ་རྩོད་དུ་ཞུགས། གདོང་གཏུག་ཇི་སྙེད་བརྒྱབ།
……
ཁོ་ཚོའི་འཚོ་བ་འགལ་འདུས་གྲུབ། འགལ་འདུའི་རྐྱེན་ལས་འཐབ་རྩོད་བྱུང་།
འགལ་འདུ__འཐབ་རྩོད__འགལ་འདུ__འཐབ་རྩོད
……
ངེས་ཅན་དུ་འབྱུང་བའི་འཐབ་རྩོད་རྣམས་ནི། ཁོ་ཚོའི་སྤྲོས་པ་མ་བཅད་པའི་ཚོར་ཤེས་སྣ་དགུའི་དགོས་མཁོ་སྐོང་ཕྱིར་རེད།
འགལ་འདུ་རེ་རེ་ནི་ངོ་མཚར་གྱི་གཏམ་རྒྱུད་རེ་རེ་རེད་ལ། འགལ་འདུ་ཡོད་ཚད་ནི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཡོད་ཚད་ཀྱང་རེད།
མི་ཡུལ་དུ། རླབས་ཆེན་གྱི་མཛེས་པ་མཐའ་དག་འགལ་འདུའི་གདོང་གཏུག་གིས་བསྟན་ཅིང་། ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་རེ་འགལ་འདུའི་འཐད་རྩོད་ཀྱིས་བཟོས།
……
ལོ་རྒྱུས་ནི་འཚོ་གནས་རྩོད་གཞིར་བཞག་པའི་ཤེས་རྟོགས་ཀྱི་འགལ་འདུ་ཞིག་དང་།
གཏམ་རྒྱུད་ནི་འཚོ་གནས་རྩོད་གཞིར་བཞག་པའི་ཕུགས་བསམ་གྱི་འགྲན་རྩོད་ཅིག་རེད།
བཞི།
འགྲོ་བ་མི་རྣམས། “མཛེས་སྡུག་རྩྭ་ཐང”གི་ཕྱིར་དུ། “ཤེས་རྨོངས་གྲོག་རོང”མི་འདོད་བཞིན་བསྐྱུར་ནས“རི་བོའི”ཕ་རོལ་ཏུ་ཅིས་ཀྱང་བརྒལ་དགོས་ལ། འགྲོ་བ་མི་རྣམས། འཇིག་རྟེན་འདིའི་ཕུན་ཚོགས་ཀྱི་ཕྱིར་དུ། སྔོན་གོམས་ཀྱི་རིག་གནས་ཡོད་ཚད་ལ་རྒྱབ་འགལ་བྱས་ཏེ་མ་འོངས་པའི་མདུན་ལྗོངས་བསུ་བའི་ལམ་དུ་ཅིས་ཀྱང་འཇུག་དགོས། ཅིས་ཀྱང་བརྒྱུད་དགོས་པའི་རིམ་པ་དེར། “གསར་གཏོད་པ”ཅིས་ཀྱང་འབྱོན་དགོས་ལ། “ཤེས་ཡོན་རྒན་པོ”ཚོ་ཡང་ཅིས་ཀྱང་འཚོ་བཞུགས་གནང་དགོས།
ཡོད་ཚད་འཚོ་གནས་ཀྱི་ཕྱིར་དུ།
……
གཏམ་རྒྱུད་དེར་ལོ་རྒྱུས་ཀྱི་མཐོ་ས་ནས་ལྟ་དགོས།
འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནི་འཐབ་རྩོད་ཀྱི་ལོ་རྒྱུས་ཤིག་རེད། འཐབ་རྩོད་ཀྱི་ལོ་རྒྱུས་དེ་ཡང་མདོར་བསྡུས་ན“གསར་གཏོད་པ”དང“ཤེས་ཡོན་རྒན་པོ”བར་གྱི་བསམ་བློའི་འཐབ་རྩོད་ཅིག་རེད།
“གསར་གཏོད་པ”ཡིས་འཚོ་གནས་ཀྱི་བསམ་བློ་གསར་པ་མཚོན་ཞིང་། “ཤེས་ཡོན་རྒན་པོ”ཡིས་འཚོ་གནས་ཀྱི་བསམ་བློ་རྙིང་པ་མཚོན།
བསམ་བློ་དང་བསམ་བློ་བར་གྱི་འཐབ་རྩོད་ནི་འགྲོ་བ་མིའི་རིགས་ཀྱིས་བསྐལ་པའི་བར་དུ་རྒྱུན་སྲིང་དགོས་ཚོད་རེད།
ཀློག་པོ་ཁྱེད་ཀྱིས། གཏམ་རྒྱུད་དེ་གཏམ་རྒྱུད་ཀྱི་ཚད་དུ་བཀླགས་ནས་བསྐྱུར་ན། ཁྱེད་རང་ནོར་འདུག་ཅེས་ངས་སྨྲ།
“གསར་བུ”དེ་འཚོ་གནས་ཀྱི་བསམ་བློ་གསར་པ་མཚོན་བྱེད་དང་། རྒན་པོ་དེ་འཚོ་གནས་ཀྱི་བསམ་བློ་རྙིང་པ་མཚོན་བྱེད་ཡིན་ཕྱིར། ཅིས་ཀྱང་བརྒྱུད་དགོས་པའི་རིམ་པ་དེའི་ཁྲོད་དུ། དེ་གཉིས་སྐྱེ་བོ་ཡོད་དོ་ཅོག་གི་སེམས་ཁོང་ན་ཡོད་པའི་བསམ་བློ་དང་བསམ་བློ་བར་གྱི་འགལ་འདུ་ཞིག་ཏུ་ངོས་འཛིན་པ་ལས། མི་བུ་རང་མཚན་པ་རེར་ཐག་བཅད་དེ་ལྟ་ན། ཁྱེད་ཉིད་དེ་བས་ཀྱང་འཕྱུགས་སོང་ཞེས་ངས་སྨྲ།
མི་བུ་རང་མཚན་པ་རེ་རེ“གསར་བུ”རེད་ལ“རྒན་པོ”ཡང་རེད།
མི་བུ་རང་མཚན་པ་རེ་རེ“གསར་གཏོད་པ”རེད་ལ“ཤེས་ཡོན་རྒན་པོ”ཡང་རེད། མི་བུ་རང་མཚན་པ་རེ་རེ་རྩོད་སྒྲུབ་ཀྱིས་གཅིག་རེད་ལ་འགལ་འདུ་ཡིས་ཐ་དད་ཀྱང་རེད།
མི་བུ་རང་མཚན་པ་རེ་རེར་བསམ་བློ་གསར་པ་ཡོད་ལ་བསམ་བློ་རྙིང་པའང་ཡོད།
མི་བུ་རང་མཚན་པ་རེ་རེའི་སེམས་ཁོང་ན་བསམ་བློ་གསར་རྙིང་གཉིས་ནམ་ཡང་འཐབ་རྩོད་བྱེད་ཅིང་མཆིས།
གཅིག་ན་རེ། “ང་ནི‘གསར་གཏོད་པ’རྐྱང་ཡིན། གཞན་དེ་ནི‘ཤེས་ཡོན་རྒན་པོ’རྐྱང་རེད”ཅེས་དང་། ཡང་གཅིག་ན་རེ། “ང་ནི‘ཤེས་རིག་རྒན་པོ’རྐྱང་ཡིན། གཞན་དེ་ནི‘གསར་གཏོད་པ’རྐྱང་རེད”ཅེས་གྲིས་གཏུབས་པ་ལྟར་སླ་བཅོས་སུ་འགེར་རྒྱུ་ག་ལ་ཡོད། འཚོ་གནས་འདོད་པའི་གསར་རྙིང་གི་བསམ་བློ་གང་ཡང་བློ་སྟོབས་ཀྱི་ཆེ་ཆུང་ཙམ་མ་གཏོགས་སོ་སོའི་སེམས་ན་འདྲེས་ནས་འདུག མི་ཡུལ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་“རྩྭ་ཐང”དེར་སླེབས་འདོད་པས་ནི། ཅིས་ཀྱང་རང་སེམས་ཀྱི“རྒན་པོ”དོར་ནས“གསར་བུ”ལ་ཁས་ལེན་དང་བདེན་ཁ་སྟེར་བ་མ་ཡིན་ནམ།
འཚོ་གནས__“བདག”གི་དགོས་མཁོ། འཇིག་རྟེན་གྱི་བདེན་པ། གོ་ཐང་དེ་འཐོབ་ཕྱིར། “གསར་གཏོད་པ”ནམ་ཡང་ཁ་མདུན་ལ་ཕྱོགས་ཡོད་ཅིང་། “ཤེས་ཡོན་རྒན་པོ”ཚོ་ནམ་ཡང་ཁ་ཕྱིར་བསྟན་འདུག
འཚོ་གནས__“བདག”གི་མངོན་སྟངས། འཇིག་རྟེན་པའི་ཐེག་པ། འཚོལ་སྙེག་དེ་མངོན་དུ་འགྱུར་ཕྱིར། “གསར་གཏོད་པའི”སྤྱན་མིག་ནམ་ཡང་སྔོན་ལ་གཏད་ཡོད་ཅིང་། “ཤེས་ཡོན་རྒན་པོ”ཚོའི་ཞབས་ཟུང་ནམ་ཡང་རང་སོར་སྡོད།
ཅིས་ཀྱང་། “ཤེས་ཡོན་རྒན་པོ”ཚོ་སྨྲེ་སྔགས་ཀྱི་འདོན་པ་མཇུག་རྫོགས་པ་ན། ག་ལེ་ག་ལེར“གསར་གཏོད་པའི”ལམ་དུ་འུ་ཐུག་གིས་ཞུགས་སོང་།
འདི་ཡང་སྤྲོ་གར་གྱིས་མཇུག་བསྡུས།
ཡིན་ཀྱང་། བསམ་བློ་དང་བསམ་བློ་བར་གྱི་འཐབ་རྩོད་དེ་ནམ་ཡང་རྒྱུན་ཆད་པ་མེད།
……
ཡང་བསྐྱར་ཞུ་རྒྱུ་ལ། ཆོས་གཞུང་དུ། སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་ཕྱེ། སོ་སོས་རང་རང་སྐབས་སུ་གང་བབ་ལས་ཆོས་ཀྱི་བློ་སྦྱོང་། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དེ་ཡང་མི་བུ་གཅིག་གི་མྱོང་རྟོགས་ཀྱི་ལམ་ནས་ཉམས་སུ་ལེན་དགོས་པའི་བཤད་ཚུལ་ལྟར། འཇིག་རྟེན་པ་ལ་ཡང་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་དབྱེ། རང་སོ་སོ་སྐབས་སུ་གང་བབ་ལྟར“བདག”གི་དོན་ལ་དཔྱོད་ཤེས་ཀྱིས་ཞུགས། འཇིག་རྟེན་པའི་བདེན་པ་མཐར་ཐུག་སྟེ་འཚོ་གནས་ཀྱི་བདེ་སྐྱིད་ལྷུར་ལེན་པའི་སྐབས་ཀྱི་བསམ་བློ་གསར་རྙིང་གི་རིམ་པ་གང་ཡང་རང་གི་མི་ཚེ་གཅིག་གི་གོ་རྟོགས་དམན་ས་ནས་མཐོ་སར་བགྲོད་པའི་བསམ་གཞིག་གི་འཆར་སྒོ་ཏོག་ཙམ་སྐྱེ་བའི་རྒྱུ་རུ་འགྱུར་སྲིད་ཚེ། སྐབས་དེར་ནི་ཁོ་བོས་རྩོམ་ཐུང་འདི་དྲངས་པའི་དགོས་པ་ཡོངས་སུ་རྟོགས་འོང་ལ། སྐབས་དེར་ནི་འུ་ཚོའི་རེ་བ་མཐའ་དག་ཀྱང་མངོན་དུ་འགྱུར་བའི་སྟ་གོན་བྱས་འོང་གི་རེད།
ཞོར་ལ།
འཚོ་གནས་ཀྱི་སྲོག་རྩ་དེ“བདག”ཡིན་པའང་བརྗེད་དུ་མ་འཇུག་ཅིག
ལྔ།
གང་ལྟར་ཀྱང་།
གཏམ་རྒྱུད་ད་དུང་བཤད་མ་ཚར། གཏམ་རྒྱུད་ད་ལྟ་འགོ་བརྩམས་མ་ཐག་རེད། གཏམ་རྒྱུད་ཀྱི་མཚར་སྡུག་རྗེས་ན་ཡོད། གཏམ་རྒྱུད་ནམ་ཡང་མཇུག་རྫོགས་མི་སྲིད། མུ་མེད་པའི་སྔོ་ལྗང་གི“རྩྭ་ཐང”དེའི་ཕྱིར་དུ། འགྲོ་བ་མི་རྣམས་ཀྱིས་སྐྱོ་གར་འདྲེས་མའི་སྤྲོ་གར་ཡང་ནས་ཡང་དུ་འཁྲབ་བཞིན་འདུག་ལ། ང་ཚོས་ཀྱང་དཀའ་སྡུག་གི་གཏམ་རྒྱུད་ཡུན་ནས་ཡུན་དུ་བཤད་དགོས་པ“བདག”གི་མངོན་སྟོབས་ཀྱིས་གཞི་ནས་ཐག་བཅད་དེ་འདུག
ང་ཚོས། “བདག”ཉིད་ཀུན་ལས་རྒྱལ་བའི་བསམ་འདུན་གྱི་རི་མོ་འཇིག་རྟེན་ནས་འབྲི།
ང་ཚོས། “བདག”གི་ཡོད་ཚད་འབུལ་བའི་རིན་ཐང་གི་ལྟད་མོ་མི་ཡུལ་ནས་སྟོན།
ཡོངས་རྫོགས“བདག”གི་ཕྱིར་དུ། ང་ཚོས།
སྤྲོ་གར་གྱི་དབུ་སྒོ་སྐྱོ་གར་གྱིས་བརྩམས་ཏེ་རི་ཚོགས་ཀྱི་ཕ་ས་ནས་ད་དུང་མུ་མཐུད་དུ་གཏམ་རྒྱུད་བཤད།
ཅེས་པའི་སྲོག་ལ་བབས་ཀྱང་། ……
ཁྱོད་ཀྱིས་བཤད་པ་དེ་དག་ནི་མི་རིགས་ཞིག་གི་ཆེད་དུ་སྤེ་བ་ཡིན་དུས་དེ་དོན་མེད་དུ་འཇོག་ག་ལ་རུང་དེས་ན་ངས་རྗེས་སུ་ཡང་བལྟ་ཆོག།