Jump to content

བག་ཅན་

ཡོང་ཁུངས་Wikipedia

བག་ཅན་ཞེས་པ་ནི་ནན་ཏན་དང་གཟབ་རྒྱས་ལྡན་པ། འཇུག་དང་ལྡོག་གི་གནས་ལ་ཤེས་བཞིན་ཉིད་དུ་རབ་ཏུ་གཞོལ་ཞིང་། སྡིག་པའི་རྒྱུ་ལ་སྐྲག་པ་དང་དགེ་བའི་འབྲས་བུ་ལ་མོས་པ། ལྷག་པར་བྱང་ཆུབ་ཀྱི་སེམས་ལྟ་བུའི་ཕན་ཡོན་ཆེ་ལ་སྒྲུབ་བདེའི་ཆོས་ལ་བརྟེན་འདོད་ཅིང་ཞེས་རྒྱུ་མཚན་མ་འདྲེས་པར་སེམས་པའི་བག་ཡོད་པ་ཅན་གྱི་གང་ཟག་ལ་གོ།

ནང་དོན།

[རྩོམ་སྒྲིག]

འཇུག་ལྡོག་གི་གནས་ལ་གཟབ་རྒྱས་ལྡན་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ་དེ་ལ་བླང་དོར་ལ་བཟོད་པ་ལྷུར་ལེན་པའི་བག་ཅན་རྣམས་[]ཞེས་གསུངས་པ་ལྟར། འཇུག་པར་བྱ་བ་དང་ལྡོག་པར་བྱ་བའི་གནས་ལ་ཚུལ་བཞིན་ཤེས་ཤིང་དེ་དག་ལ་གཞོལ་བའི་ནུས་པ་ལྡན་པ་རྣམས་ལ་ཟེར།

སྡིག་པ་ལ་སྐྲག་པ་དང་དགེ་བ་ལ་མོས་པ། "སྡིག་པ་ལ་སྐྲག་ཅིང་བག་ཡོད་པ་ཅན་རྣམས་ཀྱིས་ཅིས་མི་བརྟེན་ཏེ་ཤིན་ཏུ་བརྟེན་པར་རིགས་སོ། །"[]ཞེས་བཤད་པ་ལྟར། སྡིག་པ་དང་དེའི་འབྲས་བུའི་ངན་འགྲོའི་སྡུག་བསྔལ་ལ་སྐྲག་ཅིང་འཇིགས་པ་དང་ལྡན་པའི་གང་ཟག་རྣམས་ལ་ཟེར།

ཕན་ཡོན་ཆེ་ལ་བརྟེན་འདོད་པ། "བག་ཡོད་པ་ཅན་རྣམས་ཀྱིས་ཅིས་མི་བསྟེན་ཏེ་བསྟེན་པར་རིགས་ཏེ།"[] ཞེས་གསུངས་པ་ལྟར་ན། བྱང་ཆུབ་ཀྱི་སེམས་ལྟ་བུའི་ཕན་ཡོན་ཆེ་ལ་སྒྲུབ་བདེའི་ཆོས་ལ་བརྟེན་འདོད་ཅིང་དེའི་རྒྱུ་མཚན་ཤེས་པ་རྣམས་ལ་ཟེར།

དཔེ་མཚོན།

[རྩོམ་སྒྲིག]

བག་ཅན་གྱི་དཔེ་མཚོན་དུ་"མི་ཤེས་པའི་སེམས་ཅན་ཤེས་རབ་དང་བྲལ་བ་རྨོངས་པའི་འགྲོ་བ་རྣམས་ཀྱིས་ཅི་ལྟར་ན་མི་བརྟེན་ཅིང་རྟེན་པར་མི་བྱེད་ཅེས་བྱ་བའི་དོན་ཏེ་དེ་ལ་བརྟེན་པར་བྱ་བ་ཉིད་ཡིན་ནོ་སྙམ་དུ་དགོངས་པ་"[]ཞེས་གསུངས་པ་ལྟར། རྨོངས་པ་རྣམས་དང་ལྡོག་སྟེ་ཤེས་རབ་དང་ལྡན་པའི་མཁས་པ་རྣམས་ནི་བག་ཅན་གྱི་དཔེ་ཡིན།

འདུ་ཤེས་ཀྱི་སྒོ་ནས་འགྲེལ་པ།

[རྩོམ་སྒྲིག]

བག་ཅན་ཞེས་པ་ནི་ལྷག་པར་བྱང་ཆུབ་ཀྱི་སེམས་ལྟ་བུའི་གཉེན་པོ་ཁྱད་པར་ཅན་གྱི་ཕན་ཡོན་ཡང་རིག་ཅིང་། སྡིག་པ་སྔར་བྱས་པའི་འབྲས་བུ་ངན་འགྲོའི་སྡུག་བསྔལ་ལའང་ཚོར་བ་གཟུགས་པོ་ལ་འཕེད་པ་ལྟ་བུའི་སྐྲག་སྣང་འབྱུང་བ། དེས་ན་གཉེན་པོ་བཟང་པོ་འདི་ལ་བརྟེན་དགོས་ཞེས་སེམས་ཤིང་ནན་ཏན་གྱིས་འཇུག་པ་རྣམས་ལ་ཟེར།

གསུང་རབ་ཀྱི་ལུང་སྒྲུབ།

[རྩོམ་སྒྲིག]

"བློ་གྲོས་མི་ཟད་པས་བསྟན་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་དཔའ་བོ་ལ་བརྟེན་པ་ནི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བརྟེན་པའི་བྱང་ཆུབ་སེམས་དཔའ་ཡང་ཉེས་པར་སྤྱོད་པའི་དགྲ་ཐམས་ཅད་ཀྱིས་འཇིགས་སོ། །ཞེས་གསུངས་པ་ལྟར། བག་ཅན་རྣམས་ཀྱིས་འདི་ལྟ་བུའི་མཐུ་ཆེ་བའི་གཉེན་པོ་ལ་བརྟེན་དགོས་ཞེས་པའི་དོན་ནོ། །

"སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་དཀར་པོའི་ཆོས་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་ བརྟན་པས་ས་ལྟ་བུའོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་བསྲུང་བས་ཕ་ལྟ་བུའོ། །"ཞེས་བྱ་བའི་བར་དུ་རྒྱ་ཆེར་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དཔག་ཏུ་མེད་པ་རྣམས་ཡང་དག་པར་ཤེས་པའི་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན་ཞེས་པའི་དོན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
"https://bo.wikipedia.org/w/index.php?title=བག་ཅན་&oldid=149206"ལས་སླར་རྙེད་སོང།